བོད་ནང་དུ་རང་ལུས་མེར་བསྲེགས་གནང་སྟེ་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་རིམ་པར་འབྱུང་བཞིན་པ་དེར། རྒྱ་གཞུང་གིས་དྲག་གནོན་འཇུགས་སྐུལ་བྱ་ཆེད། རང་ལུས་མེར་བསྲེགས་གནང་མཁན་དཀོན་མཆོག་དབང་མོ་ལགས་ཀྱི་བཟའ་ཟླ་སྒྲོལ་མ་སྐྱབས་ལགས་ཉེས་འཛུགས་འོག་སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཐག་བཅད་འདུག

ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༤ ཉིན། རྔ་བ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བོད་མི་སྒྲོལ་མ་སྐྱབས་ལགས་ལ་ སྲོག་ཐོག་གི་ཁྲིམས་ཐག་བཅད་དེ་ཚེ་གང་ཆབ་སྲིད་ཁེ་དབང་བཙན་འཕྲོག་བྱས་ཡོད་སྐོར། ཉིན་དེའི་རྒྱ་གཞུང་ཧཱན་ཆིག་དྲ་བ་དང་རྒྱ་ནག་དྲ་བ་བཅས་ཀྱི་སྟེང་དྲིལ་བསྒྲགས་བྱས་འདུག་ལ། རྒྱ་གཞུང་གིས་སྤེལ་བའི་གནས་ཚུལ་དེའི་ནང་། རང་ལོ་ ༣༢ ཡིན་པའི་བོད་མི་སྒྲོལ་མ་སྐྱབས་ཀྱིས་ཆང་འཐུང་རྗེས་ཁོ་རང་གི་ཆུང་མ་དཀོན་མཆོག་དབང་མོ་དང་ཕན་ཚུན་ཁ་རྩོད་ཤོར་ཏེ། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༡ དགོང་མོ་ཆུ་ཚོད་ ༡༡ སྟེང་སྒེ་བགེག་སྟེ་དམར་གསོད་བཏང་རྗེས། ཕྱི་ཉིན་ཞོགས་པ་ཁོ་མོའི་ཕུང་པོ་མེར་བསྒྲོན་པ་ཏེ་རང་ལུས་མེར་བསྲེགས་ལ་བརྫུས་བཟོས་བྱས་ཡོད་སྐོར་གྱི་བསྙད་འདོགས་བྱས་ཡོད་པ་རེད།
དཀོན་མཆོག་དབང་མོ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་གྱིས་འདས་གྲོངས་ཕྱིན་ཡོད་པ་ལྟར། སྐབས་དེར་ཕྱི་ཕྱོགས་གྱི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་དོན། དཀོན་མཆོག་དབང་མོ་ལགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༣ གྱི་དགོང་མོ་རང་ལུས་མེར་བསྲེགས་གནང་རྗེས། རྒྱ་གཞུང་ཉེན་རྟོག་པས་ཁོ་མོའི་སྐུ་ཕུང་བཙན་འཁྱེར་བྱས་ཏེ། ཕྱི་ཚེས་ ༡༤ ཉིན་ཁོང་མོའི་ཁྱོ་ག་སྒྲོལ་མ་སྐྱབས་འབོད་འགུག་བྱས་ཐོག སྔར་ནས་སྦྱིན་བསྲེགས་ཟིན་པའི་རུས་ཐལ་ཞིག་ལག་ཏུ་སྤྲད་རྗེས། དཀོན་མཆོག་དབང་མོས་རང་ལུས་མེར་བསྲེགས་ནི་ཁྱིམ་ཚང་གི་དཀའ་རྙོག་རྐྱེན་གྱིས་ཡིན་པ་ཁས་ལེན་དགོས་པའི་བཙན་བཀའ་བཏང་ཡོད་ལ། སྒྲོལ་མ་སྐྱབས་ལགས་ཀྱིས་བཙན་དབང་བསྙད་འདོགས་དེ་རྩ་བ་ནས་ངོས་ལེན་བྱས་མེད་སྟབས། རྒྱ་གཞུང་གིས་ཁོང་ཉིན་དེར་འཇུ་བཟུང་བཙན་ཁྲིད་ཀྱིས་བཀག་ཉར་བྱས་ཡོད་པ་རེད།
ཉེ་ཆར་རྒྱ་གཞུང་གསར་ལམ་ཁག་གིས་སྒྲོལ་མ་སྐྱབས་ལགས་ཀྱི་ཁྲིམས་རྩོད་པ་སུའུ་ཧའེ་ཅོན་གྱི་བཤད་པའི་སྐད་ཆ་ལུང་འདྲེན་བྱས་པའི་ནང་། “ནམ་རྒྱུན་བཟའ་ཟླ་གཉིས་ཕན་ཚུན་འཆམ་པོ་ཡོད་སྟབས།” དཀོན་མཆོག་དབང་མོས་ཕ་མ་གཉིས་ཀྱིས་ཁོ་ཚང་གི་མག་པས་སོ་སོའི་བུ་མོ་བསད་པར་ཡིད་ཆེས་བྱེད་མི་སྲིད་པ་ཞིག་ཡིན་སྐོར་བཀོད་ཡོད་པ་རེད། རྒྱ་གཞུང་གི་གསར་ལམ་ཁག་གིས་དཀོན་མཆོག་དབང་མོས་ཕ་མ་གཉིས་ཀྱིས་ཉེས་འཛུགས་དེའི་ཐད་སྐད་ཆ་ག་རེ་བཤད་ཡོད་མེད་སྐོར་གང་ཡང་གསལ་བཤད་བྱས་མེད་ཀྱང་། ཁྲིམས་རྩོད་པའི་སྐད་ཆ་དེའི་ཚིག་ཟུར་ལས་དཀོན་མཆོག་དབང་མོས་ཕ་མ་གཉིས་ཀྱིས་རྒྱ་གཞུང་གི་དྲང་བདེན་མ་ཡིན་པའི་ཉེས་འཛུགས་དེ་ངོས་ལེན་གནང་གི་མེད་པ་མངོན་ཡོད་པ་རེད།
རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་ཆེད། ཉེ་བའི་ལོ་འགའི་རིང་བོད་ནང་དུ་སྐྱ་སེར་རྒན་གཞོན་ཕོ་མོ་དབྱེར་མེད་ཐོག་རང་ལུས་མེར་བསྲེགས་གཏོང་མཁན་རིམ་པར་བྱུང་པར་བརྟེན། རྒྱ་གཞུང་གིས་རྒྱལ་སྤྱིའི་གནོན་ཤུགས་ལ་གཡོལ་ཆེད་རང་ལུས་མེར་བསྲེགས་གནང་མཁན་དག་ནི། སྔོན་ཆད་རྐུན་ཇག་སོགས་སྤྱི་ཚོགས་ཐོག་བྱ་ངན་པ་སྤེལ་མཁན་གྱི་གྲས་དང་། ལུས་སེམས་དབང་བོ་ཐང་མེད་རིགས་སོགས་སུ་བསྙད་འདོགས་ཀྱིས་དྲང་བདེན་མ་ཡིན་པའི་གླེང་ཕྱོགས་བཟོས་བཞིན་པར་མ་ཟད། རང་ལུས་མེར་བསྲེགས་གནང་མཁན་གྱི་ནང་མིར་ལྐོག་ཏུ་དངུལ་སྤྲད་དེ། རང་བསྲེགས་དོན་རྐྱེན་དག་ནང་མིའི་དཀའ་རྙོག་ལ་བརྟེན་ནས་བྱུང་བ་ཡིན་པར་ཁས་ལེན་རྒྱུར་བསླུ་བྲིད་ཐབས་ཤེས་འདྲ་མིན་གཏོང་བཞིན་ཡོད།
ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༦ ཉིན་བོད་མདོ་སྨད་གཙོད་གྲོང་ཁྱེར་རྡོ་དཀར་ཡུལ་ཚོའི་རང་ལོ་ ༢༧ ཡིན་པ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་བསྲེཊ་ཀྱིས། སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་པ་དང་། བོད་ལ་སྐད་ཡིག་དང་ཆོས་དད་རང་དབང་དགོས་ཞེས་སྐད་འབོད་གནང་སྟེ་འདས་གྲོངས་སུ་གྱུར་རྗེས། ས་གནས་རྒྱ་གཞུང་ཉེན་རྟོག་པ་དང་ལས་བྱེད་ཁག་ཅིག་ཁོང་གི་ནང་དུ་ཕྱིན་ཏེ། སངས་རྒྱས་རྒྱ་མཚོས་རང་ལུས་མེར་བསྲེཊ་བཏང་བ་དེ་ནི་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་ཞིག་མ་ཡིན་པར། བཟའ་ཚང་ནང་ཁུལ་མ་འཆམ་པའི་དཀའ་རྙོག་འོག་བྱུང་བ་ཡི་གེར་བྲིས་ཏེ་མཚན་རྟགས་བཀོད་པ་ཡིན་ན། ནང་མིར་རྒྱ་སྒོར་ཁྲི་ ༡༠༠ སྤྲོད་དགོས་ཚུལ་བརྗོད་ཡོད། ཁོང་གི་ནང་མིས་ངོས་ལེན་མ་བྱས་པར་མ་ཟད། སངས་རྒྱས་རྒྱ་མཚོ་ལགས་བཟའ་ཚང་ལ་འཆམ་པོ་བྱེད་མཁན་ཞིག་དང་། བཟའ་མི་རྒན་གཞོན་ཚང་མ་ཁོང་གི་འབད་བརྩོན་འོག་འཚོ་བ་སྐྱེལ་བཞིན་ཡོད་ལ། ཁོང་གི་རང་ལུས་མེར་བསྲེཊ་ནི་བཟའ་ཚང་མ་འཆམ་པའི་གནས་ཚུལ་དང་འབྲེལ་བ་མེད་པ་གསལ་བཤད་བྱས་ཡོད་སྟབས། རྒྱ་གཞུང་གི་ངན་ཇུས་གཡོ་ཐབས་དེ་ལམ་ལྷུང་བྱུང་མ་ཐུབ་པར་རྫུན་རྐུབ་བརྡོལ་ཡོད་མོད། རྗེས་སུ་རྒྱ་གཞུང་གི་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་སྔོན་ཆད་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མྱོང་ཡོད་པ་དང་། བུད་མེད་མང་པོར་ཚུད་མིན་གྱི་འབྲེལ་བ་ཡོད་ཚུལ་བརྗོད་དེ། ཁོང་གི་དཔའ་བོའི་སྣང་བརྙན་ནག་བསུབ་གཏོང་ཐབས་དང་། ཕྱི་ཕྱོགས་ཀྱི་བརྒྱུད་སྐུལ་ལ་བརྟེན་ནས་རང་བསྲེགས་བཏང་ཡོད་སྐོར་བསྐྱར་དུ་རྫུན་བསྒྲགས་བྱས་ཡོད།
དེ་བཞིན། བོད་མདོ་སྨད་རྔ་པ་ཁུལ་དུ་རང་ལུས་མེར་བསྲེགས་རིམ་པར་གནང་མཁན་རྣམས་ནི། ཕྱི་ཕྱོགས་ཀྱི་བརྒྱུད་སྐུལ་འོག་བྱུང་བ་ཞིག་ཡིན་སྐོར་རྒྱལ་སྤྱིའི་ཐོག་རྫུན་སྒྲོག་བསླུ་བྲིད་གཏོང་ཐབས་སུ། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣༡ ཉིན་རྔ་བ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། ཀིརྟི་དགོན་པའི་གྲྭ་བློ་བཟང་དཀོན་མཆོག་དང་བློ་བཟང་ཚེ་རིང་གཉིས་ལའང་། རང་ལུས་མེར་བསྲེགས་ལ་བརྒྱུད་སྐུལ་བྱས་ཏེ་བསམ་བཞིན་མི་བསད་པའི་ཉེས་འཛུགས་འོག བློ་བཟང་དཀོན་མཆོག་ལ་ལོ་གཉིས་དུས་འགྱངས་ཀྱི་སྲོག་ཐོག་དང་ཆབ་སྲིད་ཁེ་དབང་ཚེ་གང་ལ་བཙན་འཕྲོག བློ་བཟང་ཚེ་རིང་ལ་ལོ་ ༡༠ དུས་བཀག་བཙོན་འཇུག་དང་ཆབ་སྲིད་ཁེ་དབང་ལོ་ ༣ ལ་བཙན་འཕྲོག་བཅས་ཀྱི་ཁྲིམས་ཐག་བཅད་ཡོད་ལ། ཐེངས་འདིར་སླར་ཡང་སྒྲོལ་མ་སྐྱབས་ལགས་ལའང་མི་བསད་ནག་ཉེས་བཀལ་ཏེ་སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་རེད། འདི་ནི་རྒྱ་གཞུང་གིས་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་དངོས་ཡོད་རྒྱབ་ལྗོངས་རྫུན་སྒྲོག་ཆེད། རང་ལུས་མེར་བསྲེགས་གཏོང་མཁན་གྱི་ནང་མིར་ཉེས་འཛུགས་ཀྱིས་དུས་འགྱངས་མ་ཡིན་པའི་སྲོག་ཁྲིམས་བཅད་པ་ཐོག་མ་དེ་ཆགས་ཡོད།
གཞན་ཡང་། རྒྱ་གཞུང་གིས་བོད་མིའི་ཞི་བའི་ངོ་རྒོལ་ལ་དྲག་གནོན་འཇིགས་སྐུལ་བྱ་ཆེད། བོད་མདོ་དབུས་ཁམས་གསུམ་ནང་རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་ནང་མི་དང་གཉེན་འབྲེལ། ཁོ་ཚོར་འབྲེལ་འདྲིས་ཡོད་པའི་དགའ་ཉེ་གྲོགས་པོ་བཅས་ལ་མེར་བསྲེགས་བརྒྱུད་སྐུལ་གྱི་ཉེས་འཛུགས་བྱས་ཏེ། ཁྲིམས་ཐུན་དྲང་བདེན་དང་ཕྱི་གསལ་ནང་གསལ་མ་ཡིན་པའི་ཐོག་ནས། སྲོག་ཁྲིམས་དང་དུས་བཀག་བཙོན་འཇུག་གི་ཉེས་ཁྲིམས་སོགས་བཅད་དང་གཅོད་བཞིན་ཡོད།
འདི་ག་ལྟེ་གནས་ཁང་གིས་རྒྱ་གཞུང་གིས་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་ནང་མི་ཉེ་འབྲེལ་དང་། དགའ་ཉེ་གྲོགས་པོ་བཅས་ལ་མ་ཉེས་ཁག་གཡོག་གི་ཉེས་འཛུགས་བྱས་ཏེ། ཁྲིམས་མཐུན་མ་ཡིན་པའི་ཐོག་སྲོག་ཁྲིམས་གཙོས་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་གཅོད་བཞིན་པའི་བྱ་སྤྱོད་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ། དེ་བཞིན། ཐེངས་འདིར་སྒྲོལ་མ་སྐྱབས་ལགས་ལ་ཁོང་གི་ཆུང་མ་བསད་པའི་ཚུལ་མིན་ནག་ཉེས་བཙུགས་ཏེ་སྲོག་ཁྲིམས་བཅད་པར་སྐྱོན་བརྗོད་དང་། རྒྱ་གཞུང་གིས་སྒྲོལ་མ་སྐྱབས་ལགས་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་། རྒྱ་གཞུང་གི་བཅའ་ཁྲིམས་དང་ཉེས་དོན་ཞུ་གཏུག་བཅའ་ཁྲིམས་ནང་གསལ་བའི་ཁྲིམས་རྩོད་དག་འབུལ་གྱི་ཁེ་དབང་ཆ་ཚང་སྤྲད་དེ། ཕྱི་གསལ་ནང་གསལ་གྱི་སྒོ་ནས་དྲང་བདེན་ཁྲིམས་བཤེར་བྱས་ཐོག མ་ཉེས་ཁག་གཡོགས་ཀྱི་ཁྲིམས་ཆད་དེ་རིགས་རྩིས་མེད་ཕྱིར་འཐེན་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད།
དེ་བཞིན། རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་ཀྱང་། རྒྱ་གཞུང་གིས་སྒྲོལ་མ་སྐྱབས་ལགས་ལ་མ་ཉེས་ཁག་གཡོགས་ཀྱིས་སྲོག་ཁྲིམས་བཅད་པའི་གྱོད་གཞིའི་ཐད་ལྟ་རྟོགས་དང་གནོན་ཤུགས་སྤྲོད་དེ། བོད་ནང་རྒྱ་ནག་གི་ནོར་འཁྲུལ་ཅན་གྱི་མི་སེར་སྤེལ་བའི་དབང་སྒྱུར་སྲིད་ཇུས་ལ་བརྟེན་ནས་རང་བསྲེགས་དོན་རྐྱེན་བྱུང་བཞིན་པ་དག རྒྱ་གཞུང་གིས་བརྒྱུད་སྐུལ་མི་གསོད་ཀྱི་ཉེས་དོན་ལ་ཁ་གཡར་ཏེ་དྲང་བདེན་དང་ཕྱི་གསལ་ནང་གསལ་མ་ཡིན་པའི་སྒོ་ནས། ཁོང་ཚོའི་ནང་མི་དང་ཉེ་འབྲེལ་གྲོགས་པོ་བཅས་ལ་ནག་ཉེས་བཀལ་ཏེ་སྲོག་ཁྲིམས་དང་དུས་བཀག་བཙོན་ཁྲིམས་བཅད་དེ། བོད་རིགས་མང་ཚོགས་ལ་འཇིགས་སྐུལ་དྲག་གནོན་བྱེད་བཞིན་པའི་བྱ་སྤྱོད་དེ་རིགས་འཕྲལ་དུ་མཚམས་འཇོག་ཆེད་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།