ལྟེ་གནས་ཁང་གི་འཛམ་གླིང་གསར་འགོད་རང་དབང་ཉིན་མོའི་བསྒྲགས་གཏམ།

ཕྱི་ལོ་ ༡༩༩༣ ལོར་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་ལྷན་ཁང་གིས་འཛམ་གླིང་རྒྱལ་ཁབ་རྣམས་ཀྱི་རྒྱལ་ཁོངས་ཀྱི་གསར་འགོད་རང་དབང་དང་རྩ་དོན་འགན་སྲུང་བྱ་རྒྱུར་སྐུལ་མ་གཏོང་ཆེད་དུ་ལོ་རེའི་ཕྱི་ཟླ་ ༥ པའི་ཚེས་ ༣ དེ་ཡང་འཛམ་གླིང་གསར་འགོད་རང་དབང་ཉིན་མོར་གཏན་འབེབས་བྱས་པ་ལྟར་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་འཛམ་གླིང་གསར་འགོད་ཉིན་མོ་སྲུང་བརྩི་ཞུ་རྒྱུ་ཡིན། 

བོད་ནང་དུ་རྒྱ་གཞུང་གིས་གནས་ཚུལ་ཁྱབ་སྤེལ་ལ་བཀག་སྡོམ་སྣ་ཚོགས་བྱེད་ཀྱིན་ཡོད་པས་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་སོགས་ལ་རྡོག་རོལ་ཚབས་ཆེན་ཐེབས་ཡོད། རྒྱ་གཞུང་གིས་གསར་འགོད་པ་མང་པོ་བཙོན་དུ་བཅུག་པ་དང་བོད་ནང་གི་གནས་ཚུལ་རྟོག་ཞིབ་ཆེད་རང་དབང་ལྡན་པའི་གསར་འགོད་པ་ཡོང་རྒྱུའི་ཆོག་མཆན་མི་སྤྲོད་པ་སོགས་ཕྱི་ནང་གི་གསར་འགོད་ལས་རིགས་ལ་ཕྱོགས་མང་དག་ནས་འགོག་རྐྱེན་བཟོས་ཡོད། 

རྒྱ་གཞུང་གིས་རྒྱལ་སྤྱིའི་གསར་འགོད་པ་རྒྱ་ནག་གི་དབང་བསྒྱུར་ས་ཁུལ་གང་སར་ཡོང་ཆོག་ཚུལ་བཤད་ཡོད་ཀྱང་།  བོད་དུ་གསར་འགོད་པ༷་འགྲོ་རྒྱུ་ད་དུང་ཤིན་ཏུ་དཀའ་ཁག་ཆེ་བར་གྱུར་ཡོད། རྒྱ་ནག་གི་རྒྱལ་སྤྱིའི་གསར་འགོད་ལྷན་ཚོགས་Foreign Correspondents’ Club of Chinaཀྱིས་སྤེལ་བའི་ལོ་འཁོར་སྙན་ཐོ་ལྟར་ན་ཕྱི་ལོ་ ༢༠༢༣ ལོར་བོད་ནང་དུ་རྒྱལ་སྤྱིའི་གསར་འགོད་པ་གཅིག་མ་གཏོགས་བཏང་མི་འདུག་ལ་བོད་ནང་དུ་འགྲོ་བར་ཆོག་མཆན་ཐོབ་དཀའ་བ་ཙམ་མིན་པར་གསར་འགོད་པ་སྒེར་ལ་འཇིགས་སྐུལ་དང་ཉེན་བརྡ་གཏོང་བའི་གནས་ཚུལ་ཡང་འབྱུང་གི་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་དང་གསར་འགོད་རང་དབང་སྲུང་སྐྱོབ་ཚོགས་པ་ཚད་བཀག་མེད་པའི་སྙན་སྒྲོན་པ་ Reporters Without Borders ཞེས་པའི་ཕྱི་ལོ་ ༢༠༢༣ ལོའི་འཛམ་གླིང་གསར་འགོད་རང་དབང་གྲངས་བཤེར་གྱི་སྙན་ཐོ་ལྟར་ན་རྒྱ་ནག་ནི་བྱང་ཀོ་རི་ཡའི་རྗེས་ཀྱི་འཛམ་གླིང་རྒྱལ་ཁབ་ ༡༨༠ ནང་ནས་གསར་འགོད་རང་དབང་ཚད་དམའ་ཤོས་གཉིས་པ་དེ་རེད་འདུག་ཅིང་གསར་འགོད་པ་མང་ཤོས་འཛིན་བཟུང་བྱེད་མཁན་གྱི་རྒྱལ་ཁབ་དེ་ཡིན་པ་གསལ་འདུག 

བོད་མི་ཚོའི་སྨྲ་བརྗོད་རང་དབང་དང་གནས་ཚུལ་ཤེས་རྟོགས་ཀྱི་ཐོབ་ཐང་སོགས་ལ་རྡོག་རོལ་བཏང་ནས་བོད་ཡིག་གི་དྲྭ་ཚིགས་ཆེ་ཁག་མང་པོ་སྒོ་བརྒྱབས་པ་དང་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སོགས་ཀྱི་ཐད་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་གྱི་ཤེས་ལྡན་མི་སྣ་མང་པོ་འཇུ་བཟུང་བཙོན་འཇུག་ཐེབས་ཡོད།  

དེའི་ནང་ནས་ཆེས་གྲགས་ཆེ་བ་ནི་བོད་ཀྱི་སློབ་གསོ་བ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ལགས་རེད། སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་རྒྱུན་དུ་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ཐེར་འདོན་བྱས་པ་དང་རྩོམ་ཡིག་དང་འཆད་ཁྲིད་སོགས་ཀྱི་ལམ་ནས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་རིན་ཐང་སྐོར་གོ་རྟོགས་རྒྱ་ཆེར་སྤེལ་བར་བརྟེན་རྒྱ་གཞུང་ཉེན་རྟོག་པས་ཁོང་ཉིད་སྔ་ཕྱིར་ཐེངས་བཞི་ཙམ་ལ་འཛིན་བཟུང་བཙོན་འཇུག་བྱས་མྱོང་། ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༢༦ ཉིན་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནས་ལྷ་སའི་རྒྱ་ནག་གི་གསང་བའི་མི་སྣ་དང་སྤྱི་བདེ་ཉེན་རྟོག་པས་གློ་བུར་འཛིན་བཟུང་གིས་ཕྱི་ལོ་ ༢༠༢༡ ལོར་“རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་”ཞེས་པའི་ཆབ་སྲིད་ཀྱི་ཉེས་མིང་འོག་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།

ཁོང་གིས་འདས་པའི་ལོ་ངོ་ཉེར་ལྔ་ལྷག་གི་རིང་རྒྱ་གཞུང་གིས་བསུན་བཙེར་དང་། བཀག་ཉར། བཙོན་འཇུག་བཅས་རྒྱུན་མི་འཆད་དུ་བྱས་ཀྱང་། སྙིང་སྟོབས་དང་རྣམ་དཔྱོད་ཆེན་པོས་སློབ་གཉེར་དང་། ཞིབ་འཇུག་རྩོམ་འབྲི།  དགོན་སྡེ་དང་སློབ་གྲྭ་ཁག་ཏུ་སློབ་ཁྲིད་གང་མང་གནང་ཡོད་ཅིང་། བོད་ཀྱི་སྤྱི་ཚོགས་དེ་མང་གཙོ་དང་། རང་དབང་། འདྲ་མཉམ། ཁྲིམས་སྐྱོང་། གནའ་དེང་གི་དཔལ་ཡོན་དང་ཕྱི་ནང་གི་རིག་གནས་གཉིས་ལྡན་གྱི་ལམ་ལུགས་ཚད་ལྡན་ཞིག་ཏུ་ཕྱོགས་ཆེད་འབྲི་རྩོམ་དང་གསུང་བཤད་ཡིག་འབེབས་བྱས་པ་བཅས་ཀྱི་ཆེད་རྩོམ་དེབ་བཅུ་གཅིག་འདོན་སྤེལ་བྱས་ཡོད། དེ་རིང་འཛམ་གླིང་གསར་འགོད་རང་དབང་ཉིན་མོ་དང་སྟབས་བསྟུན་སྒོ་ཤེར་ལགས་ཀྱི་སྔར་བྲིས་ཐོར་རྩོམ་ཁག་ཅིག་ཕྱོགས་བསྒྲིགས་བྱས་པའི་དཔེ་དེབ་ “དམངས་གཙོའི་ཐེམ་སྐས་ལ་འཛེགས་བཞིན་པའི་བོད་”ཅེས་པ་འདོན་སྤེལ་ཞུ་རྒྱུ་ཡིན། ད་ལན་ཁོང་གི་ཐོར་རྩོམ་ཕྱོགས་བསྒྲིགས་བྱས་པའི་དཔེ་དེབ་འདིའི་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོའི་དཔལ་ཡོན། རང་དབང་དང་འདྲ་མཉམ་བཅས་དམངས་གཙོའི་ལེགས་བྱང་སྐོར་གྱི་རྩོམ་ཡིག་སོགས་ཆེད་འགོད་བྱས་ཡོད།  

སྒོ་ཤེས་རབ་རྒྱ་མཚོའི་མི་ཚེའི་བརྒྱུད་རིམ་དང་ལས་དོན་ཁག་གི་ངོས་ནས་བལྟས་ན། ཁོང་ལ་བཙོན་འཇུག་དང་ཁྲིམས་ཆད་ཕོག་པ་ཁག་ནི་མི་སྒེར་ཞིག་ལ་ཕོག་པའི་བཙོན་འཇུག་དང་ཁྲིམས་ཆད་ཙམ་མིན་པར་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་དགོས་ཟེར་བ་སོགས་ཀྱི་ལས་འགུལ་འོག་བོད་བརྒྱུད་ནང་བསྟན་རྒྱ་ཆེན་པོ་དང་ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་པའི་ལམ་ལུགས་རྒྱུན་འཛིན་གྱི་བྱ་གཞག་བཀག་སྡོམ་བྱེད་པ་དང་། བོད་ཀྱི་སྐད་ཡིག་དང་ཐུན་མོང་མ་ཡིན་པའི་རིག་གནས་དེང་གི་བོད་མིའི་སྤྱི་ཚོགས་དང་མི་རབས་གསར་པར་མཚམས་སྦྱོར་གྱིས་མི་ཉམས་རྒྱུན་འཛིན་བྱེད་པའི་བྱ་གཞག་བཀག་སྡོམ་བྱེད་པ། དེང་གི་བོད་མིའི་སྤྱི་ཚོགས་དང་མི་སྒེར་གྱི་འཚོ་བ་དངོས་ལ་ཕན་པའི་རྩོམ་འབྲི་དང་སྨྲ་བརྗོད་རང་དབང་བཀག་སྡོམ་བྱེད་པ། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་། འདྲ་མཉམ། མང་གཙོ་དང་ཁྲིམས་སྐྱོང་གི་ལམ་ལུགས་བཅས་འཛམ་གླིང་གི་ཕྱོགས་མཐའ་སོ་སོར་དར་རྒྱས་འགྲོ་བའི་རེ་འདུན་དང་གླེང་སློང་ལ་བཀག་སྡོམ་ཆེན་པོ་བྱེད་བཞིན་པ་སོགས་མཚོན་ཡོད། 

བཀག་སྡོམ་ཆེན་པོ་འདི་དག་ནི་དཔལ་ཡོན་འཕེལ་རྒྱས་དང་། འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས། རང་དབང་དང་མང་གཙོ་དར་སྤེལ་བཅས་ལ་མོས་འདུན་ཆེ་ཞིང་འབད་བརྩོན་གནང་མཁན་གྱི་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་མི་སྒེར། ཁྱད་པར་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱི་ཚོགས་སྡེ་སོགས་ཀྱི་ངོས་ནས་དོ་ནན་ཆེན་པོས་འགན་ལེན་བྱ་དགོས་པའི་ལྟེ་གནད་ཁག་ཡིན་པས་ན། ཀུན་སྤྱོད་དང་ཁྲིམས་དོན་གྱི་ངོས་ནས་ནག་ཉེས་གང་ཡང་མེད་པའི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་གློད་བཀྲོལ་ཡོང་ཐབས་དང་། བོད་ཀྱི་ཤེས་རིག་རྒྱུན་འཛིན་དང་། ཐོབ་ཐང་སྲུང་སྐྱོབ་ཡོང་ཐབས་སུ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།

to top