འདི་ལོའི་ཕྱི་ཟླ་༢ཚེས་༢༧ཉིན། རྒྱ་གཞུང་གིས་བསྐྱར་དུ་ཨ་མདོ་རྨ་ཆུ་རྫོང་མུ་ར་དགོན་པའི་སྨན་པ་མཁས་གྲུབ་ལགས་བསྐྱར་དུ་འཇུ་བཟུང་གིས་རྫོང་ཉེན་རྟོག་ཁང་དུ་བཀག་ཉར་བྱེད་བཞིན་ཡོད་འདུག དེ་ནི་ཉིན་དེར་རྨ་ཆུ་རྫོང་གི་ཉེན་རྟོག་པ་སྐོར་ཅིག་ཁོང་གི་ལས་ཤག་ཏུ་ཡོང་སྟེ། དེ་སྔ་ཁོང་གློད་གྲོལ་སྐབས་གཞུང་བཞེས་བྱས་ཡོད་པའི་ཁ་པར་དང་ཅ་དངོས་སོགས་ལེན་དུ་འགྲོ་དགོས་རབས། སྐྱ་ཆོས་གོན་དགོས་པ་བཤད་ནས་བཙན་འཁྲིད་བྱས་ནས་ད་ལྟའི་བར་ཟླ་ངོ་གཉིས་ཙམ་ཕྱིན་འདུག་ཀྱང་། གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་ཙང་། ཡུལ་མི་རྣམས་ཀྱིས་རྒྱ་གཞུང་གིས་ཁོང་ལ་ཉེས་འགེལ་བྱས་ནས་ཁྲིམས་ཐག་གཅོད་པར་དོགས་ནས་སེམས་ཁྲལ་བྱེད་ཀྱི་ཡོད་འདུག
དགུང་ལོ་༥༠ལྷག་ཙམ་ཡིན་པའི་སྨན་པ་མཁས་གྲུབ་ལགས་རྒྱ་གཞུང་གིས་དེ་སྔ་ཕྱི་ལོ་༢༠༡༦ཟླ་༡༢ཚེས་༡༤ཉིན་གྱི་དགོང་མོའི་ཆུ་ཚོད་༡༡ཡས་མས་ཤིག་ལ། རྨ་ཆུ་རྫོང་གི་འཐབ་རྩོད་གཅིག་གྱུར་གྱི་མི་སྣ་ཁོང་གི་བཞུགས་ཤག་ཏུ་སླེབས་སྟེ་ཁོང་བཙན་འཁྲིད་བྱས་པ་དང་། སྐབས་དེར་བཞུགས་ཤག་ཏུ་ཁོང་གཅིག་པུ་ལས་མེད་ཙང་། ཁོང་གང་དུ་སོང་མིན་ཤེས་རྟོགས་བྱུང་མཁན་མེད་པར་བརྟེན། ཕྱི་ཉིན་མུ་ར་དགོན་པའི་འཛིན་སྐྱོང་དོ་དམ་པ་རྒན་ཚེ་བརྟན་དང་སྨན་པ་མུ་ར་རྒྱ་པ་བཅས་ཁོང་གཉིས། ས་གནས་ཉེན་རྟོག་ཁང་དུ་སོང་སྟེ་སྨན་པ་མཁས་གྲུབ་ལགས་ཀྱི་སྐོར་སྐད་ཆ་འདྲི་སྐབས། ཉེན་རྟོག་ཁང་ནས་དེའི་སྐོར་གང་ཡང་ཤེས་རྟོགས་མེད་སྐོར་བརྗོད་ཡོད་པ་དང་། དེ་ནས་ཁོང་གཉིས་ཀྱིས་སྨན་པ་མཁས་གྲུབ་ཁོང་གློ་བུར་དུ་བརླག་པའི་བརྡ་ཁྱབ་བཏང་སྟེ་ས་གནས་མི་མང་ཡོངས་ནས་འཚོལ་ཞིབ་བྱ་རྒྱུ་ཡིན་ལུགས་བཤད་པ་ན། ས་གནས་ཉེན་རྟོག་པས་རྫོང་འབྲེལ་ཡོད་ལས་ཁུངས་ལ་ཁ་པར་བཏང་སྟེ་སྐད་ཆ་དྲིས་པ་བརྒྱུད། ཁོང་འཐབ་ཕྱོགས་གཅིག་གྱུར་ཁང་གི་མི་སྣས་འཛིན་བཟུང་བྱས་ཏེ་རྫོང་ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཡོད་པ་བརྗོད་འདུག ཡིན་ནའང་། ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གང་ཡང་འགྲེལ་བརྗོད་མ་བྱས་པར། ཟླ་གཅིག་ལྷག་རིང་བཀག་ཉར་གྱིས་འདྲི་བརྩད་དང་བཅར་རྡུང་བྱས་རྗེས། ཕྱི་ལོ་༢༠༡༧ཟླ་༡ཚེས་༢༡ཉིན་གློད་གྲོལ་བཏང་ཡོད་འདུག
འཐབ་ཕྱོགས་གཅིག་གྱུར་ནི་གཞུང་འབྲེལ་ཚོགས་སྡེ་ཞིག་མིན་པར་གུང་ཁྲན་ཏང་གི་ཚོགས་པའི་བཀོད་འདོམས་འོག་ཡོད་པའི་བོད་གྱི་ལས་དོན་ལ་ཐེ་ཇུས་བྱེད་མཁན་ཞིག་ཆགས་ཡོད།
གནས་ཚུལ་མཁོ་སྤྲོད་པས་བརྗོད་གསལ་ལྟར་ན། སྨན་པ་མཁས་གྲུབ་ལགས་ཕྱི་ལོ་ ༢༠༡༢ དང་ ༢༠༡༤ ལོ་བཅས་སྔ་ཕྱི་ཐེངས་གཉིས་ལ། རྒྱ་གར་ནང་གནས་སྐོར་དུ་ཕེབས་མྱོང་ཡོད་པ་མ་ཟད། རྒྱ་གར་ནས་དགེ་སློང་གི་སྡོམ་པ་ཞུས་ཡོད་པ་དང་། བལ་ཡུལ་ཡང་ལེ་ཤོད་དུ་ཟླ་ཤས་རིང་མཚམས་ལ་བཞུགས་མྱོང་ཡོད་འདུག རྒྱ་བལ་གྱི་གནས་ཆེན་ཁག་ཏུ་གནས་མཇལ་གྲུབ་མཚམས་ཕར་བོད་དུ་ལོག་པ་ན། རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་ནས་ཁོང་ལ་ཡང་ཡང་འདྲི་གཅོད་དང་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་པ་སོགས་ཀྱི་བསྙོན་འཛུགས་སྣ་ཚོགས་བྱས་ཡོད་འདུག་ལ། ཡང་འཇུ་བཟུང་ཐེངས་གཉིས་པའི་སྐབས་སུའང། སྨན་པ་མཁས་གྲུབ་ལགས་ཀྱིས་རྒྱ་གཞུང་ནས་གསེར་རྟ་བླ་རུང་སྒར་གྱི་གྲྉ་ཤག་གཏོར་བཤིག་དང་གྲྉ་བཙུན་ཕྱིར་ཕུད་ཐད་ལ་བསམ་ཚུལ་དང་གདུང་སེམས་མཉམ་སྐྱེད་མཚོན་པའི་རྩོམ་ཐུང་མང་བོ་བྲིས་པ་དང་། ཁོང་གིས་དུས་རྒྱུན་བོད་མི་རིགས་ཀྱི་ཐུན་མིན་རིག་གནས་ཀྱི་ཁེ་དབང་ལོངས་སྤྱོད་དང་། ལྷག་པར་ཆོས་དད་རང་དབང་ལ་དམ་དྲག་ལ་ངོ་རྒོལ་དང་སྐྱོན་འཛུགས་ཀྱི་རྩོམ་ཡིག་རང་གིས་བྲིས་པ་དང་གཞན་གྱི་བྲིས་པ་བརྒྱུད་བཀོད་བྱས་པས་མཚོན། ༸གོང་ས་མཆོག་གི་བཀའ་སློབ་དང་གསུང་ཆོས་སོགས་སྤྱི་ཚོགས་དྲ་ལམ་དུ་བརྒྱུད་འགོད་བྱེད་ཀྱིན་ཡོད་རབས་ཀྱི་བསྙོན་འཛུགས་བྱས་ཡོད་འདུག
སྨན་པ་མཁས་གྲུབ་ལགས་ནི། ཕྱི་ལོ་ ༡༩༦༧ ལོར་རྨ་ཆུ་རྫོང་མུ་ར་ཡུལ་ཚོའི་ཕ་སྐལ་ཁོ་དང་མ་བལ་ཁོ་གཉིས་ཀྱི་བུ་རུ་སྐྱེས་ཤིང་། ལོ་ན་བཅུ་ཙམ་ལ་སོན་སྐབས་མ་ཚེ་ལས་འདས་བ་དང་། ཕ་དང་ཁ་གྱེས་པ་མ་ཟད། ཁོང་དང་སྲིང་མོ་གཉིས་ལ་རྒྱ་གཞུང་གིས་ཕྱུག་བདག་གི་ཞྭ་མོ་ནག་པོ་གཡོགས་ཏེ་དཀའ་ངལ་མང་བོར་གཏད་ཡོད་འདུག དེ་ནས་ཡུན་རིང་མ་འགོར་བར་ཁོང་གིས་ཕྱུགས་རིགས་སྨན་པ་རྣམས་ལ་ལག་གཡོག་བྱས་ཏེ་སྨན་དང་ནད་རྟགས། བཅོས་ཐབས་ལག་ལེན་སྐོར་ལ་སྦྱངས་བ་གནང་སྟེ་མཐར་ལག་གཡོག་བྱས་པའི་དགེ་རྒན་སྨན་པ་རྣམས་ལས་ཀྱང་མཁས་པར་གྱུར་ཏེ། ཕྱུགས་རིགས་སྨན་པའི་ཕྱག་ལས་གནང་འགོ་བཙུགས་ཡོད་འདུག དགུང་ལོ་ ༡༤ ཙམ་ལ་སོན་སྐབས། ཁོང་མུ་ར་བླ་མ་བཟོད་ཀུན་ལགས་དགེ་རྒན་དུ་བསྟེན་ནས་མུ་ར་དགོན་དུ་ཆོས་སྒོར་ཞུགས་ཏེ། དགོན་པའི་འདོན་པ་དང་ཆོ་ག་ཕྱག་ལེན་སོགས་ལ་བསླབ་པ་སློབ་གཉེར་གནང་ཞིང་། ཕྱིས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་སྒྲ་སྙན་ངག་དང་རྩིས་དཀར་ནག། བསྡུས་གྲྭ་ནས་ཕར་ཕྱིན་བར་སློབ་གཉེར་གནང་རྗེས། ཁམས་གཙང་གཏེར་ཆེན་དང་འཇིགས་མེད་མཐུ་ལྡན་སོགས་ཀྱི་དྲུང་ནས་སྨན་དབང་དང་རྒྱུད་བཞི་སོགས་གསོ་བ་རིག་པའི་གཞུང་ལུགས་མང་དུ་གསན་གཟིགས་གནང་བ་དང་། མུ་ར་དགོན་རིག་གནས་གསར་བརྗེ་བརྒྱུད་གཏོར་བཤིག་བྱུང་བ་ཉམས་གསོ་ཡི་སྐབས་སུ། ཁོང་གིས་ཞིང་བཟོ་དང་རྡོ་རྩིག་སོགས་ཀྱི་ཕྱག་ལས་གནང་པ་མ་ཟད། ཕྱིས་སུ་དགོན་པའི་དབུ་མཛད་དང་དགེ་བསྐོས། འཛིན་སྐྱོང་དོ་དམ་པ། སྐྱོར་དཔོན། དགེ་རྒན་བཅས་ཀྱི་ཐུགས་འགན་འཁུར་ཡོད་པ་དང་། དེང་འདིར་དགོན་པའི་སྨན་ཁང་གི་དབུ་འཛིན་དང་སྨན་པ་གཙོ་བོ་ཡིན་པ་བཅས། ས་གནས་དེའི་མི་དང་ཕྱུགས་རིགས་ནད་ལས་གྲོལ་བར་ཕན་རླབས་ཆེན་པོ་སྐྲུན་ཡོད་འདུག