བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་ལྐོག་ཟ་རུལ་སུངས་འགོག་རྒོལ་བྱེད་མཁན་ཨ་ཉ་སེང་སྒྲ་ལགས་ཆབ་སྲིད་ཀྱི་ངན་ཇུས་འོག་ནས་གང་བྱུང་འཇུ་བཟུང་དང་། དྲང་བདེན་མ་ཡིན་པའི་བཙོན་འཇུག་ཁྲིམས་ཆད་བཏང་ནས་མི་ལོ་ལྔ་འཁོར་ལ་ཉེ་བའི་དུས་འདིར་རྒྱ་གཞུང་གིས་མུ་མཐུད་ཁོང་གི་གྱོད་དོན་གོང་རིམ་ལ་བསྐྱར་གཏུག་བྱ་བར་འགོག་རྐྱེན་སྣ་ཚོགས་བཟོ་བཞིན་འདུག
མདོ་སྨད་མགོ་ལོག་དགའ་སྡེ་རྫོང་རྐྱང་ཆད་ཡུལ་ཚོ་ནས་ཡིན་པའི་ཨ་ཉ་སེང་སྒྲ་ལགས་ཀྱིས་ཡུལ་དེའི་འབྲོག་པ་དམངས་ཚོགས་ཀྱི་སྣེ་ཁྲིད་དེ་ས་གནས་གཞུང་གི་ལྐོག་ཟ་རུལ་སུངས་དང་ཁོར་ཡུག་གཏོར་བརླག་བྱས་པའི་བྱ་སྤྱོད་ཐེར་འདོན་བྱས་པར་བརྟེན་ཁོང་ཉིད་རོགས་པ་གཞན་བརྒྱད་དང་ལྷན་དུ་གང་བྱུང་འཇུ་བཟུང་བྱས་ཏེ། ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༡༢ པའི་ཚེས་ ༦ ཉིན་ལོ་བདུན་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད། ཁོང་ཉིད་དགའ་སྡེ་རྫོང་གི་སྤྱི་བདེ་ཉེན་རྟོག་པས་བཀག་ཉར་འོག་བཅུག་རྗེས་ལོ་གསུམ་གྱི་རྗེས་སུ་གཞི་ནས་བཙོན་འཇུག་ཁྲིམས་ཆད་དེ་ཉིད་བཏང་བ་ཞིག་ཆགསཡོད།
འདས་པའི་ལོ་ཤས་རིང་ཨ་ཉ་སེང་སྒྲའི་ཁྲིམས་རྩོད་པ་ལིན་ཁི་ལི་ཡིས་སྙིང་སྟོབས་ཆེན་པོས་ཁོང་ཉིད་ཀྱི་གྱོད་དོན་ཐག་གཅོད་ཐད་གོང་རིམ་ཁྲིམས་ཁང་ལ་བསྐྱར་གཏུག་བྱེད་ཐབས་བྱས་ཀྱང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བ་དང་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ཟེར་བ་གཉིས་ཀས་ཁོང་གི་གོང་རིམ་ཞུ་གཏུག་ལ་ངོས་ལེན་མ་བྱས་པར་བརྟེན་ཁོང་གི་གྱོན་དོན་རྒྱ་ནག་གི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས་འདུག ཨ་ཉ་སེང་སྒྲ་ལགས་ལ་“སྤྱི་ཚོགས་ཟིང་སློང་”གི་ནག་ཉེས་གཡོག་པ་དེ་ནི་བསམ་བཞིན་དུ་ཁོང་ཉིད་ཀྱི་ཁ་འགོག་ཐབས་དང་ཁོང་གི་ལས་འགུལ་མཚམས་འཇོག་ཡོང་ཐབས་ལ་དམིགས་པའི་ཁག་འཇོག་ས་ཞིག་ཡིན་པར་བརྟེན་ཁོང་གིས་ད་བར་ཉེས་འཛུགས་དེར་རྩ་ནས་ངོས་ལེན་གནང་མེད།
འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༡༠ ཉིན་ཨ་ཉ་སེང་སྒྲའི་ཁྲིམས་རྩོད་པ་ལིན་ལགས་ཀྱིས་ཞེ་ཡན་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྐོར་སྐྱོད་ཁྲིམས་ཁང་དྲུག་པར་སོང་ནས་ཨ་ཉ་སེང་སྒྲའི་གོང་གཏུག་གྱོན་དོན་གྱི་སྐབས་ཐོག་གནས་ཚུལ་ལ་རྒྱུས་ལོན་བྱེད་ཐབས་བྱས་འདུག་ཀྱང་། འབྲེལ་ཡོད་ལས་བྱེད་པས་ཡ་ལན་ཚུལ་མཐུན་མ་བྱས་པ་མ་ཟད། རྗེས་སོར་མུ་མཐུད་གོང་གཏུག་གི་གནས་ཚུལ་རྒྱུས་ལོན་བྱ་སའི་ཁྲིམས་ཁང་གི་འབྲེལ་གཏུག་ཨང་གྲངས་ཤིག་ཀྱང་མཁོ་སྤྲོད་བྱས་མི་འདུག
ཁྲིམས་རྩོད་པ་ལིན་གྱི་ཊིའི་ཊར་དྲྭ་བྱང་སྟེང་དུ་གནས་ཚུལ་འཁོད་དོན་“ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༧ པའི་ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩:༠༠ པའི་ཐོག་ང་རང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྐོར་སྐྱོད་ཁྲིམས་ཁང་དྲུག་པར་འབྱོར་ནས་མཚོ་སྔོན་གྱི་བོད་མི་ཨ་ཉ་སེང་སྒྲའི་གོང་གཏུག་གྱོན་དོན་ལ་ངོ་ཚབ་བྱས་པ་ཡིན། སྣེ་ལེན་སྒོམ་སྟེགས་སུ་ངས་གྱོད་དོན་དེའི་ད་ལྟའི་གནས་བབ་སྐོར་དྲིས་པས་དེར་ཡོད་པའི་བུད་མེད་དེས་གྱོན་དོན་དེ་འདྲ་ཞིག་མི་འདུག་ལབ་སོང་། ངས་བསྟུན་མར་རེ་འདུན་བཏོན་པས་མོས་ང་རང་ཁྲིམས་འཛིན་ལས་བྱེད་པ་ཅིག་གི་རྩར་བཏང་སོང་། ངས་ཁོ་ལ་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་གོང་གཏུག་ངོས་ལེན་མ་བྱས་པའི་བརྡ་ཐོ་བསྟན་པ་ཡིན། ཁྲིམས་དོན་ལས་བྱེད་པ་དེས་ཕྱི་ཟླའི་ ༦ པའི་ཚེས་ ༦ ཉིན་གྱོན་དོན་ཡིག་ཆ་དེ་འདུག ཡིག་ཆར་བསྐྱར་ཞིབ་བྱ་བར་ཟླ་བ་གསུམ་འགོར་རྒྱུ་རེད། ཕྱི་ཟླ་ ༩ པའི་ཚེས་ ༦ ཉིན་ཡང་བསྐྱར་ཤོག་ཅེས་བཤད་བྱུང་། ངས་ཡང་ནས་ཡང་དུ་ང་ལ་ཁོང་ཚོའི་ལས་ཁུངས་ཀྱི་ཁ་པར་ཨང་གྲངས་ཤིག་མཁོ་སྤྲོད་གནང་རོགས་ཞེས་རེ་འདུན་ཞུས་ཀྱང་། ཁོས་“ཁ་པར་ཨང་གྲངས་ཤིག་ཡོད་པའི་དབང་དུ་བཏང་ན་ཡང་ངས་ཁྱོད་ལ་སྤྲད་ཆོག་གི་མ་རེད་”ཅེས་བཤད་སོང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་བྱེད་པའི་བྱ་སྤྱོད་འདི་འདྲའི་འོག་མི་ཚོར་ཁ་པར་ཨང་གྲངས་ཙམ་ཡང་མ་སྤྲད་ན་གྱོད་དོན་སོ་སོའི་སྐབས་ཐོག་གནས་བབ་ཇི་ལྟར་ཤེས་རྟོགས་ཐུབ་ཀྱི་རེད་དམ།”ཅེས་བཀོད་འདུག
གནད་དོན་དེའི་ཐད་འདི་ག་ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས་བརྗོད་དོན་“རྒྱ་གཞུང་གིས་ཨ་ཉ་སེང་སྒྲའི་གོང་རིམ་ཞུ་གཏུག་ལ་ངོས་ལེན་མ་བྱས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཨ་ཉ་སེང་སྒྲ་ལགས་ལ་ཁྲིམས་མེད་ལུགས་མེད་ཀྱིས་ཉེས་ཆད་དང་མནར་གཅོད་གཏོང་བ་དེ་ནི་གཞི་རྩའི་འགྲོ་བ་མའི་ཐོབ་ཐང་དང་འགལ་བའི་གནད་དོན་ཚབས་ཆེན་ཞིག་ཡིན་པ་མ་ཟད། ཞི་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་ཚར་གཅོད་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་དྲིལ་བསྒྲགས་ཤུགས་ཆེར་བྱེད་པ་ཁག་དང་ཡོངས་སུ་འགལ་བ་ཡིན།”
“རྒྱ་ནག་གཞུང་གིས་ཨ་ཉ་སེང་སྒྲ་དང་འབྲེལ་ཡོད་རྣམས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་མ་ཟད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཞིབ་དཔྱོད་ཁང་གིས་ཨ་ཉ་སེང་སྒྲ་དང་ཁོང་གི་ཕྱག་རོགས་ཚོས་ལྐོག་ས་རུལ་སུངས་ཀྱི་བྱས་ཉེས་ཐེར་འདོན་བྱ་སའི་ཁུལ་གྱི་ལས་བྱེད་ཚོས་དངོས་སུ་ལྐོག་ཟ་བྱས་ཡོད་པ་ཁུངས་སྐྱེལ་བྱས་ཟིན་ཡོད་པས་ལྐོག་ཟ་བྱེད་མཁན་དེ་དག་གི་ད་ལྟའི་གནས་བབ་ངེས་པར་དུ་ཕྱི་གསལ་ནང་གསལ་བཟོ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།”