རྒྱ་གཞུང་གིས་ཆབ་སྲིད་ཀྱི་ཉེས་མིང་འོག་ལོ་ ༡༥ བཙོན་འཇུག་ཁྲིམས་ཐག་བཅད་དེ། ལྷ་སའི་ཆུ་ཤུར་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པའི་བོད་མི་བསྟན་འཛིན་ཆོས་གྲགས་ལགས། བཙོན་འོག་ཏུ་འདས་པའི་ལོ་ ༦ ལྷག་རིང་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་སྟེ་གསོན་ཐབས་མེད་པ་བཟོས་རྗེས། བཙོན་འོག་འདས་གྲོངས་ཕྱིན་པའི་ནག་ཉེས་ལས་གཡོལ་ཐབས་སུ། ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཕྱིར་ནང་རྩིས་སྤྲོད་བྱས་ཡོད་ཀྱང་། ཕྱི་ཚེས་ ༥ ཉིན་གྱི་བོད་ནང་ཆུ་ཚོད་ ༡ ཙམ་འདས་གྲོངས་ཕྱིན་ཡོད་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་བྱོར་དོན། ༢༠༠༨ ལོའི་ཕྱི་ཟླ་ ༣ ཚེས་ ༡༤ གྱི་ལྷ་སའི་ངོ་རྒོལ་ཁྲོད་མཉམ་ཞུགས་གནང་མཁན་གཙོ་བོ་ཡིན་པའི་ཉེས་མིང་འོག ལོ་ ༡༥ དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་དེ་ལྷ་ས་ཆུ་ཤུར་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པའི། རང་ལོ་ ༣༣ ཡིན་པའི་ཆབ་སྲིད་བཙོན་པ་བསྟན་འཛིན་ཆོས་གྲགས་ལགས། བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བཏང་བའི་རྐྱེན་གྱིས་གཟུགས་པོའི་གནས་སྟངས་ཛ་དྲག་ཆགས་ཏེ། ཉེ་བའི་ཟླ་གཅིག་གི་སྔོན་ཙམ་ལ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ཟེར་བའི་ནང་བསྐྱལ་ཡོད་འདུག
སྐབས་དེ་དུས་བསྟན་འཛིན་ཆོས་ལགས་ཀྱི་གཟུགས་པོ་སྐམ་རིད་དུ་གྱུར་ཏེ་ཤ་མདོགས་ནག་པོ་ཆགས་པ་དང་། ཡར་མར་འགྲོ་བསྐྱོད་མི་ཐུབ་པར་གཅུན་སྐྱག་ཡང་མལ་ཁྲིའི་སྟེང་འདོར་དགོས་ཆགས་ཡོད་པ་མ་ཟད། ཁ་ནས་ཁྲག་ནག་པོ་སྐྱུག་པ་དང་དྲན་ཤེས་ཉམས་སྟེ་མི་ངོ་མི་ཟིན་པར་གྱུར་ཡོད་ནའང་། སྨན་བཅོས་སྐབས་ཀྱང་ཁོང་ལ་སྔར་བཞིན་རྐང་ལྕགས་བརྒྱབ་ཡོད་པ་མ་ཟད། བཙོན་སྲུང་བ་མི་བཞིས་སྐོར་སྲུང་ལྟ་རྟོགས་འོག་ཡོད་འདུག
རྗེས་སུ་སྨན་པས་བརྟག་དཔྱད་བརྒྱུད་ཁོང་རང་གསོན་ཐབས་བྲལ་བའི་གནས་ཚུལ་བརྗོད་པར་བརྟེན། རྒྱ་གཞུང་འབྲེལ་ཡོད་མི་སྣས་ཁོང་གི་ནང་མིར་སྐད་བཏང་ཡོད་འདུག སྐབས་དེར་ནང་མིའི་ངོས་ནས་བསྟན་འཛིན་ཆོས་གྲགས་ལགས་དེ་སྔོན་འཇུ་བཟུང་སྐབས་གཟུགས་པོ་ཐང་པོ་ཡིན་པ་དང་། ད་ལྟ་བཙོན་འོག་ནས་གཟུགས་པོའི་གནས་སྟངས་འདི་འདྲ་ཆགས་པའི་སྐོར་རྩོད་པ་བྱས་པར་བརྟེན་ནས་སྨན་ཁང་གཞན་ཞིག་ཏུ་སྤོར་ཡོད་ཀྱང་། དེ་གའི་སྨན་པས་ཀྱང་ཁོང་ཉིད་གསོན་རེ་མེད་པའི་ངོས་འཛིན་བྱས་ཡོད་འདུག
དེ་བཞིན། ཁོང་གི་ནང་མིས་བསྟན་འཛིན་ཆོས་གྲགས་ལགས་ཕྱིར་ནང་མིར་རྩིས་སྤྲོད་ཡོང་བའི་རེ་འདུན་བཏོན་ཀྱང་། བཙོན་སྲུང་ཉེན་རྟོག་པ་དེ་དག་གིས་ཁོ་ཚོར་དེའི་དབང་ཆ་མེད་པས། འབྲེལ་ཡོད་སྡེ་ཁག་ལ་སྙན་ཞུ་འབུལ་དགོས་སྐོར་བརྗོད་པ་ལྟར། སྡེ་བའི་གྲོང་སྡེ་ལྷན་ཁང་གིས་རྒྱབ་སྐྱོར་ཁག་ལེན་འོག ནང་མིས་ངོས་ནས་སྙན་ཞུ་རེ་སྐུལ་བྱས་མཐར། ཕྱི་ཟླ་ ༡༢ ཚེས་ ༢ ཉིན་ནང་མིར་རྩིས་སྤྲོད་བྱས་ཡོད་འདུག དེ་རྗེས་ནང་མིའི་ངོས་ནས་སྨན་རྩིས་ཁང་དུ་སྨན་བཅོས་བསྟེན་གཏུགས་བྱས་ཡོད་ཀྱང་། ཕན་ཐོགས་མ་བྱུང་བར་ཕྱི་ཚེས་ ༥ ཉིན་གྱི་བོད་ནང་ཆུ་ཚོད་ ༡ ཡས་མས་ཙམ་ལ་འདས་གྲོངས་ཕྱིན་འདུག
གཞན་ཡང་། བཙོན་འོག་ཏུ་ཡུན་རིང་བསྟན་འཛིན་ཆོས་གྲགས་ལགས་ལ་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་བཏང་བར་བརྟེན་ནས། ཁོང་གི་གཟུགས་པོར་གཅོང་ནད་བཟོས་དང་ཀླད་པར་སྐྱོན་ཤོར་ཡོད་པ་རེད། ལོ་སྔོན་མའི་ཕྱི་ཟླ་ ༧ པའི་ནང་གཅར་རྡུང་འོག་ཁོང་གི་མིག་ལ་སྐྱོན་ཞུགས་ཏེ་མི་མཐོང་པ་ཆགས་པར་རྟེན། སྨན་ཁང་ཞིག་ནང་མིག་གཤགས་བཅོས་བྱེད་དགོས་བྱུང་ཡོད་པ་རེད།
རྒྱ་གཞུང་གིས་བོད་ནང་བཙོན་འོག་སྡུག་སྦྱོང་མནར་གཅོད་འོག བོད་མི་བཙོན་པ་མང་པོ་འདས་གྲོངས་གཏོང་བཞིན་པའི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཐད། འདི་ག་ལྟེ་གནས་ཁང་གི་ངོས་ནས་སྐྱོན་བརྗོད་དྲག་པོ་བྱེད་ཀྱིན་ཡོད་པ་མ་ཟད། རྒྱ་གཞུང་གིས་བཙོན་འོག་འདས་གྲོངས་ཕྱི་པའི་བོད་མི་བཙོན་པའི་དག་གི་ཐད་ལ་ཞིབ་འཇུག་དགོས་པའི་རེ་སྐུལ་བྱེད་བཞིན་ཡོད།
བསྟན་འཛིན་ཆོས་གྲགས་ལགས་རྒྱ་གཞུང་གིས་འཇུ་བཟུང་བཙོན་འཇུག་བྱས་པའི་ཐད། དེ་སྔོན་འདི་ག་ལྟེ་གནས་ཁང་གིས་སྐབས་བསྟུན་གནས་ཚུལ་སྤེལ་ཡོད་པ་ལྟར། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༤ ཉིན་གྱི་ལྷ་སའི་ཞི་རྒོལ་ནང་མཉམ་ཞུགས་གནང་མཁན་གཙོ་བོའི་གྲས་སུ་ངོས་འཛིན་གྱིས། ལོ་དེའི་ཕྱི་ཟླ་ ༤ པའི་ནང་ས་གནས་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་ཏེ། གཅར་རྡུང་འདྲི་གཅོད་ཚ་ནན་བྱས་མཐར། ལོ་དེའི་ཕྱི་ཟླ་ ༩ པའི་ནང་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ཁོང་ལ་ཆབ་སྲིད་ཀྱི་ཉེས་མིང་སྣ་ཚོགས་བཀལ་ཏེ། ལོ་ ༡༥ དུས་བཀག་བཙོན་འཇུག་ཁྲིམས་ཐག་དང་རྒྱ་སྒོར་ཁྲི་གཅིག་གི་ཆད་པ་བཅད་དེ། ལྷ་ས་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད།
བསྟན་འཛིན་ཆོས་གྲགས་སམ་བསྟན་བཅོས་ལགས་ནི། ༡༩༨༡ ཟླ་ ༡༠ པའི་ནང་ལྷ་ས་གྲོང་ཁྱེར་བྱང་ཕྱོགས་གྲོང་ལྷན་རྒྱ་འབུམ་སྒང་ཁོངས་སུ་སྐྱེས་པ་དང་། ཕའི་མིང་མཁས་གྲུབ་དང་མའི་མིང་པ་སངས་ཞུ་བ་དང་། ཁོང་ཕྱི་ལོ་ ༡༩༩༠ ལོར་རྒྱ་གར་དུ་འབྱོར་ཏེ་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཁོངས་སུ་འཛིན་རིམ་བཅུ་པ་བར་སློབ་གཉེར་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༠༥ ལོར་བོད་དུ་ཕྱིར་ལོག་གིས་ཡོ་རོབ་ཁུལ་འབྲེལ་བ་ཡོད་པའི་རྒྱ་གྲམ་དམར་པོའི་ཚོགས་པ་ཞིག་གི་ནང་སྤྱི་ཚོགས་ཞབས་ཞུའི་ལས་ཀ་བྱས་ཡོད་འདུག ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ཞི་བའི་ངོལ་རྒོལ་བྱུང་རྗེས། བསྟན་འཛིན་ཆོས་གྲགས་ལགས་ལྷ་སའི་ཞི་རྒོལ་ནང་གཙོ་བོ་སྣེ་ཁྲིད་བྱ་མཁན་གྱི་གྲས་སུ་བརྩིས་ཏེ་ལོ་ ༡༥ བཙོན་འཇུག་ཁྲིམས་ཐག་བཅད་རྗེས། བཙོན་འོག་མི་སྤྱོད་ལས་འདས་པའི་སྡུག་སྦྱོར་མནར་གཅོད་བཏང་བར་བརྟེན་ནས། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༥ ཉིན་འདས་གྲོངས་ཕྱིན་ཡོད་པ་རེད།
བསྟན་ཆོས་ལགས་ཀྱི་ཕ་མཁས་འགྲུབ་ལགས་ཀྱང་། རྒྱ་གཞུང་གིས་ཆབ་སྲིད་ཉེས་མིང་འོག་ལྟ་རྟོགས་སུན་གཙེར་སྣ་ཚོགས་བཟོས་པར་བརྟེན་ནས། བོད་ནང་གནས་མ་ཐུབ་པར་ལོ་ངོ་༢༠ ཡར་སྔོན་ཙམ་ནས་བཙན་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་རེད། བསྟན་འཛིན་ཆོས་གྲགས་འཇུ་བཟུང་སྐབས་སུའང་། ཁོང་གི་ཕ་ལགས་དང་འབྲེལ་བ་ཡོད་མེད་ཚ་འདྲི་བྱས་ཡོད་པ་རེད། དེ་བཞིན། ལྷ་སའི་ཞི་རྒོལ་སྐབས་སུ་བསྟན་འཛིན་ཆོས་གྲགས་ལགས་ཀྱི་སྲི་མོ་བསོད་ནམས་ཀྱི་མཇིང་པར་རྒྱ་དམག་གིས་མེ་མདས་བརྒྱབས་ཏེ་རྨས་སྐྱོན་བཟོས་པ་མ་ཟད། རྗེས་སུ་འཇུ་བཟུང་བཀག་བསྐྱིལ་འོག་གཅར་རྡུང་འདྲི་གཅོད་བྱས་ཡོད་པ་དང་། ཁོང་མོའི་བུ་མོ་ཡང་དེ་དུས་འཇུ་བཟུང་གིས་གཅར་རྡུང་དྲག་པོ་བཏང་མཐར་གློད་ཡོད་པ་རེད།
རྒྱ་གཞུང་གིས་ ༡༩༨༦ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཙོན་འོག་མནར་གཅོད་བཀག་སྡོམ་ཐད་ཀྱི་ཁྲིམས་གཞིར་མིར་རྟགས་བཀོད་ཡོད་པ་དང་། ༡༩༨༨ ལོར་དངོས་སུ་ངོས་འཛིན་ལག་བསྟར་ཁས་ལེན་བྱས་ཡོད་པ་རེད། ཁྲིམས་གཞི་དེའི་ནང་ལ་འཛམ་གླིང་རྒྱལ་ཁབ་ཚང་མའི་ནང་བཙོན་འོག་མནར་གཅོད་མཚམས་འཇོག་དགོས་པ་གཏན་འབེབས་བྱས་ཡོད། བསྟན་འཛིན་ཆོགས་གྲགས་ལགས་ནི་རྒྱའི་བཙོན་འོག་ཏུ་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་བཏང་སྟེ་འདས་གྲོངས་ཕྱིན་པ་ཐོག་དང་པོ་དེ་མ་ཡིན་པར། དེ་སྔོན་སྒོ་ཤུལ་བློ་བཟང་ལགས་ལའང་སྡུག་སྦྱོར་མནར་གཅོད་ཚད་མེད་དང་། དུག་ཁབ་སོགས་བརྒྱབ་སྟེ་རྐྱེན་ལམ་དུ་བཏང་ཡོད་པ་རེད། དེ་དག་གིས་མཚོན་པའི་རྒྱ་གཞུང་གིས་བོད་མི་ཆབ་སྲིད་བཙོན་པ་མང་པོ་ཞིག་ལ་མནར་གཅོད་བཏང་སྟེ་བཙོན་ཁང་ནང་འདས་གྲོངས་དང་། ཡང་ན་གསོན་ཐབས་མེད་པ་བཟོས་ཏེ་འཆི་ལ་ཉེ་སྐབས། ནག་ཉེས་ལ་གཡོལ་ཐབས་སུ་ནང་མིར་རྩིས་སྤྲོད་རྗེས་འདས་གྲོངས་འགྲོ་བཞིན་ཡོད། སྐྱི་གཡའ་བའི་གནས་སྟངས་དེ་དག་ནི་བོད་ནང་ལ་མཚོན་ལ་རྒྱུན་ལྡན་གནས་སྟངས་ལྟ་བུ་ཞིག་ཆགས་ཡོད།
དེ་བཞིན། རྒྱ་གཞུང་གིས་རྒྱལ་ཚོགས་ཀྱི་བཙོན་འོག་མནར་གཅོད་བཀག་སྡོམ་ཁྲིམས་གཞིར་མིང་རྟགས་ཡོད་ནའང་། བཙོན་འོག་མནར་གཅོད་བཀག་སྡོམ་ཚོགས་ཆུང་ངོས་ལེན་བྱེད་ཀྱི་མེད་པ་རེད། དེའི་རྒྱུ་མཚན་ནི། བཙོན་འོག་མནར་གཅོད་བཀག་སྡོམ་ཁྲིམས་གཞི་དོན་ཚན་ ༢༠ པའི་ནང་། ཚོགས་ཆུང་དེར་བཙོན་འོག་མནར་གཅོད་གཏོང་བཞིན་པའི་ཐད་ཞིབ་འཇུག་བརྩད་གཅོད་ཀྱི་དབང་ཆ་ཡོད་པ་གསལ་བོར་བཀོད་ཡོད་པ་ལྟར། ཚོགས་ཆུང་དེའི་ལས་འགན་གཙོ་བོ་ནི་འཛམ་གླིང་རྒྱལ་ཁབ་སོ་སོའི་ནང་བཙོན་འོག་མནར་གཅོད་བཀག་སྡོམ་གྱི་ལས་གཞི་ལག་བསྟར་བྱས་ཡོད་མེད་ཐད་ཞིབ་འཇུག་བྱ་རྒྱུ་དེ་ཆགས་ཡོད། དེར་བརྟེན། ཕྱི་ལོ་ ༢༠༡༤ ལོར་བྷར་རྫིད་རྒྱལ་ཁབ་ནང་རྒྱལ་ཚོགས་ཀྱིས་བཙོན་འཇུག་མནར་གཅོད་འོག་འདས་གྲོངས་ཕྱིན་པའི་བཙོན་པའི་གནས་སྟངས་སྐོར་ལ་ཚོགས་འདུ་འཚོགས་འཆར་གྱིས། བཙོན་འོག་དང་བཙོན་གྲོལ་རྗེས་འདས་གྲོངས་ཕྱིན་པའི་བཙོན་པ་རྣམས་ཀྱི་ཐད་ཞིབ་འཇུག་ཀྱི་གྲོས་འཆར་ཞིག་བཏོན་འཆར་བྱས་པའི་ཐད། རྒྱ་གཞུང་གིས་གྲོས་འཆར་དེར་ངོ་རྒོལ་བྱས་ཡོད་པ་རེད། གནས་ཚུལ་འདི་དག་ལས་རྒྱ་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་སྐོར་གཏོང་ཐབས་ཙམ་ལས། དོན་དངོས་ཐོག་བཙོན་འོག་མནར་གཅོད་མཚམས་འཇོག་བྱེད་ཀྱིན་མེད་པ་གསལ་འདོན་བྱས་ཡོད།
འདི་ག་ལྟེ་ནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། ༼ རྒྱ་ནག་གཞུང་གིས་བཙོན་པ་མང་པོ་ཉེས་རྡུང་བཏང་འཆི་གསོན་གྱི་ཁ་མཚམས་ལ་བསྐྱལ་རྗེས། བཙོན་དུས་མ་རྫོགས་པར་ཕྱིར་ནང་མིར་རྩིས་སྤྲོད་བྱེད་བཞིན་པའི་གནས་ཚུལ་རྒྱབ་ལྗོངས་ནི། རྒྱ་གཞུང་གིས་བཙོན་པ་རྣམས་བཙོན་ཁང་ནང་འདས་གྲོངས་ཀྱི་ནག་ཉེས་ལས་གཡོལ་ཐབས་ཀྱི་ལྐོག་གཡོ་ཞིག་རེད། དེ་ལྟའི་ལྐོག་གཡོའི་བྱ་ཐབས་འོག་བོད་ནང་བཙོན་པར་མནར་གཅོད་བཏང་སྟེ་འདས་གྲོངས་འགྲོ་བཞིན་པའི་གནས་ཚུལ་སྔ་བར་མང་དུ་འགྲོ་བཞིན་ཡོད།༽ཅེས་ཐེར་འདོན་སྐྱོན་བརྗོད་གནང་ཡོད།