ཤག་རོང་བོ་དགོན་དུ་སྔར་ལྷག་དམ་དྲག་དང་བོད་མི་སྐོར་ཅིག་འཇུ་བཟུང་བྱས་འདུག

བོད་རང་སྐྱོང་ལྗོངས་ཁམས་ནག་ཆུའི་ས་ཁུལ་ཤག་རོང་པོ་དགོན་སྡེ་གཉིས་ལ། རྒྱ་གཞུང་གིས་སྔ་ཕྱིར་དྲག་གནོན་རིམ་པས་བྱས་ཏེ་ཛ་དྲག་གནས་སྟངས་ཆགས་ཡོད་པ་ལྟར། ཉེ་སྔོན་ས་གནས་རྒྱ་གཞུང་གིས་བོད་མི་སྐོར་ཅིག་འཇུ་བཟུང་བཀག་ཉར་དང་། དགོན་པའི་བླ་མའི་ཡང་སྲིད་ལ་དགོན་སྡེ་གཉིས་ཀྱིས་ངོས་ལེན་མེད་པའི་ཕྲུ་གུ་ཞིག་འཇོག་འཆར་བྱས་པར་བརྟེན། བུད་མེད་ཅིག་གིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་དེར་ངོ་རྒོལ་གྱིས་རང་སྲོག་གཅོད་རྩིས་བྱས་ཡོད་འདུག

Shakrong7
བླ་མ་ཟླ་བ་རིན་པོ་ཆེ།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཉེ་ཆར་ཤག་རོང་བོ་ཁུལ་དུ་བོད་མི་སྐོར་ཅིག་འཇུ་བཟུང་བྱས་ཡོད་པའི་ཁྲོད་ནས། མིང་དང་ལོ་ཚད་སོགས་ཤེས་རྟོགས་བྱུང་བ་ཁག་ཅིག་ནི།

ལོ་ ༢༧ ཡིན་པའི་བློ་བཟང་ཚེ་རིང་དང་། ལོ་ ༢༦ ཡིན་པའི་དུང་ཕུག  ལོ་ ༣༥ ཡིན་པའི་ཟླ་རྒྱལ། ལོ་ ༣༡ ཡིན་པའི་སྐར་མ།  ལོ་ ༢༨ ཡིན་པའི་རྒྱ་ལྷུག  ལོ་ ༢༩ ཡིན་པའི་རྒྱལ་བ།  ལོ་ ༣༩ ཡིན་པའི་སྲི་ཆོད། ལོ་ ༢༧ ཡིན་པའི་ཆོས་དར། ལོ་ ༢༡ ཡིན་པའི་བྱམས་པ་བཅས་ཡིན་ལ།   ཁོང་རྣམས་ནི་སྟར་ཆེན་ཞང་གི་ཚ་ལྷིས་གྲོང་ཚོ་དང་ཡར་ཐང་མར་ཐང་གྲོང་ཚོ་བཅས་ནས་ཡིན་འདུག དེར་མ་ཟད་འཛིན་ཟུང་སྐབས་དུང་ཕུག་ལ་ཚབ་ཆེའི་ཉེས་རྡུང་བཏང་ནས་སྨན་ཁང་དུ་ཁྱེར་ཡོད་ཀྱང་། ད་ལྟའི་ཆར་ཁོང་གི་གཟུགས་པོའི་གནས་སྟངས་ག་འདྲ་ཆགས་ཡོད་མེད་ཤེས་རྟོགས་བྱུང་མི་འདུག ད་དུང་གྲོང་ཚོ་གཞན་ནས་ཀྱང་མི་འཇུ་བཟུང་གི་གནས་ཚུལ་བྱུང་ཡོད་ཀྱང་། མིང་དང་ལོ་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མེད་པ་རེད།

དེ་སྔོན་རྒྱ་གཞུང་གི་བཅའ་སྡོད་རུ་ཁག་དང་ལག་འཛིང་ཤོར་མཁན་བོད་མི་ཚོར་བརྩད་གཅོད་མི་བྱེད་པའི་ཁས་ལེན་བྱས་ཡོད་ཀྱང་། ད་ལྟའི་ཆར་དེ་ལས་ལྡོག་སྟེ་མི་མང་པོ་འཇུ་བཟུང་བྱས་པའི་མ་ཚད།  བླ་མའི་ཡང་སྲིད་ཀྱང་མི་མང་གིས་ངོས་ལེན་མེད་པའི་ཕྲུ་གུ་ཞིག་བཙན་དབང་གིས་འཇོག་རྒྱུ་ཡིན་ཚུལ་བརྗོད་དེ། སྡེ་དགོན་གཉིས་ལ་ཡང་ཡང་སུན་གཙེར་ཆེན་པོ་བཟོས་པའི་རྐྱེན་གྱིས།  བློ་བཟང་ཚེ་རིང་གི་བཟའ་ཟླ་སྒྲོལ་མ་གཡང་སྐྱིད་ཀྱིས་སེམས་ཀྱིས་མ་བཟོད་པར་རང་སྲོག་གཅོད་རྩིས་ཡང་བྱས་ཡོད་འདུག

 དེའང་། ཁོ་མོས་རྒྱ་གཞུང་གིས་སྡེ་དགོན་གཉིས་ལ་སུན་གཙེར་བཟོ་རྒྱུ་མཚམས་འཇོག་དང་། འཛིན་ཟུང་བྱས་པའི་མི་རྣམས་ཀློད་གྲོལ། བཙན་དབང་གི་ཐོག་བླ་མའི་ཡང་སྲིད་བསྐོ་བཞག་བྱ་ཆར་ཕྱིར་མཐེན་མ་བྱས་ཚེ། ཁོ་མོས་རང་སྲོག་གཏོང་ངེས་ཡིན་ཞེས་བརྗོད་ཡོད་ཀྱང་། ས་གནས་རྒྱ་གཞུང་གིས་ཡ་ལན་སྣང་འཇོག་མ་བྱས་པར་བརྟེན། ཁོ་མོ་ཐབས་ཟད་འུ་ཐུག་ཏུ་གྱུར་ཏེ་འཕྲུལ་རྟ་ཞོན་ནས་སོ་སོ་ས་ལ་བརྡབ་བཅུག་སྟེ་ཛ་དྲག་རྨས་སྐྱོན་ཕོག་རྗེས།  རྒྱ་གཞུང་ཉེན་རྟོག་པས་ཁོ་མོ་ནག་ཆུ་ས་ཁུལ་གྱི་སྨན་ཁང་ཞིག་ནང་ཁྲིད་དེ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། ད་ལྟའི་ཆར་སྨན་ཁང་ནང་ཁོ་མོའི་ཉེ་འཁྲིས་སུ་རྒྱ་གཞུང་གིས་མི་སྣ་ཆེད་མངགས་ལྟ་སྲུང་བྱེད་བཞིན་ཡོད་པ་མ་ཟད། སྒྲོལ་མ་གཡང་སྐྱིད་ཀྱི་དོན་རྐྱེན་དེ་མང་ཚོགས་ཁྲོད་ཕན་ཚུན་ལ་བཤད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག

 སྒྲོལ་མ་གཡང་སྐྱིད་ནི་ལོ་ ༢༨ ཡིན་པ་དང་།  ཁོ་མོའི་ཕའི་མིང་ལ་སྨན་པ་རྣམ་སྲས་དང་མའི་མིང་ལ་ཆོས་དབྱིངས་སྒྲོལ་མ་ཟེར་བ་དང་། བློ་བཟང་ཚེ་རིང་དང་སྒྲོལ་མ་གཡང་སྐྱིད་བཟའ་ཟླ་གཉིས་ལ་བྱིས་པ་ཆུང་ཆུང་གཉིས་ཡོད་ཀྱང་།  བློ་བཟང་ཚེ་རིང་འཇུ་བཟུང་དང་སྒྲོལ་མ་གཡང་སྐྱིད་ལ་དོན་རྐྱེན་བྱུང་བའི་རྗེས།  ས་གནས་རྒྱ་གཞུང་གིས་བྱིས་པ་གཉིས་ཁོ་གཉིས་ཀྱི་ནང་མི་ཉེ་འབྲེལ་ཚོར་རྩིས་སྤྲོད་མ་བྱས་པར།  ནག་ཆུ་ས་ཁུལ་དུ་དྭ་ཕྲུག་སློབ་གྲྭ་ཞིག་ཡོད་པ་དེའི་ནང་བསྐྱལ་ཡོད་འདུག

 གཞན་ཡང་། འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན།  ནག་ཆུ་ས་ཁུལ་དུ་གནས་པའི་ཤག་རོང་པོ་དགོན་གྱི་དོན་རྐྱེན་ཛ་དྲག་ཏུ་ཡོད་པའི་ཐོག   དེ་སྔོན་དགོན་པ་བཅའ་བསྡོད་བྱས་པའི་སྲིད་གཞུང་མི་སྣ་དང་ལག་འཛིང་ཤོར་བའི་ཡུལ་མི་རྣམས་ལ་ཉེས་པ་མི་འགེལ་རྒྱུ་ཞེས་བརྗོད་ཡོད་རུང་།   ད་ལྟའི་ཆར་མི་བཞི་བཅུ་ལྔ་བཅུ་ཙམ་ཞིག་སྲིད་གཞུང་གི་འབོད་འགུག་བྱས་ནས་ཚབས་ཆེའི་ཉེས་རྡུང་བཏང་ནས། འགའ་ཤས་སྨན་ཁང་དུ་ཁྱེར་ཡོད་པའི་གནས་ཚུལ་བྱུང་འདུག  ཡིན་ནའང་།  ཕན་ཚུན་འགྲོ་འོང་དང་ཁ་པར་བརྒྱུད་ལམ་ཡོངས་རྫོགས་བཀག་སྡོམ་དང་། ཞིབ་བཤེར་ནན་པོ་བྱེད་བཞིན་ཡོད་པའི་དབང་གིས་མི་དེ་དག་སུ་ཡིན་དང་། མིང་དང་གྲོང་པ་གང་ནས་ཡིན་པའི་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

དགོན་གྲོང་གཉིས་ཀྱི་ལས་བྱེད་མི་སྣ་ ༥༠ ལྷག་རྫོང་ལ་འབོད་འགུག་བྱས་ནས་ཉིན་གྲངས་ཉི་ཤུ་རིང་ལ་བསམ་བློའི་སློབ་གསོ་སྤྲོད་ཀྱི་ཡིན་སྐོར་བརྗོད་ནས། ཉི་མ་གང་པོར་སློབ་གསོ་ཞེས་པའི་བརྗོད་གཞིའི་ཐོག་སྡིག་ར་དང་སུན་གཙེར་ཚད་མེད་བཟོ་བཞིན་ཡོད་པ་དང་། གཡས་གཡོན་གྱི་དགོན་སྡེ་ཡོངས་རྫོགས་ལ་སྔར་ལྷག་གི་དམ་དྲག་དང་། དེ་སྔོན་ཤག་ཆུ་ཤང་དང་། ཤོ་ར་གཉིས་ལ་དམག་སྒར་ཡོད་པའི་ཐོག   ད་ལྟ་ཟླ་ཐང་ཤང་དང་། དགོན་པ། གེ་སོའི་མདོ་དང་། འུམ་རྐྱང་སུམ་མདོ་བཅས་ལ། ཁྱོན་དམག་སྒར་ལྔ་ལ་དམག་མི་སྟོང་ཕྲག་གཉིས་ལྷག་སླེབས་ཏེ། ཉིན་མོ་དམག་མི་དེ་ཚོས་ལག་ཏུ་དྲག་ཆས་མེ་མདའ་དང་ལག་ཆ་སྣ་ཚོགས་ཁྱེར་ཞིང་རླངས་འཁོར་ནང་རྫིག་ཉམས་སྟོན་བཞིན་གང་སར་སྐོར་བསྐྱོད་བྱེད་ཀྱི་ཡོད་པ་མ་ཟད། དེང་སྐབས་ས་གནས་དེར་སྲིད་གཞུང་གི་བདེ་འཇག་ལས་བྱེད་མི་སྣ་དང་གཞན་ལས་བྱེད་མི་སྣ་ ༤༠༠ ཙམ་ཡོད་འདུག

ཕྱི་ཟླ་ ༨ ཚེས་ ༢༤ ཉིན་ས་གནས་དེ་གར་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་མཐོ་ཤོས་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་གཞོན་པ་ཝུའུ་དབྱིང་ཅེ་དང་། ནག་ཆུ་ས་ཁུལ་གྱི་དམར་ཤོག་དྲུང་ཆེ་རྡོ་ཐོགས། དྲུང་ཆེ་གཞོན་པ་སྐལ་བཟང་ཚེ་རིང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། བོད་རང་སྐྱོང་ལྗོངས་དམར་ཤོག་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱུན་ལས་མགོ་གཙོ་གཞོན་པ་བསོད་ནམས་རིག་འཛིན་སོགས་ནག་ཆུ་རྫོང་ཤག་རོང་པོ་དགོན་སྡེར་བརྟག་ཞིབ་དུ་སླེབས་ཡོད་པ་རེད།

དགོན་སྡེའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དོ་དམ་བྱེད་སྟངས་གསར་གཏོད་བྱ་རྒྱུའི་སྐོར་རང་སྐྱོང་ལྗོངས་དམར་ཤོག་ལྷན་ཁང་གིས་བཀོད་སྒྲིག་བྱས་ཏེ། རིམ་པས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་ཡིན་ཚུལ་སོགས་ཀྲུང་གོའི་བོད་ལྗོངས་ཅེས་པའི་དྲ་བར་འཁོད་ཡོད་པ་རེད།

རང་སྐྱོང་ལྗོངས་ཀྱི་དཔོན་རིགས་དེ་ཚོ་མ་འབྱོར་བའི་ཉིན་ཤས་སྔོན་ནས། བོད་ཀྱི་གདན་ས་སེ་འབྲས་སོགས་ནས་ཁྲིད་པའི་དགེ་བཤེས་འགའ་ཞིག་ཀྱང་ཆོས་འཁྲིད་མཁན་ཡིན་ཞེས་ཁྲིད་ཡོད་པ་མ་ཟད། འགོ་ཁྲིད་ལྟ་སྐོར་དུ་ཡོང་སྐབས་ཁོ་ཚོར་ཐུག་འཕྲད་དང་།   དེ་དང་མཉམ་དུ་རོང་དགོན་ནས་དགེ་འདུན་པ་ཁག་གཅིག་གི་མིང་སྨོས་ནས་རྒྱ་དམར་གྱི་དཔོན་པོ་དེར་མཇལ་ཁ་ཞུ་རྒྱུའིི་ཆེད་དུ་ཁ་བཏགས་ཁྱེར་ནས་ཡོང་དགོས་ཚུལ་བརྗོད་པ་དང་། གྲྭ་པ་རྣམས་འགྲོ་མི་འདོད་པའི་རྣམ་འགྱུར་དང་བཅས་དུས་ཚོད་ཅུང་རྗེས་ལྷག་སྐབས།  ཁོང་ཚོས་ཉེས་རྡུང་གཏོང་རྩིས་བྱས་ནས་ཁྲིད་ཡོད་འདུག དགེ་འདུན་པ་དེ་དག་གིས་ཁ་བཏགས་མ་ཁྱེར་སྟབས། ཁ་བཏགས་ཡང་ཁོང་ཚོས་སྤྲད་ནས་མི་འདོད་བཞིན་དུ་རྒྱ་དཔོན་དེ་ལ་ཁ་བཏགས་སྒྲོན་བཅུག་ནས་བརྙན་འཕྲིན་ནང་པར་ལེན་བྱས་ཡོད་འདུག   དེ་ནི་ཤག་རོང་པོ་དགོན་ལ་བརྟན་ལྷིང་དང་ཞི་བདེ། བདེ་སྐྱིད་བཅས་ཡོད་སྐོར་བརྒྱུད་སྒྲོག་ཀྱི་ལག་ཆར་བེད་སྤྱོད་ཆེད་རྫུན་བཟོ་བྱས་པ་ཞིག་ཡིན་འདུག

ད་དུང་ནག་ཆུ་ས་ཁུལ་གྱི་མགོ་གཙོ་རྒྱལ་མཚན་དབང་གྲགས་ཟེར་བས་བརྗོད་དོན་ལྟར་ན། བཅའ་སྡོད་རུ་ཁག་ལས་བྱེད་དེ་དག་དམར་ཤོག་ཚོགས་མི་ཤ་སྟག་ཡིན་པ་དང་། དམར་ཤོག་ཚོགས་མི་ནི་མི་གཞན་དག་དང་མི་འདྲ་བས་དེ་ཚོར་ཉེས་རྡུང་བཏང་བ་ནི། ཉེས་པ་ཧ་ཅང་ཆེན་པོ་ཡིན་སྐོར་བརྗོད་ནས་སྡིག་ར་སྐུལ་ཡོད་པ་དང་། སྐབས་དེ་དུས་མང་ཚོགས་རྣམས་ཀྱི་མི་དགའ་བའི་རྣམ་འགྱུར་བསྟན་སྟབས། ཁོས་ཁྱོད་ཚོ་དགའ་བའི་རྣམ་འགྱུར་དང་དགའ་བསུའི་ལག་པ་མ་བརྡབ་ན་ཆབ་སྲིད་དང་འགལ་གྱི་ཡོད་སྐོར་བརྗོད་འདུག

Shakrong61
ཤག་རོང་པོ་དར་རྒྱས་གླིང་དགོན་པ།

 གནས་ཚུལ་འདིའི་བྱུང་རིམ་ནི།   ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༠ ཉིན་གྱི་དོན་རྐྱེན་ཞེས་པའི་མིང་འདོགས་འོག དགོན་པ་དེའི་དགོན་བདག་བླ་མ་རོང་པོ་ཆོས་རྗེའི་སྐུ་ཕྲེང་ལྔ་པའི་ཡང་སྲིད་ངོས་འཛིན་སྐོར་ནས།  ༧གོང་ས་མཆོག་དང་འབྲེལ་བ་ཡོད་ཚུལ་གྱི་ཉེས་འཛུགས་བྱས་ཏེ་ཡང་སྲིད་རྩད་གཅོད་ཐད་བཀག་འགོག་དང་དགོན་པར་དམ་དྲག་དང་།    དགོན་དེའི་བླ་མ་ཟླ་བ་ལགས་འཛིན་བཟུང་བྱས་ཏེ་ཆབ་སྲིད་ཉེས་མིང་འོག་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་མ་ཟད། ཚོགས་འདུའི་ཐོག་མ་འོངས་པར་བླ་མ་ཟླ་བ་ལགས་དགོན་པ་འདིའི་བླ་མའི་ཁེ་དབང་མེད་ཟེར་ནས་བརྗོད་དེ།   དགོན་པ་དང་འབྲེལ་བ་བྱེད་མི་ཆོག་ལ།  ནག་ཆུའི་ཐོད་སྒོ་ལ་ཕྱིན་ལ་འགྲོ་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། དགོན་པའི་གྲྭ་བ་རྣམས་ལ་༧གོང་ས་མཆོག་དང་བླ་མ་ཟླ་བ་ལགས་ལ་དགག་པ་རྒྱག་དགོས་པའི་སུན་གཙེར་བཙན་བཀའ་རིམ་པར་བཏང་སྟེ། དགོན་པའི་གྲྭ་པ་སྐོར་ཅིག་འཇུ་བཟུང་བཙན་ཁྲིད་སོགས་བྱས་བར་བརྟེན་ནས། སེར་སྐྱ་ཡོངས་ཀྱིས་དགའ་གུས་བྱེད་ས་དགོན་པ་དེའི་གྲྭ་དགེ་སློང་ངག་དབང་རྒྱ་མཚོ་ཞེས་པ་དགུང་ལོ་བདུན་བཅུར་སོན་པ་ཞིག ཕྱི་ཟླ་ ༥ པའི་ཚེས་ ༢༠  ཉིན་རང་ཤི་རྒྱག་དགོས་བྱུང་ཡོད་ལ།  དེ་ལྟའི་གནས་ཚུལ་འོག་གྲྭ་བ་མང་པོ་ཞིག་སྔ་ཕྱིར་དགོན་པ་དང་ཁ་བྲལ་དགོས་བྱུང་ཡོད་པ་རེད།

 རྗེས་སུ་སྡེ་དགོན་གྱི་སེར་སྐྱ་ཕོ་མོ་ཡོངས་ལ་བློ་ཕམ་དང་དཀའ་ སྡུག་གི་ཚུར་སྣང་ཞིག་སླེབས་ནས་སྐྱོ་གདུང་གི་སྨྲེ་ངག་དང་སྡུག་བསྔལ་གྱི་མིག་ ཆུའི་ཁྲོད་ནས་བླ་གྲྭ་རྣམ་པ་གློད་གྲོལ་གཏོང་རོགས་ཟེར་ནས་སྲིད་གཞུང་ལ་ཉམ་ཆུང་ གི་རེ་ཞུ་ཐེངས་མང་བྱས་ཀྱང་སྲིད་གཞུང་ལས་བྱེད་མི་སྣའི་དེ་ལ་དོ་ཁུར་མ་བྱས་ནས་སྣང་མེད་དུ་བཞག་ཡོད། དུས་དེ་ནས་བཟུང་ད་ལྟའི་བར་དུ་དགོན་པའི་ཆོས་ལུགས་ཀྱི་ བྱེད་སྒོ་ཁག་འཚོག་པ་ལ་དཀའ་ངལ་ཡོད་པ་མ་ཚད། རོང་པོའི་དགུ་གཏོར་ཞེས་སྐད་གྲགས་ཆེ་བའི་ཆོས་ཕྱོགས་ཀྱི་བྱེད་སྒོ་དེ་ཡང་མཚམས་ཆད་ཡོད་པ་རེད།

 དེ་བཞིན། ས་གནས་རྒྱ་གཞུང་གིས་མུ་མཐུད་དགོན་པར་དམ་དྲག་བསུན་གཙེར་བྱས་པར་བརྟེན། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༣༠ ཉིན་ནག་ཆུ་ཁུལ་ཤག་རོང་པོ་དགོན་དགའ་ལྡན་དར་རྒྱས་གླིང་གི་ཆོས་ལུགས་བྱེད་སྒོ་སྤེལ་མཚམས་བཞག་ནས་དགོན་པ་སྒོ་རྒྱབ་དགོས་བྱུང་སྟེ།གྲྭ་བ་རྣམས་དགོན་པ་དང་ཁ་བྲལ་ཡོད་སྟབས་དགོན་པ་སྟོང་པ་ཆགས་ཡོད་པ་རེད། ད་ལྟའི་ཆར་རྒྱ་གཞུང་གིས་དགོན་སྡེ་གཉིས་སུ་དམག་མི་དང་ལས་བྱེད་མང་པོ་འགྲེམས་འཇོག་གིས་སྔར་ལས་ལྷག་པའི་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་འདུག

to top