སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ཚ་མོས་ཨ་ཞང་བཙོན་ཁང་དུ་དུག་དྲངས་ནས་བཀྲོངས་པ་རེད་ཟེར།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་བཙོན་ཁང་དུ་སྐུ་གྲོངས་ནས་ལོ་གཅིག་ལྷག་འགོར་རྗེས། འདི་ལོའི་ཟླ་༧ ཚེས་༢༤ ཉིན་ལོ་ན་ཉེར་དྲུག་ལ་སོན་པའི་ཁོང་གི་ཚ་མོ་ཉི་མ་ལྷ་མོ་གསང་སྟབས་ཀྱིས་བྲོས་ནས་རྒྱ་གར་ལ་འབྱོར། ཁོ་མོ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་བདེ་སྐྱིད་གྲོང་ཚོ་རུ་ཡོད་པའི་ལོ་དྲུག་ཅན་གྱི་བུ་མོ་ཟླ་བ་སྒྲོལ་མ་དང་ལོ་ལྔ་བཅུ་ང་གསུམ་ཡིན་པའི་ཨ་མ་སྒྲོལ་དཀར་ལྷ་མོ་གཉིས་དང་ཁ་བྲལ་ཏེ་བོད་ནས་འདིར་བྲོས་བྱོལ་དུ་ཡོང་བ་རེད།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ནི་མི་མང་པོས་དད་བཀུར་བྱ་སའི་བླ་མ་ཞིག་ཡིན་ལ། ཁོང་ནི་རྒྱ་གཞུང་གིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་དེ་བཙོན་ཁང་དུ་བཞུགས་པའི་གནས་སྐབས་སུ་སྐུ་གྲོངས་པ་རེད། ཕྱི་ལོ་༢༠༡༥ ཟླ་༧ ཚེས་༡༢ ཉིན་སི་ཁྲོན་ཞིང་ཆེན་གྱི་ལྟེ་གནས་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཁྲོན་ཏུང་བཙོན་ཁང་དུ་ཁོང་སྐུ་གྲོངས་ཡོད་པ་དང་། སྐབས་དེར་ཁོང་བཙོན་དུ་བཞུགས་ནས་ལོ་བཅུ་གསུམ་འཁོར་ཡོད། རྒྱལ་སྤྱིའི་ཚོགས་སྡེ་ཁག་མང་པོས་འབོད་སྐུལ་ཅི་ཙམ་ཞུས་ཀྱང་རྒྱ་གཞུང་གི་དབང་འཛིན་པ་ཚོས་རིན་པོ་ཆེའི་གྲོངས་རྐྱེན་ལ་བརྟག་དཔྱད་བྱ་བཅུག་མེད་ལ། ཁོང་སྐུ་གྲོངས་པའི་དཔང་རྟགས་ཡིག་ཆའམ་སྐུ་གྲོངས་རྐྱེན་ལ་བརྟག་དཔྱད་བྱས་པའི་དཔང་ཡིག་ཚད་ལྡན་གཅིག་ཀྱང་འདོན་སྤྲོད་བྱས་མེད། རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁོང་བཙོན་ཁང་དང་ཐག་ཉེར་ཡོད་པའི་ཏ་ཀྲུའུ་རྫོང་སྨན་ཁང་དུ་སྙིང་ནད་འཕར་ཏེ་སྐུ་གྲོངས་ཡོད་ཚུལ་ཕྱིར་བསྒྲགས་བྱས་ཡོད

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་ཉི་མ་ལྷ་མོ་ལ་བཅར་འདྲི་བྱེད་སྐབས། ཁོ་མོས་ང་རང་བོད་ནས་འདི་ལྟར་བྲོས་བྱོལ་དུ་ཡོང་དོན་ནི། རྒྱལ་སྤྱིའི་ཚོ་སྡ་ཁག་ལ་རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་རིན་པོ་ཆེར་ཁྲིམས་ཆད་བཅད་དོན་དང་ཁོང་སྐུ་གྲོངས་རྐྱེན་ཐད་ཞིབ་འཇུག་མཐིལ་ཕྱིན་པ་བྱ་བར་རྒྱ་ནག་སྲིད་གཞུང་ལ་གནོན་ཤུགས་སྤྲོད་པའི་རེ་སྐུལ་ཞུ་ཆེད་དང་། ཨ་ཞང་སྐུ་གྲོངས་བའི་སྐབས་ཀྱི་གནས་ཚུལ་རྣམས་བཤད་པར་ཡོང་བ་ཡིན་ཟེར། གཞན་ཡང་ཁོ་མོས་རིན་པོ་ཆེར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་གནད་དོན་ལ་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཡང་ཞུས་སོང་།

ཟླ་༧ ཚེས་༡༦ ཉིན་གྱི་ཞོགས་པར་བཙོན་ཁང་དུ་རིན་པོ་ཆེའི་སྐུ་ཕུང་ཞུགས་འབུལ་བྱས་པ་རེད། སྐུ་ཕུང་ཞུགས་འབུལ་མ་བྱས་གོང་དེ་སྔ་རིན་པོ་ཆེས་ཕྱག་བཏབ་གནང་པའི་དགོན་སྡེ་ཁག་བདུན་གྱི་སྐུ་ཚབ་ཨོ་ཐོག་དགོན་གྱི་མཁན་པོ་གཙོས་གྲྭ་བ་དང་བཙུན་མ་༡༦ བཙོན་ཁང་ནང་ལ་ཡོང་བཅུག་ནས་རིན་པོ་ཆེའི་སྐུ་ཕུང་གཙང་མ་བཟོས་ཏེ་མནབ་བཟའ་གཡོག་བཅུག་ཡོད་ལ། སྐབས་དེར་སྲོལ་རྒྱུན་གྱི་འགྲོ་ལུགས་ལྟར་སྨོན་ལམ་འདོན་པ་སོགས་ཀྱི་ཆོ་ག་ཡང་བསྒྲུབས་བཅུག་ཡོད་འདུག སྐུ་ཕུང་ཞུགས་འབུལ་མ་བྱས་སྔོན་ཏག་ཏག་སྟེ། ཞོགས་པ་ཆུ་ཚོད་བརྒྱད་པ་ཙམ་ལ་ཉི་མ་ལྷ་མོ་དང་ཁོ་མོའི་ཨ་མ་གཉིས་ལ་རིན་པོ་ཆེའི་སྐུ་ཕུང་ལ་འཁྱུག་ཙམ་ལྟ་བའི་གོ་སྐབས་སྤྲད་ཡོད། སྐབས་དེར་རིན་པོ་ཆེའི་སྐུ་ཕུང་བཙོན་ཁང་གི་ཚོགས་ཁང་ཞིག་ཏུ་སྟེགས་བུ་ཞིག་གི་ཐོག་ལ་བཞག་ཡོད་པ་དང་། སྤྱི་བདེ་མི་སྣ་མང་པོས་མཐའ་བསྐོར་ཡོད་འདུག

ཉི་མ་ལྷ་མོས་ཨ་ཞང་མཐོང་བའི་སྐབས་ཀྱི་སྣང་ཚུལ་ལ་ཕྱིར་དྲན་གྱིས་བཤད་དོན། “ སྐུ་ཕུང་བཏུམས་ཡོད་པས་ཨ་མ་དང་ངེད་ཉིས་ཀྱིས་ཁོང་གི་གདོང་མ་གཏོགས་མཐོང་ཐུབ་མ་སོང་ལ། ཡ་མཆུ་མ་མཆུ་གཉིས་ཀྱི་མདོག་ནག་པོ་ཡིན་པ་ཚོར་བྱུང་། ཁོང་གི་སྐུ་ཕུང་གཙང་མ་བཟོས་ནས་མནབ་བཟའ་གཡོག་མཁན་གྱི་གྲྭ་བ་ཚོས་ཀྱང་རིན་པོ་ཆེའི་ཕྱག་དང་ཞབས་ཀྱི་སེན་མོའི་མདོག་ནག་པོར་གྱུར་ཡོད་ཚུལ་དང་། དབུ་ཡི་ལྟག་རྒྱབ་ཀོང་ཀོང་ཆགས་ཤིང་། ནམ་རྒྱུན་དང་མི་འདྲ་བར་ཡང་མོ་ཡིན་ཚུལ་བཤད་བྱུང་། ” ཟེར། ཁོ་མོས་ངེད་ཚང་གི་ཁྱིམ་མི་རྣམས་དང་རིན་པོ་ཆེའི་དགེ་ཕྲུག་ཚོས་རིན་པོ་ཆེར་དུག་དྲངས་ནས་བཀྲོངས་བར་དོགས་པ་ཟ་བཞིན་ཡོད་ཚུལ་བརྗོད་བྱུང་།

ཉི་མ་ལྷ་མོས་ཨ་ཞང་བཙོན་ཁང་དུ་དུག་དྲངས་ནས་བཀྲོངས་ཚུལ་ལ་ཁུངས་སྐྱེལ་ར་སྤྲོད་ཡང་དག་ཡོད་ཚུལ་བརྗོད་དོན། “ དང་པོ། བཙོན་སྲུང་བ་ཚོས་ཨ་མ་རིན་པོ་ཆེར་ཐུག་མ་བཅུག་པར་ཉིན་བཅུ་ཕྱིར་འགྱངས་བྱས་པ་རེད། དེའི་རྒྱུ་མཚན་ག་རེ་ཡིན་ནམ། གཉིས་པ། ཁོང་ཚོས་ད་བར་རིན་པོ་ཆེ་རང་བཞིན་གྱིས་སྐུ་གྲོངས་ཚུལ་ཁུངས་སྐྱེལ་ཡོད་པའི་སྨན་བཅོས་བརྟག་དཔྱད་ཡིག་ཆའམ། ཡང་ན། སྐུ་གྲོངས་པའི་དཔང་རྟགས་ཡིག་ཆའི་རིགས་གཅིག་ཀྱང་མཁོ་སྤྲོད་བྱས་མེད། གསུམ་པ། རིན་པོ་ཆེའི་ཕྱག་དང་ཞབས་སེན། དེ་བཞིན་ཞལ་མཆུ་སོགས་ནག་པོར་གྱུར་བའི་དོགས་གནས་མིག་མཐོང་ལག་ཟིན་བྱུང་ཡོད་པ་རེད། བཞི་པ། འབྲེལ་ཡོད་དབང་འཛིན་པ་ཚོས་རིན་པོ་ཆེ་སྐུ་གྲོངས་བའི་དུས་ཚོད་ལའང་ངེས་གཏན་མེད་པར་འགྱུར་བ་ཡང་ཡང་བཏང་ཡོད་པ་རེད། ཐོག་མར་ཁོ་ཚོས་ཉིན་རྒྱབ་ཆུ་ཚོད་གཉིས་པའི་སྟེང་སྐུ་གྲོངས་སོང་ཟེར་བ་དང་། དེ་རྗེས་ཡང་བསྐྱར་ཕྱི་དྲོ་ཆུ་ཚོད་བཞི་པའི་ཐོག་སྐུ་གྲོངས་ཚུལ་བཤད་ཡོད་པ་རེད། ལྔ་པ། རྒྱ་ནག་རྒྱལ་ཁབ་རང་ཉིད་ཀྱི་ཁྲིམས་ལུགས་རྡོག་རོལ་དུ་བཏང་སྟེ་རིན་པོ་ཆེའི་སྐུ་ཕུང་ཁྱིམ་མི་ལ་རྩིས་སྤྲོད་བྱས་མེད། ” ཟེར།

རིན་པོ་ཆེར་ཐུག་འཕྲད་བྱ་ཆོག་གི་རེད་ཟེར་བའི་གནས་ཚུལ་ཐོས་མ་ཐག ཕྱི་ལོ་༢༠༡༥ ཟླ་༧ ཚེས་༢ ཉིན་ཁོང་གི་སྲང་མོ་སྒྲོལ་དཀར་ལྷ་མོ་(ཉི་མ་ལྷ་མོའི་ཨ་མ)སོགས་ཁྱིམ་མི་རྣམས་ཁྲིན་ཏུའུ་ལ་ཕྱིན་ཡོད་ཀྱང་། བཙོན་ཁང་གི་དབང་འཛིན་པ་ཚོས་ཁོང་ལ་ཐུག་འཕྲད་བྱ་རྒྱུར་ཉིན་བཅུ་ཕྱིར་འགྱངས་བྱས་ཏེ། ཟླ་༧ ཚེས་༡༢ ཉིན་གྱི་མཚན་གུང་ཆུ་ཚོད་བཅུ་པ་ཙམ་ལ་རིན་པོ་ཆེ་སྐུ་གྲོངས་སོང་བའི་གནས་ཚུལ་བཤད་ཡོད་འདུག ཕྱི་ལོ་༢༠༡༣ ཟླ་༡༡ ནང་སྒྲོལ་དཀར་ལྷ་མོ་རིན་པོ་ཆེར་ཐུག་འཕྲད་ཀྱི་གོ་སྐབས་མཐའ་མ་དེ་རག་ཡོད་འདུག ཕྱི་ལོ་༢༠༡༤ ལོར་བསྐྱར་དུ་རིན་པོ་ཆེར་ཐུག་འཕྲད་བྱེད་པའི་རེ་བ་ཡང་ཡང་ཞུས་ཀྱང་འབྲེལ་ཡོད་དབང་འཛིན་པ་ཚོས་རྒྱུ་མཚན་འགྲེལ་བརྗོད་གང་ཡང་མེད་པར་ཐུག་འཕྲད་བྱ་བཅུག་མི་འདུག ཕྱི་ལོ་༢༠༠༢ ལོར་རིན་པོ་ཆེ་བཙོན་འཇུག་བྱས་པ་ནས་རིན་པོ་ཆེའི་ནང་མི་ཉེ་འབྲེལ་ཚོར་ཐེངས་བདུན་ལ་མ་གཏོགས་ཐུག་འཕྲད་བྱ་བཅུག་མེད་པ་དང་། བཙོན་སྲུང་བ་ཚོའི་ལྟ་རྟོག་འོག་ཐུག་འཕྲད་བྱེད་ཐེངས་རེར་སྐར་མ་སུམ་ཅུ་ཙམ་གྱི་དུས་ཡུན་མ་གཏོགས་གོ་སྐབས་སྤྲད་མེད།

ཟླ་༧ ཚེས་༡༧ ཉིན་རིན་པོ་ཆེའི་སྐུ་ཕུང་ཞུགས་འབུལ་བྱས་ནས་ཉིན་གཅིག་གི་རྗེས་སུ། རིན་པོ་ཆེ་སྐུ་གཤེགས་པའི་གནས་ཚུལ་ལ་ངོ་རྒོལ་བྱ་བར་རྫོང་ཁག་སོ་སོ་ནས་བོད་མི་༣༠༠ ལྷག་ཡོང་བ་རྣམས་འབྲེལ་ཡོད་རྫོང་ཁག་སོ་སོའི་སྤྱི་བདེ་མི་སྣ་བརྒྱུད་ཕྱིར་ལོག་དགོས་པའི་བཀའ་རྒྱ་བཏང་ཡོད། ལི་ཐང་རྫོང་ནས་ཡིན་པ་རྣམས་ལི་ཐང་རྫོང་གི་སྤྱི་བདེ་མི་སྣ་དང་མཉམ་དུ་ཕྱིར་ལོག་དགོས་ཚུལ་བརྗོད་འདུག འོན་ཀྱང་ཉི་མ་ལྷ་མོ་དང་ཁོ་མོའི་ཨ་མ་གཉིས་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཟ་ཁང་ཞིག་ནས་ཁྲིད་དེ་ཉིན་གྲངས་༡༨ རིང་ས་གནས་མི་འདྲ་བ་གང་སར་གསང་བའི་སྒོ་ནས་བཀག་ཉར་བྱས་ཡོད། སྐབས་དེར་ཉི་མ་ལྷ་མོའི་ཨ་མ་ན་ནས་ཁྲག་སྐྱུགས་ཡོད་པ་དང་། སྤྱི་བདེ་མི་སྣ་ཚོས་ཁོ་མོ་ཁྲིད་ནས་སྨན་ཁང་ཞིག་ལ་ཕྱིན་རྗེས་ཟ་ཁང་ཞིག་ནས་ཁོང་གཉིས་ལ་དུས་ཡུན་ཐུང་ཐུང་ཞིག་གི་རིང་མགྱོགས་པོར་ཟ་མ་ཞིག་ཟ་བཅུག་འདུག ཉི་མ་ལྷ་མོ་དང་ཨ་མ་གཉིས་ཀྱིས་ངོ་རྒོལ་ཨུ་ཚུགས་ཅི་ཙམ་བྱས་ཀྱང་ཁོང་གཉིས་བཀག་ཉར་བྱས་པའི་རྒྱུ་མཚན་གང་ཡང་འགྲེལ་བརྗོད་བྱས་མེད། རིང་པོ་མ་འགོར་བར་ཁོང་གཉིས་ཁྲིན་ཏུའུ་ནས་ཆུ་ཚོད་གསུམ་མམ་བཞི་ཙམ་གྱི་སར་ཡོད་པའི་གཡག་རྔ་(ཡན་ཨན) གྲོང་ཁྱེར་གྱི་མགྲོན་ཁང་ཞིག་ཏུ་ཁྲིད་པ་དང་། མགྲོན་ཁང་དེར་བདུན་ཕྲག་གཅིག་རིང་ཁོང་གཉིས་འགལ་བཀག་བསྐྱིལ་བྱས་ཡོད། དེར་བཀག་བསྐྱིལ་བྱས་རིང་ཨ་མར་སྨན་ཉོ་བར་གསང་སྟབས་ཀྱིས་ཕྱི་ལ་ཁྲིད་ཙམ་རེ་བྱེད་པ་ལས་རང་དབང་ངང་ཕྱི་ལ་ཐོན་བཅུག་མེད།

དེ་ལྟར་ཡན་ཨན་ལ་བཀག་བསྐྱིལ་བྱས་རྗེས་ལི་ཐང་རྫོང་གི་བཀག་བསྐྱིལ་ཁང་ཞིག་ཏུ་ཉིན་གྲངས་དགུའི་རིང་བཀག་བསྐྱིལ་བྱས་འདུག ཕྱིས་སུ་ས་གནས་བོད་མི་ཚོ་བརྒྱུད་ནས་ཤེས་རྟོགས་བྱུང་བ་ལྟར་ན། ལི་ཐང་རྫོང་གི་བཀག་བསྐྱིལ་ཁང་དེ་ནི་ལྐོག་ཟ་རུལ་སུངས་བྱས་པའི་སྲིད་གཞུང་གི་དོགས་ཡོད་ཉེས་ཅན་རིགས་བཀག་བསྐྱིལ་བྱ་ས་ཡིན་འདུག ས་གནས་སྤྱི་བདེ་མི་སྣ་ཚོས་ཁོང་གཉིས་བཀག་བསྐྱིལ་བྱས་པའི་རྒྱུ་མཚན་འགྲེལ་བརྗོད་མ་བྱས་པས། སྐབས་རེར་ཁོང་གཉིས་ཀྱིས་བཀག་བསྐྱིལ་ཁང་ཏུ་ཟས་བཅད་ངོ་རྒོལ་ཡང་བྱས་ཡོད་འདུག ཁོང་གཉིས་ལ་འདྲི་གཅོད་ཐེངས་གསུམ་བྱས་ཤིང་ཕྱི་ལོག་ལ་རིན་པོ་ཆེའི་སྐོར་གྱི་གནས་ཚུལ་དང་པར་བསྐུར་ནས་ཁྲིམས་འགལ་གྱི་ཉེས་པ་ཆེན་པོ་བསགས་ཡོད་ཚུལ་བརྗོད་འདུག ཁོང་གཉིས་ལ་སུ་དང་ལྷན་དུ་སུ་ཞིག་བརྒྱུད་ནས་གནས་ཚུལ་གང་འདྲ་སྤེལ་ཚུལ་ཞིབ་རྒྱས་བཤད་དགོས་ཚུལ་གྱིས་འདྲི་གཅོད་ཡང་ཡང་བྱས་འདུག ཉི་མ་ལྷ་མོས་མི་མང་པོས་རིན་པོ་ཆེ་ཤེས་ཀྱི་ཡོད་པས། རྒྱུས་མངའ་མེད་པའི་མི་མང་པོ་ཞིག་གིས་ཁ་པར་བརྒྱུད་ནས་རིན་པོ་ཆེའི་སྐོར་དྲིས་བྱུང། ངས་ཁོང་ཚོར་རིན་པོ་ཆེ་བཀྲོངས་སོང་ཞེས་བཤད་པ་ཡིན་ཟེར།

ཁོང་གཉིས་ལི་ཐང་དུ་བཀག་ཉར་བྱས་པའི་སྐབས་སྒྲོལ་དཀར་ལྷ་མོར་ཁྲག་ཤེད་འཕར་ཏེ་དབུགས་གཏོང་ལེན་བྱེད་པའི་དཀའ་ངལ་ཆེ་རུ་སོང་བ་དང་། ཉི་མ་ལྷ་མོས་རོགས་བྱ་བར་འབོད་སྐུལ་ཞུས་སྐབས་བཀག་བསྐྱིལ་ཁང་གི་དོ་དམ་པ་ཚོས་ཟུག་གཟེར་འཇགས་བྱེད་ཀྱི་སྨན་གཅིག་པུ་སྤྲད་ཡོད་འདུག་ལ། རེ་སྐུལ་ཞུས་པ་བཞིན་བོད་ཀྱི་སྨན་པ་ལ་བསྟེན་གཏུག་བྱེད་པའི་གོ་སྐབས་ཐེངས་གཅིག་མ་གཏོགས་སྤྲད་མེད།

ཕྱི་ལོ་༢༠༡༥ ཟླ་༧ ཚེས་༣༠ ཉིན་བུ་མོ་ཉི་མ་ལྷ་མོ་དང་ཁོ་མོའི་ཨ་མ་གཉིས་གློད་གྲོལ་བཏང་ཡོད། ཁོང་གཉིས་མ་གློད་གོང་རིན་པོ་ཆེའི་སྐོར་གྱི་གནས་ཚུལ་གཅིག་ཀྱང་སུ་ལའང་མི་བཤད་པ་དང་། རྒྱ་ནག་གཞུང་གིས་རིན་པོ་ཆེ་ལ་དུག་དྲངས་ཚུལ་གྱི་རིགས་མི་བཤད་པ། རིན་པོ་ཆེ་སྐུ་གྲོངས་བའི་གནས་ཚུལ་སྐོར་གླེང་བའི་འདུ་འཛོམས་རིགས་ལ་ཞུགས་པའམ་རིན་པོ་ཆེ་སྐུ་གྲོངས་བའི་སྐོར་གྱི་སྐད་ཆ་མི་བཤད་པའི་ཁས་ལེན་ཡིག་ཆ་དོན་ཚན་གསུམ་ཅན་ཞིག་ལ་མིང་རྟགས་འཁོད་དགོས་ཚུལ་བརྗོད་པར། ཡིག་ཆ་དེའི་ནང་ག་རེ་འཁོད་ཡོད་མེད་མ་བསྟན་པས་ཉི་མ་ལྷ་མོའི་ཨ་མ་སྤྱི་བདེ་མི་སྣ་ཚོའི་ཀུན་སློང་ལ་དོགས་པ་ཟོས་ཏེ་མིང་རྟགས་འཁོད་པར་ངོས་ལེན་བྱས་མེད། ཁོ་མོས་ང་མེ་མདས་བསད་ཀྱང་རུང་མིང་རྟགས་འཁོད་རྒྱུ་མིན་ཚུལ་བརྗོད་འདུག ཕྱིས་སུ་ཁོང་གཉིས་གློད་ཆེད་གྲོང་ཚོའི་འགོ་ཁྲིད་ཀྱིས་ཁོང་གཉིས་ཀྱི་ཚབ་བྱས་ཏེ་ཡིག་ཆ་དེར་མིང་རྟགས་འཁོད་ཡོད་པ་དང་། ཁོང་གཉིས་ཀྱིས་གྲོང་ཚོའི་འགོ་ཁྲིད་ཀྱི་ཁ་ལ་ཉན་དགོས་ཚུལ་བརྗོད་འདུག

ཉིན་༡༨ རིང་བཀག་བསྐྱིལ་གྱིས་ཕྱིར་ཁྱིམ་ལ་ལོག་སྐབས་ས་གནས་དབང་འཛིན་པ་ཚོས་ཁོང་གཉིས་ཕྱིར་མ་ལོག་སྔོན་ནས་ཁ་འགོག་ཐབས་ཀྱི་བཀའ་རྒྱ་ལག་བསྟར་བྱས་ཡོད་པ་ཤེས་རྟོགས་བྱུང་འདུག ས་གནས་བོད་མི་ཚོར་རིན་པོ་ཆེར་རྗེས་འཇུག་གི་མཆོད་འབུལ་བྱ་བཅུག་མེད་ལ། རིན་པོ་ཆེའི་སྐུ་པར་རིགས་བཤམས་མི་ཆོག་པ་བྱས་ཡོད། དེ་བཞིན་རིན་པོ་ཆེས་ཕྱག་བཏབ་པའི་དགོན་སྡེ་ཁག་ནང་གི་རིན་པོ་ཆེའི་དངོས་ཆས་རྣམས་གཞུང་བཞེས་ཀྱིས་མེ་ལ་བསྲེགས་པ་དང་། ཐ་ན་རིན་པོ་ཆེའི་གདུང་ཐལ་ཡང་གཞུང་བཞེས་བྱས་འདུག རིན་པོ་ཆེའི་རྗེས་འཇུག་ཚོས་རིན་པོ་ཆེ་རྗེས་དྲན་གྱི་མཆོད་རྟེན་ཞིག་བཞེངས་འཆར་འཐེན་པའང་ས་གནས་དབང་འཛིན་པ་ཚོས་བཀག་སྡོམ་བྱས་འདུག ལི་ཐང་དང་། ཉག་ཆུ་ཁ། མགོ་ལོག ཨོ་ཐོག་དགོན་པ་སོགས་ནས་ཡིན་པའི་ཁོང་གི་རྗེས་འཇུག་ཚོ་ཟླ་གཉིས་ཙམ་རིང་བཀག་བསྐྱིལ་གྱིས་འདྲི་གཅོད་དང་གཅར་རྡུང་བྱས་ཡོད་ལ། སྲིད་གཞུང་གི་ཁ་འགོག་ཐབས་ཀྱི་བཀའ་རྒྱ་དང་ལེན་མ་བྱས་པས་མང་པོ་ཞིག་ལ་གཅར་རྡུང་གིས་རྨས་སྐྱོན་ཡང་ཐེབས་ཡོད་འདུག

ཉི་མ་ལྷ་མོ་དང་ཁོ་མོའི་ནང་མི་རྣམས་ཀྱི་འགྲོ་འདུག་ལ་ལྟ་རྟོགས་ནན་པོ་བྱེད་ཀྱི་ཡོད་འདུག ཁོང་ཚོ་སུ་ཞིག་གྲོང་ཚོའི་ཕྱི་ལ་འགྲོ་དགོས་ཚེ་གྲོང་ཚོའི་འགོ་བ་ལ་བཤད་དགོས་པའམ་ཁོང་ལ་ཆོག་མཆན་ཞུ་དགོས་ཀྱི་ཡོད་འདུག ཐེངས་ཤིག་གྲོང་ཚོའི་འགོ་བ་ལ་མ་བཤད་པར་ཉི་མ་ལྷ་མོ་ཁྲིན་ཏུའུ་རུ་གྲོགས་མོ་ཞིག་གི་ནང་ལ་ཕྱིན་པས། སྤྱི་བདེ་མི་སྣས་གྲོགས་མོའི་ཁྱིམ་མི་ཚོར་ཉི་མ་ལྷ་མོའི་སྐོར་གྱི་གནས་ཚུལ་དྲིས་ཡོད་འདུག

ཉི་མ་ལྷ་མོ་དང་ཁོ་མོའི་ཨ་མ་གཉིས་བཀག་བསྐྱིལ་ཁང་དུ་ཡོད་སྐབས། ལི་ཐང་རྫོང་གི་དབང་འཛིན་པ་ཚོས་མང་ཚོགས་ལ་རིན་པོ་ཆེ་བླ་མ་རྫུན་མ་ཡིན་ཚུལ་དང་། ཁྲིམས་འགལ་ཉེས་ཅན་པ་ཡིན་ཚུལ། རིན་པོ་ཆེ་སྐུ་གྲོངས་ཚུལ་གླེང་མི་ཆོག་པ་བཅས་བསྒྲགས་ཡོད་འདུག ས་གནས་སྲིད་གཞུང་གི་བརྙན་འཕྲིན་དུའང་རིན་པོ་ཆེའི་མཚན་མཐོང་ལ་དམའ་འབེབས་བྱེད་པའི་དཀྲོགས་གཏམ་མང་པོ་སྤེལ་ཡོད། ཉི་མ་ལྷ་མོས་ལི་ཐང་ཡུལ་གྱི་ས་གནས་བོད་མི་ཚོས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་ཇི་བཞིན་རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་བར་སྟངས་འཛིན་དང་རྫུན་བཟོ་བྱ་འོང་ངེས་སྙམ་ནས་ཞེད་སྣང་བྱེད་ཀྱི་ཡོད་ཚུལ་བརྗོད་བྱུང་།

ཟླ་༧ ཚེས་༡༥ ཉིན་གྱི་ཞོགས་པ་ཆུ་ཚོད་༧ ཙམ་ལ་ཉི་མ་ལྷ་མོ་དང་། ཨ་མ་སྒྲོལ་དཀར་ལྷ་མོ་གཙོས་རིན་པོ་ཆེའི་གཉེན་ཉེ་མི་དྲུག་བཙོན་ཁང་གི་སྒོ་ཆེན་མདུན་ལ་ཕྱིན་ནས་རིན་པོ་ཆེ་སྐུ་གྲོངས་ཚུལ་སྐོར་ལ་གསལ་བཤད་དགོས་ཚུལ་དང་སྐུ་ཕུང་རྩིས་སྤྲོད་དགོས་ཚུལ་ཡར་ཞུ་བྱས་ནའང། བཙོན་སྲུང་པ་ཚོས་ཁོང་ཚོ་སྒོ་ཆེན་ནང་ལ་འགྲོ་བཅུག་མེད་ལ་ཁོང་ཚོས་དྲིས་པའི་དྲི་བ་ལ་ལན་ཡང་མ་བརྒྱབ་པས། སེམས་མགོ་གནོན་མ་ཐུབ་པར་ཉི་མ་ལྷ་མོ་དང་ཨ་མ་གཉིས་ཀྱིས་རྒྱ་སྐད་ཀྱི་ལམ་ནས་ “ ཁྱེད་ཚོས་རིན་པོ་ཆེ་བཀྲོངས་པ་རེད། གལ་ཏེ་རིན་པོ་ཆེ་ཁྱེད་ཚོས་བཀྲོངས་པ་མིན་ན་ང་ཚོ་ལ་སྐུ་གྲོངས་བའི་དཔང་རྟགས་ཡིག་ཆ་སྟོན་དང་། ང་ཚོ་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་ཡིན། ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་རྒྱལ་ཁབ་གཅིག་ལ་འགྲོ་ལུགས་མི་འདྲ་བ་གཉིས་ཡོད་པ་མ་རེད། ” ཅེས་སྐད་ཤུགས་ཆེན་པོས་བརྗོད་པར། བཙོན་སྲུང་པ་ཚོས་ད་དུང་གོ་མེད་ཚོར་མེད་ངང་ལན་མ་བརྒྱབ་པས། ཉི་མ་ལྷ་མོའི་ཨ་མས་མགོ་ཡིས་རྩིག་པ་ལ་རྡུང་བཞིན་རིན་པོ་ཆེ་སྐུ་གྲོངས་སོང་བའི་དཔང་རྟགས་ཁྱེར་ཤོག་ཅེས་སྐད་བརྒྱབ་པ་དང་། ཉི་མ་ལྷ་མོས་རང་གི་སྐེ་དཀྲུས་ཀྱིས་མགྲིན་པ་བསྡམས་ཏེ་རང་སྲོག་གཅོད་རྩིས་བྱེད་བཞིན། བཙོན་ཁང་གི་མཐའ་འཁོར་དུ་ཕན་ཚུན་འགྲོ་མཁན་ཚོར་གོ་བཅུག་ནས་ངའི་ཨ་ཞང་བསད་སོང་ཞེས་སྐད་བརྒྱབ་པས། བཙོན་སྲུང་བ་ཚོས་ཕྱོགས་གཡས་གཡོན་གྱི་མི་ཚོས་གོ་ནས་དོ་སྣང་བྱེད་ཀྱི་རེད་སྙམ་ཏེ་ཁོང་ཚོ་མི་དྲུག་པོ་ནང་ལ་འགྲོ་བཅུག་ཡོད་འདུག བཙོན་ཁང་ནང་གི་ལས་བྱེད་ཚོས་གནད་དོན་དེའི་སྐོར་ཧ་གོ་ཡི་མེད་མདོག་དང་། ཉི་མ་ལྷ་མོ་དང་ཁོ་མོའི་ཨ་མ་གཉིས་ཀྱིས་རིན་པོ་ཆེ་བཀྲོངས་སོང་ཞེས་ཕྱི་ནས་སྐད་རྒྱག་དོན་ཅི་ཡིན་ཤེས་ཀྱི་མེད་མདོག་བསྟན་འདུག་ལ། ཁོ་ཚོས་ཉིན་རྒྱབ་ཆུ་ཚོད་གཉིས་པ་བར་སྒུགས་དང་ང་ཚོས་རིན་པོ་ཆེ་གྲོངས་བའི་གནས་ཚུལ་བཤད་ཆོག་བརྗོད་འདུག དེ་ནས་ཉི་མ་ལྷ་མོ་དང་། ཁོ་མོའི་ཨ་མ། རིན་པོ་ཆེའི་གཉེན་ཉེ་གཞན་པ་བཞི་པོ་བཅས་ཀྱིས་བཙོན་ཁང་གི་དབང་འཛིན་པ་ཚོས་སྨན་བཅོས་བརྟག་དཔྱད་ཀྱི་ཡིག་ཆ་དང་རིན་པོ་ཆེའི་སྐུ་ཕུང་རྩིས་སྤྲོད་མ་བྱས་པར་ཕྱིར་ལོག་གི་མིན་ཚུལ་བརྗོད་འདུག

ཉི་མ་ལྷ་མོ་དང་ཁོ་མོའི་གཉེན་ཉེ་རྣམས་བཙོན་ཁང་གི་ཕྱི་ལ་ཐོན་ཡོང་སྐབས། བོད་མི་སུམ་བརྒྱ་ཙམ་ཞིག་བཙོན་ཁང་གི་ཕྱི་རོལ་ལ་འཛོམས་ཏེ་ཟས་བཅད་ངོ་རྒོལ་བྱེད་ཀྱི་ཡོད་པ་མཐོང་པས། ཉི་མ་ལྷ་མོ་དང་ཁོ་མོའི་ཨ་མ་གཉིས་ངོ་རྒོལ་ལས་འགུལ་དེའི་ནང་མཉམ་ཞུགས་ཀྱིས་གསར་འགོད་པ་ཚོར་རིན་པོ་ཆེའི་སྐོར་ལ་དྲང་པོ་བྱས་མ་སོང་བའི་གནས་ཚུལ་སྤེལ་དགོས་ཚུལ་གྱི་འབོད་སྐུལ་ཞུས་ཡོད་འདུག ངོ་རྒོལ་གྱི་ངར་ཤུགས་ཆེ་རུ་འགྲོ་སྐབས་སྤྱི་བདེ་མི་སྣ་ཚོས་ཡུལ་དེ་བརྒྱུད་ནས་འགྲོ་འོང་བྱེད་མཁན་རྣམས་ཉེ་སར་ཡོང་མ་བཅུག་པར། འཇིགས་སྐུལ་རིང་ལུགས་པ་ཚོ་བཙོན་ཁང་གཏོར་དུ་ཡོང་ཡོད་ཚུལ་བརྗོད་དེ་ཟས་བཅད་ངོ་རྒོལ་བྱེད་མཁན་མི་སུམ་བརྒྱ་དེའི་མཐའ་བསྐོར་ནས་བསྡད་ཡོད་འདུག

ཉིན་རྒྱབ་ཆུ་ཚོད་གཉིས་པ་ཙམ་ལ་ཉི་མ་ལྷ་མོའི་ཨ་མ་དང་ཁོ་མོའི་ཨ་ནེ་ཞིག་བཙོན་ཁང་ནང་ལ་སྐད་བཏང་ནས། ལས་བྱེད་ཅིག་གིས་ཡིག་ཆ་ཞིག་བཀླགས་པ་དང་། དེའི་ནང་རིན་པོ་ཆེ་སྨན་ཁང་ཞིག་ཏུ་སྐུ་གཤེགས་ཚུལ་འཁོད་ཡོད་འདུག་ལ། དེ་ནི་རིན་པོ་ཆེ་སྐུ་གྲོངས་པའི་དཔང་རྟགས་ཡིག་ཆ་ཡིན་མདོག་བྱས་འདུག ཡི་གེ་དེར་མིང་རྟགས་འཁོད་དགོས་ཚུལ་བཤད་པར། སྒྲོལ་དཀར་ལྷ་མོས་ཡི་གེ་དེ་ང་ལ་སྤྲོད་རོགས་ཞུས་པར། སྤྲད་འདོད་མ་བྱས་པས་སྒྲོལ་དཀར་ལྷ་མོས་ཡི་གེ་དེའི་ནང་དོན་དངོས་སུ་ཅི་ཞིག་འཁོད་ཡོད་མེད་ངས་ཤེས་ཀྱི་མེད་ཟེར་ནས་མིང་རྟགས་འཁོད་མི་འདུག ཁོ་མོས་ཡི་གེ་དེའི་ནང་དོན་ཤེས་རྟོགས་སླད་དང་བསམ་བློ་གཏོང་བར་ངོ་བཤུས་ཤིག་དགོས་ཚུལ་ཞུས་ཀྱང་། ལས་བྱེད་དེས་སྤྲད་འདོད་མ་བྱས་པས། སེམས་མགོ་གནོན་ཐབས་བྲལ་བའི་དཀའ་ངལ་འོག་སྒྲོལ་དཀར་ལྷ་མོའི་ལུས་ཁམས་བདེ་ཐང་མིན་པའི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཏེ་དྲན་མེད་དུ་བརྒྱལ་བ་དང་། བཙོན་ཁང་ནང་གི་ལས་བྱེད་ཚོས་དེ་མ་ཐག་ཁོ་མོ་ཕྱིར་མགྲོན་ཁང་ལ་བསྐྱལ་འདུག སྐབས་དེར་བཙོན་ཁང་གི་ཕྱི་རོལ་ན་ངོ་རྒོལ་བ་གཞན་དག་དང་མཉམ་དུ་ཡོད་པའི་ཉི་མ་ལྷ་མོས་གནས་ཚུལ་དེ་ཤེས་རྟོགས་བྱུང་མེད། རྗེས་སུ་མགྲོན་ཁང་ནས་ཁ་པར་ཞིག་འབྱོར་ཏེ་ཁོ་མོའི་ཨ་མ་ལ་རྨས་སྐྱོབ་ཐེབས་འདུག་ཚུལ་བཤད་འདུག་པས། ཉི་མ་ལྷ་མོའི་སེམས་སུ་བཙོན་ཁང་གི་ལས་བྱེད་ཚོས་ཨ་མ་ལ་ཉེས་རྡུང་བཏང་ཡོད་ངེས་རེད་སྙམ་གྱིན་མགྲོན་ཁང་དུ་སླེབས་སྐབས། ཨ་མའི་ཁྲག་ཤེད་འཕར་ཡོད་པ་ཤེས་རྟོགས་བྱུང་ལ། མགྲོན་ཁང་དེའི་ནང་ཁོ་ཚོའི་འགྲོ་འདུག་གནས་སྟངས་ལ་ལྟ་རྟོགས་ཆེད་སྒྲིག་ཆས་གྱོན་པའི་སྤྱི་བདེ་མི་སྣ་བཞི་བཅུ་ཙམ་འགྲེམས་འཇོག་བྱས་ཡོད་པའང་ཤེས་རྟོགས་བྱུང་ཡོད་འདུག སྐབས་དེར་སྤྱི་བདེ་མི་སྣ་ཚོས་ཁོང་ཚོར་ལྟ་རྟོགས་ནན་མོ་བྱས་ཡོད་འདུག ཐ་ན་ཉི་མ་ལྷ་མོ་ཁྲུས་ཁང་ནང་ལ་ཕྱིན་ཡང་ལྟ་རྟོགས་བྱས་ཡོད་འདུག

དགོང་མོ་ཆུ་ཚོད་བདུན་པ་ཙམ་ལ་སྤྱི་བདེ་མི་སྣ་གཉིས་ཉི་མ་ལྷ་མོ་དང་ཁོ་མོའི་ཨ་མ་གཉིས་སྡོད་སའི་མགྲོན་ཁང་དུ་ཡོང་སྟེ་རིན་པོ་ཆེའི་ནང་མི་ཚོར་གོང་རིམ་ལ་ཡར་ཞུ་བྱ་རྒྱུ་ག་རེ་ཡོད་སྐོར་ཤེས་འདོད་ཡོད་ཚུལ་བསྟན། སྐབས་དེར་ཉི་མ་ལྷ་མོའི་ཨ་མས་གནད་དོན་གསུམ་བཤད་འདུག དང་པོ། རིན་པོ་ཆེ་སྐུ་གྲོངས་ཚུལ་ཐད་སྨན་ཁང་གི་བརྟག་དཔྱད་དཔང་ཡིག་དགོས། གཉིས་པ། རྒྱ་ནག་གི་ཁྲིམས་ལུགས་ནང་འཁོད་དོན་ལྟར་རིན་པོ་ཆེའི་ཁྱིམ་མི་གཉེན་ཉེ་ཚོར་སྐུ་ཕུང་བདག་བྱེད་པའི་ཐོབ་ཐང་ཡོད་དགོས། གསུམ་པ། རིན་པོ་ཆེའི་སྐུ་ཕུང་ཁོང་གི་ཁྱིམ་མི་ཚོར་རྩིས་སྤྲོད་དགོས་པ་བཅས་ཡིན། སྤྱི་བདེ་མི་སྣ་གཅིག་གིས་ཁོ་མོས་འབོད་སྐུལ་ཞུས་པའི་ཚིག་རྣམས་ཤོག་བུ་ཞིག་གི་སྟེང་བྲིས་ཏེ་མཛུབ་ཐེལ་རྒྱག་བཅུག་ཡོད་འདུག དེ་ནས་ཨ་མ་ལ་ངོ་བཤུས་ཤིག་སྤྲད་དེ་འབོད་སྐུལ་ཞུ་ཡིག་དེ་ཁྱེར་ནས་སྤྱི་བདེ་མི་སྣ་དེ་གཉིས་ཕྱིར་ལོག་འདུག དེ་རྗེས་མཚན་མོའི་ཆུ་ཚོད་བཅུ་པ་ཙམ་ལ་སྤྱི་བདེ་མི་སྣ་གཞན་ཞིག་ཡོང་སྟེ་སང་ཉིན་ཞོགས་པ་ཆུ་ཚོད་བདུན་པའི་སྟེང་རིན་པོ་ཆེའི་སྐུ་ཕུང་ཞུགས་འབུལ་བྱ་རྒྱུ་ཡིན་ཚུལ་བཤད་འདུག གནས་ཚུལ་དེ་བློ་ཡིད་ལས་འདས་པ་ཞིག་ཏུ་གྱུར་ཅིང་། ཉི་མ་ལྷ་མོ་དང་ཨ་མ་གཉིས་ཀྱི་རེ་སྐུལ་ཞུ་ཡིག་དེའི་སྐོར་གོ་རྒྱུ་ཐོས་རྒྱུ་མེད་པར་གྱུར།

ཟླ་༧ ཚེས་༡༤ ཉིན་ཉི་མ་ལྷ་མོ་ལ་ཨ་མའི་ཁ་པར་འབྱོར་བ་དང་། རིན་པོ་ཆེ་སྐུ་གྲོངས་བའི་གནས་ཚུལ་ཤེས་རྟོགས་བྱུང་། ཟླ་༧ ཚེས་༢ ཉིན་ནས་ཉི་མ་ལྷ་མོའི་ཨ་མ་དང་ཁོ་མོའི་ཨ་ནེ་གཉིས་ཁྲིན་ཏུའུ་ལ་བཙོན་ཁང་དུ་རིན་པོ་ཆེར་ཐུག་རེ་བྱས་ནས་ཕྱིན་ཡོད་འདུག སྐབས་དེར་ས་གནས་བོད་མི་༣༠༠ ཙམ་ཞིག་འཛོམས་ཏེ་ཁྲིན་ཏུའུ་ལ་འགྲོ་རྩིས་ཡོད་པ་གྲོང་ཚོའི་འགོ་ཁྲིད་ཀྱིས་བཀག་སྟེ་རྫོང་སྲིད་གཞུང་ནས་བཀའ་འཁྲོལ་ཞུ་དགོས་ཚུལ་བརྗོད་ཡོད། རྫོང་གི་འགོ་ཁྲིད་ཚོས་ཀྱང་ཁུལ་དང་ཞིང་ཆེན་གྱི་རིམ་པ་ནས་བཀའ་འཁྲོལ་ཐོབ་དགོས་ཚུལ་བཤད་འདུག དེ་ལྟར་ཞུ་སྐུལ་ཡང་ཡང་བྱས་རྗེས་ལི་ཐང་རྫོང་གི་འགོ་ཁྲིད་ཚོས་མི་བདུན་ཁྲིན་ཏུའུ་ལ་འགྲོ་བའི་ཆོག་མཆན་སྤྲད་འདུག མི་བདུན་དེ་ནི། ཉི་མ་ལྷ་མོའི་ནུ་བོ་བསྟན་འཛིན་གཞན་ཕན་དང་། ཉི་མ་ལྷ་མོའི་ཨ་ནེའི་བུ་ཆེ་བ་ཆོས་འཕེལ། རིན་པོ་ཆེའི་ཨ་ནེའི་བུ་གྲགས་པ། རིན་པོ་ཆེའི་ཨ་ཞང་ཚང་གི་མག་པ་བཀྲ་འཕེལ། རིན་པོ་ཆེའི་ཨ་ནེའི་བུ་ཨ་ཀེལ། རིན་པོ་ཆེའི་ཨ་ནེའི་ཚ་བོ་ཡེ་ཤེས་རྒྱ་མཚོ་བཅས་ཡིན་འདུག་ལ། ཁོང་ཚོ་ལི་ཐང་རྫོང་གི་སྤྱི་བདེ་མི་སྣས་ཁྲིད་ནས་ཁྲིན་ཏུའུ་ལ་ཕྱིན་འདུག

ཉིན་དེའི་དགོང་མོ་ཉི་མ་ལྷ་མོས་ཆོག་མཆན་མ་ཞུས་པར་ཨ་མ་དང་ཨ་ནེ་སར་ཁྲིན་ཏུའུ་ལ་འགྲོ་བའི་སེམས་ཐག་བཅད། གོང་རིམ་ནས་ལི་ཐང་ནས་ཁྲིན་ཏུའུ་ལ་འགྲོ་བའི་ལམ་ཁ་ཚང་མར་བརྟག་དཔྱད་ས་ཚིགས་བཙུགས་ཡོད་པ་དང་། ལམ་བར་དུ་ཁོང་ཚོ་ཐེངས་ཁ་ཤས་ལ་བཀག་མོད་ཆུ་ཚོད་བཅོ་ལྔའི་རིང་འགྲུལ་བཞུད་བྱས་མཐར་ཁྲིན་ཏུའུ་ལ་འབྱོར་ཐུབ་པ་བྱུང་། བཙུན་མ་ཁ་ཤས་ཀྱང་རིན་པོ་ཆེའི་གནས་ཚུལ་གསན་ནས་ཁྲིན་ཏུའུ་ལ་འགྲོ་བའི་ལམ་བར་དུ་འཇུ་བཟུང་བྱས་འདུག ཁོ་མོ་ཨ་མ་དང་ཨ་ནེ་གཉིས་སྡོད་སའི་མགྲོན་ཁང་དུ་འབྱོར་སྐབས་མགྲོན་ཁང་དེའི་ཕྱོགས་ཚང་མ་སྤྱི་བདེ་མི་སྣས་བསྐོར་ནས་བསྡད་ཡོད་པ་མཐོང་།

ཉི་མ་ལྷ་མོ་ནི་ལི་ཐང་རྫོང་གི་ཁོངས་གཏོགས་བདེ་སྐྱིད་གྲོང་ཚོ་རུ་སྐྱེས་ཤིང་། ཁོ་མོ་ཕ་མ་གཉིས་ལ་བྱིས་པ་ལྔ་ཡོད་པའི་ནང་ནས་ཆེ་ཤོས་གཉིས་པ་དེ་ཡིན་འདུག ལོ་ན་ཉི་ཤུའི་སྟེང་གཉེན་བསྒྲིགས་བྱས་ཤིང་། ཁོ་མོར་མིང་ལ་ཟླ་བ་སྒྲོན་མ་ཟེར་བའི་བུ་མོ་ཞིག་ཡོད་པ་དང་། ད་ལྟ་ལོ་ན་དྲུག་ལ་སོན་ཡོད་འདུག ཉི་མ་ལྷ་མོས་གཉེན་བསྒྲིགས་བྱས་ནས་ལོ་གཅིག་གི་རྗེས་སུ་ཨ་ཕ་ཐུབ་བསྟན་སྐལ་བཟང་འཇིག་རྟེན་མི་ཡུལ་དང་ཁ་བྲལ་འདུག ད་ཆ་ཁོ་མོའི་ཁྱིམ་དུ་ཨ་མ་སྒྲོལ་དཀར་ལྷ་མོ་དང་། གཅེན་མོ་བསྟན་འཛིན་དཔལ་མོ། ལོ་དགུ་ལ་སོན་པའི་གཅེན་མོ་བསྟན་འཛིན་དཔལ་མོའི་བུ། ནུ་བོ་གཉིས་བཅས་ཡོད་འདུག ཁོ་མོའི་ནུ་མོ་གཅིག་ལོ་ན་ཉེར་བཞིའི་སྟེང་ནད་ཀྱིས་མནར་ཏེ་གྲོངས་ཡོད་འདུག ཉི་མ་ལྷ་མོ་རང་གི་ཁྱོ་བོའི་ཁྱིམ་དང་བྲལ་ནས་ནད་ཀྱིས་མནར་བའི་ནུ་མོར་ལྟ་སྐྱོང་བྱེད་དུ་འགྲོ་དགོས་ཐུག་ཡོད། ཁོ་མོའི་ཨ་ཕ་དང་ནུ་མོ་གཉིས་གྲོངས་རྗེས་ཁྱིམ་མི་ཚོ་དཀའ་ངལ་མང་པོར་འཕྲད་ཡོད། ད་ཆ་ཁོ་མོས་རང་གི་ཨ་ཞང་ལ་རྒྱ་གཞུང་གིས་དྲང་བདེན་མ་བྱས་པའི་གནས་ཚུལ་འཛམ་གླིང་ཡོངས་ལ་ཤེས་སུ་འཇུག་རྒྱུ་གལ་ཆེན་དུ་འཛིན་གྱི་ཡོད་པ་དང་། བོད་ནང་གི་བཟའ་མི་ཚོའི་བདེ་འཇགས་ལའང་སེམས་ཁུར་བྱེད་ཀྱི་ཡོད།

to top