སྤང་རི་སྣ་རིན་པོ་ཆེའི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་འདུག

སྤང་རི་སྣ་རིན་པོ་ཆེ་ལགས་ཀྱི་དེ་སྔའི་སྐུ་པར།
སྤང་རི་སྣ་རིན་པོ་ཆེ་ལགས་ཀྱི་དེ་སྔའི་སྐུ་པར།

འདི་ག་ལྟེ་གནས་ཁང་གནས་ཚུལ་འབྱོར་དོན། མདོ་ཁམས་དཀར་མཛེས་དགོན་པའི་སྤྲུལ་སྐུ་སྤང་རི་སྣ་རིན་པོ་ཆེ་མཆོག་འཇུ་བཟུང་བཙོན་འཇུག་འོག་ལོ་ ༦ དང་ཟླ ༣ ལྷག་ཕྱིན་ཡོད་པ་ལྟར། ཉེ་ཆར་བོད་མི་ཞིག་སྒེར་གྱི་ལས་དོན་དང་འབྲེལ་བའི་ཐོག་ནས་ཟི་ཁྲོན་མཱེན་ཡང་བཙོན་ཁང་དུ་བསྐྱོད་སྐབས། བཙོན་ཁང་དེ་གར་གློ་བུར་སྤང་རི་སྣ་རིན་པོ་ཆེ་མཐོང་ཡོད་པ་དང་། དེ་དུས་རིན་པོ་ཆེ་ཁོང་གི་སྐུ་གཟུགས་གནས་སྟངས་ནི་བློ་ཡིད་ལ་འཆར་དཀའ་བའི་ཧ་ལས་པའི་སྐྱོ་བོ་ཆགས་ཡོད་འདུག དེ་བརྟེན། བཙོན་འོག་ཏུ་ཁོང་ལ་སྡུག་སྦྱོང་མནར་གཅོད་འདྲ་མིན་བཏང་སྟེ། སྐུ་གཟུགས་གནས་སྟངས་ལ་ཉེན་ཁ་འཕྲད་བཞིན་པའི་ཐད། ས་གནས་བོད་རིགས་དད་ལྡན་མང་ཚོགས་ཀྱི་ངོས་ནས་བློ་འཚབ་ཆེན་པོ་བྱེད་བཞིན་འདུག

༢༠༠༨ ལོའི་ཕྱི་ཟླ་ ༥ ཚེས་ ༡༤ ཉིན། དཀར་མཛེས་རྫོང་ཐོག་ཏུ་སྤང་རི་སྣ་དགོན་པའི་བཙུན་མ་ ༨༠ ལྷག་གིས་ཞི་བའི་ཁྲོམ་སྐོར་སྐབས། རྒྱ་གཞུང་ཉེན་རྟོག་པས་བཙུན་མ་ ༥༥ འཇུ་བཟུང་བྱས་རྗེས། རིན་པོ་ཆེ་ཁོང་གནས་ཚུལ་དེར་འབྲེལ་བ་ཡོད་པར་སྙན་འདོགས་ཀྱིས་རྗེས་འདེད་ལྟ་རྟོགས་བྱས་པ་དང་། ཟླ་དེའི་ཕྱི་ཚེས་ ༡༨ ཉིན་གྱི་བོད་ནང་གི་ཐོ་རངས་ཆུ་ཚོད་ ༤ དང་ཕྱེད་ཀ་ཙམ་ལ་རྒྱ་དམག་གིས་རིན་པོའི་གཟིམ་ཁང་གི་མཐའ་སྐོར་ཏེ། ཁོང་ཉིད་འཇུ་བཟུང་བཙན་འཁྲིད་རྗེས་ཟླ་བ་མང་པོའི་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད། དམག་མི་དང་ཉེན་རྟོག་པ་ ༢༠༠༠ ལྷག་གིས་སྤང་རི་སྣ་དང་ཡར་སྟེང་བཙུན་དགོན་གཉིས་ཀྱང་མཐའ་སྐོར་ནས་དམ་དྲག་བཀག་སྡོམ་བྱས་ཡོད་པ་རེད།

དེ་ལྟར། རྒྱ་གཞུང་གིས་སྤང་རི་སྣ་དང་ཡར་སྟེང་བཙུན་དགོན་གཉིས་ཀྱི་བཙུན་མ་རྣམས་ཀྱིས། རྒྱ་གཞུང་གིས་དགོན་པའི་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་བར་ཞི་བའི་ངོ་རྒོལ་བྱས་པ་དང་། ༸གོང་ས་མཆོག་ལ་སྐྱོན་བརྗོད་གྱི་ཡིག་ཆའི་སྟེང་མཚན་རྟགས་མ་བཀོད་པ། ༢༠༠༢ ལོར་སྤང་རི་སྣ་རིན་པོ་མཆོག་དབུ་བཞུགས་ཐོག དཀར་མཛེས་མི་མང་གིས་༧གོང་ས་མཆོག་ལ་བརྟན་བཞུགས་ཞབས་རིམ་སྒྲུབ་པ་སོགས། རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་སྣ་ཚོགས་བཙུགས་ཐོག

༢༠༠༩ ལོའི་ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན། དཀར་མཛེས་ཁུལ་དར་མདོ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། སྤང་རི་སྣ་རིན་པོ་ཆེ་མཆོག་ལ་ལོ་ ༨ དང་ཟླ་བ་ ༦ གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ། ཟི་ཁྲོན་མཱེན་ཡཱང་བཙོན་ཁང་ནང་བཙོན་འཇུག་བྱས་ཡོད་པ་རེད། བཙོན་འཇུག་ཁྲིམས་གཅོད་སྐབས་ནག་ཉེས་གང་ཡིན་གསལ་བོ་ར་སྤྲོད་བྱུང་མེད་ལ། ཁྲིམས་རའི་ནང་དྲང་བདེན་འདྲ་མཉམ་གྱི་ཐོག་ནས་ཁྲིམས་རྩོད་ཀྱི་གོ་སྐབས་གང་ཡར་རག་མེད་པ་རེད། ཁོང་བཙོན་འོག་དུ་ལོ་ངོ་དྲུག་ལྷག་ཕྱིན་པའི་རིང་སྡུག་སྦྱོང་མནར་གཅོད་དྲག་པོ་བཏང་བར་མ་ཟད། དུས་ཐོག་སྨན་བཅོས་ལྟ་རྟོགས་མ་བྱས་པར་བརྟེན་ནས། ད་ལྟའི་ཆར་ཁོང་གི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་འདུག

སྤང་རི་སྣ་རིན་པོ་བཙོན་འཇུག་བྱ་ཡུལ་ཟི་ཁྲོན་མཱེན་ཡཱང་བཙོན་ཁང་རྒྱ་སྒོ།
སྤང་རི་སྣ་རིན་པོ་བཙོན་འཇུག་བྱ་ཡུལ་ཟི་ཁྲོན་མཱེན་ཡཱང་བཙོན་ཁང་རྒྱ་སྒོ།

སྤང་རི་སྣ་རིན་པོ་ཆེའམ་ཕུར་བུ་ཚེ་རིང་མཆོག་ནི། ༡༩༥༧ ལོའི་ཕྱི་ཟླ་ ༡ ཚེས་ ༢ ཉིན། ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཀར་མཛེས་རྫོང་གསེར་མཁར་ཤང་མཆིག་རིང་གྲོང་དུ། ཡབ་ཚེ་དབང་དར་རྒྱས་དང་ཡུམ་དབྱངས་ཅན་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས། རིན་པོ་ཆེ་ཁོང་ནི་དཀར་མཛེས་སྤང་རི་སྣ་བཙུན་དགོན་དང་ཡར་སྟེང་བཙུན་དགོན་གཉིས་ཀྱི་དགོན་བདག་ཡིན་པ་དང་། སྤང་རི་སྣ་བཙུན་དགོན་ལ་བཙུན་མ་ ༡༠༠ ལྷག་དང་། ཡར་སྟེང་བཙུན་དགོན་ལ་བཙུན་མ་ ༦༠ ལྷག་ཡོད་པ་རེད། གཞན་ཡང་། རིན་པོ་ཆེ་ཁོང་གིས་སྤང་རི་སྣ་སྒེར་གཉེར་རྒན་གསོ་ཁང་དང་སྨན་ཁང་བཅས་གསར་འཛུགས་ཀྱིས། ས་གནས་བོད་མིའི་དཀའ་ངལ་སྣ་ཚོགས་སེལ་ཐབས་སུ་དམངས་ཕན་རང་བཞིན་གྱི་ལས་ཀ་སྣ་མང་སྒྲུབ་ཡོད་པ་རེད། དེ་བས་དད་ལྡན་བོད་རིགས་མང་ཚོགས་རྣམས་ཁོང་ལ་དད་འདུན་ཆེན་པོ་ཡོད་པ་དང་། ཁོང་གི་མཛད་པ་འཕྲིན་ལས་ལ་མང་ཚོགས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱེད་བཞིན་ཡོད་འདུག

འདི་ག་ལྟེ་གནས་ཁང་གི་གནས་ངོས་ནས། རྒྱ་གཞུང་གིས་བཙོན་འོག་ཏུ་སྤང་རི་སྣ་རིན་པོ་ཆེ་ལགས་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་སྟེ། གཟུགས་པོའི་གནས་སྟངས་ལ་ཉེན་ཁ་འཕྲད་བཞིན་པའི་ཐད། མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་དེ། རིན་པོ་ཆེ་མཆོག་ལ་ཁྲིམས་ལུགས་མཐུན་གྱི་འཕྲོད་བསྟེན་ཐོབ་ཐང་སྤྲད་དེ། ཁོང་གི་གཟུགས་པོར་དུས་ཐོག་སྨན་བཅོས་མཐུན་སྦྱོར་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།

to top