ལོ་ ༡༨ བཙོན་དུས་ཁྲིམས་ཆད་ཕོག་པའི་ཟླ་བ་རྒྱལ་མཚན་ལགས་གློད་ཀྲོལ་ཐོབ་འདུག

འདི་ག་ལྟེ་གནས་ཁང་དུ་གནས་ཚུལ་འབྱོར་གསལ་ལ་གཞིགས་ན། ད་ལྟ་རང་ལོ་ ༤༧ ཙམ་ཕེབས་པའི་ཟླ་བ་རྒྱལ་མཚན་ལགས་བཙོན་ཁང་ནང་བསྒྱུར་བཀོད་རྣམ་འགྱུར་ཡག་པོ་ཡོད་པའི་དབང་གིས་ལོ་གཉིས་དུས་བཀག་ཆག་ཡང་བཏང་སྟེ་ལོ་སྔོན་མའི་ཕྱི་ཟླ་ ༣ ནང་གློད་ཀྲོལ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་བ་རྒྱལ་མཚན་ལགས་གློད་ཀྲོལ་བཏང་བའི་གནས་ཚུལ་རྒྱ་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་གསལ་བསྒྲགས་བྱས་མེད་ཀྱང་། འདི་ག་ལྟེ་གནས་ཁང་ནས་ཤེས་རྟོགས་བྱུང་བར། ཟླ་བ་རྒྱལ་མཚན་ལགས་མི་ལོ་ ༡༧ ལྷག་ཙམ་བཙོན་ཁང་རིམ་པའི་ནང་ཉེས་རྡུང་མནར་གཅོད་ཕོག་པའི་དབང་གིས་ད་ཆ་གློད་ཀྲོལ་ཐོབ་ཀྱང་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་འདུག

ཕྱི་ལོ་ ༡༩༩༥ ལོར་ཟླ་བ་རྒྱལ་མཚན་ལགས་དང་། ཁོང་རང་གི་གཅུང་པོ་ནག་ཆུ་ཞབས་བརྟན་དགོན་པའི་དགེ་འདུན་པ་ཡིན་པ་ཉི་མ་དོན་གྲུབ། དེ་བཞིན་ཉི་མ་དོན་གྲུབ་ཀྱི་དགོན་པ་གཅིག་པའི་དགེ་འདུན་པ་མང་མཛོ་དང་། ཨ་རྒྱ་བཅས་ནས་བོད་རང་བཙན་གྱི་ཡིག་ཆ་འགྲེམས་སྦྱར་བྱས་པའི་ཉེས་མིང་འོག   ལྷ་ས་སྤྱི་བདེ་ཉེན་རྟོག་པས་འཇུ་བཟུང་གིས་ལྷ་སའི་ཟི་ཁྲུའུ་ཟེར་བའི་བཀག་ཉར་ཁང་དུ་བཙོན་འཇུག་བྱས་ཏེ་ཉེས་རྡུང་མནར་གཅོད་ཚད་མེད་དང་དྲིས་བརྩད་སོགས་བྱས།

ཕྱི་ལོ་ ༡༩༩༧ ཟླ་ ༥ ནང་ནག་ཆུ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཟླ་བ་རྒྱལ་མཚན་སོགས་མི་བཞི་ལ་གསར་རྗེས་ངོ་རྒོལ་དྲིལ་བསྒྲགས་ངན་སྐུལ་གྱི་ཉེས་མིང་འོག  ཟླ་བ་རྒྱལ་མཚན་ཉེས་ཅན་བྱེད་གཏེ་ཡིན་པར་དུས་བཀག་བཙོན་འཇུག་ལོ་ ༡༨ དང་། ཉི་མ་དོན་གྲུབ་ལ་དུས་བཀག་བཙོན་འཇུག་ལོ་ ༡༣ །  མ་མཇོ་དང་ཨ་རྒྱ་གཉིས་ལ་དུས་བཀག་བཙོན་འཇུག་ལོ་ ༨ རེའི་ཁྲིམས་ཐག་བཅས་བཅད་དེ། ཕྱི་ལོ་ ༡༩༩༩ ལོར་གྲ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་འདུག

ཟླ་བ་རྒྱལ་མཚན་ལགས་ཟི་ཁྲུའུ་བལྟ་སྲུང་ཁང་དུ་ཟླ་བ་ ༡༤ ཙམ་བཀག་ཉར་བྱས་པའི་རིང་ཉེས་རྡུང་མནར་གཅོད་ཚད་མེད་ཕོག་ཡོད་པ་མ་ཟད། བཀག་ཉར་ཟླ་བ་ ༡༤ དེ་བཙོན་དུས་ལོ་ཚད་ནང་རྩིས་མེད་པ་རེད།

ཕྱིས་སུ་ཆུ་ཤུར་བཙོན་ཁང་གསར་རྒྱག་བྱས་རྗེས་ཆབ་སྲིད་བཙོན་པ་མང་པོ་ཞིག་དེའི་ནང་སྤོ་སྐྱེལ་བྱས་པའི་ཁྲོད་ཟླ་བ་རྒྱལ་མཚན་ཡང་ཆུ་ཤུར་བཙོན་ཁང་དུ་སྤོ་སྐྱེལ་བྱས་ཡོད་པ་དང་། བཙོན་ཁང་དེའི་བཙོན་སྲུང་བས་རྒྱུན་དུ་ཟླ་བ་རྒྱལ་མཚན་ལ་དམིགས་བསལ་དམ་དྲག་བྱེད་བཞིན་པ་ཡོད་ལྟར། ཕྱི་ལོ་ ༢༠༠༨ ལོའི་བོད་ནང་གི་ཞི་རྒོལ་ཆེན་པོ་བྱུང་སྐབས་ཆུ་ཤུར་བཙོན་ཁང་ནང་ལའང་རྙོག་དྲ་ཡོང་དོགས་ཀྱིས།  ཕྱི་ཟླ་ ༥ ནང་ཟླ་བ་རྒྱལ་མཚན་དང་སྲིད་བཙོན་ཁག་ཅིག་དམ་དྲག་ཁང་དུ་ཟླ་བ་དྲུག་ཙམ་རིང་བཅུག་ཡོད་པ་རེད།

ཕྱི་ལོ་ ༢༠༠༥ ཟླ་ ༢ ནང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་རྟེན་གཞི་བྱས་པའི་(TIN)ཚོགས་པའི་སྙན་ཐོ་ཞིག་ནང་།  ཕྱི་ལོ་ ༢༠༠༢ ལོར་ཟླ་བ་རྒྱལ་མཚན་ལ་དུས་བཀག་བཙོན་འཇུག་ལོ་ ༡ དང་ཟླ་ ༣ ཆག་ཡང་བཏང་ཡོད་པ་དང་། ཕྱི་ལོ་ ༢༠༠༤ ལོར་སླར་ཡང་ཟླ་ ༩ ཆག་ཡང་བཏང་ཡོད་སྐོར་བཏོན་ཡོད།

འདི་ག་རྡ་སར་རྒྱུན་བཞུགས་གནང་མཁན་བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བཙོན་གྲུབ་ལགས་ཀྱི་འགྲེལ་བརྗོད་གནང་དོན། ཁོ་རང་ཕྱི་ལོ་ ༡༩༩༧ ལོར་བོད་ནང་བསྐྱོད་སྐབས་ཉེན་རྟོག་པས་ཁྲིམས་འགལ་གྱིས་བོད་ནང་འཛུལ་བའི་ཉེས་མིང་འོག་འཇུ་བཟུང་གིས་ཟི་ཁྲུའུ་བལྟ་སྲུང་ཁང་དུ་བཅུག་དུས།  ཟླ་བ་རྒྱལ་མཚན་ལགས་དང་ཐུགས་འཕྲད་བྱུང་སྟེ་ཕན་ཚུན་གླེང་མོལ་བྱས་སྐབས། ཟླ་བ་རྒྱལ་མཚན་ལགས་ཀྱི་ལག་པ་གཉིས་ལ་ལག་ལྕགས་ཉིན་མང་པོར་བརྒྱབ་པའི་རྐྱེན་གྱིས་རྨ་བཟོས་ཡོད་པ་དང་། སྨན་བཅོས་མ་བྱས་པ་སོགས་ཀྱི་རྐྱེན་པས་ཟླ་ཤས་སོང་ཡང་རྨ་དྲག་སྐྱེད་མ་བྱུང་བ་དེ་འདྲ་རེད་ཟེར། ཁོང་གིས་ལག་པ་གཉིས་བསྟན་འཛིན་བརྩོན་འགྲུས་ལགས་སུ་མིག་སྟོན་བྱས་ཡོད་འདུག

དེ་བཞིན། བསྟན་འཛིན་བཙོན་འགྲུས་ལགས་ཀྱིས། གལ་ཏེ་བལྟ་སྲུང་ཁང་ནང་བཙོན་པ་ཕན་ཚུན་སྐད་ཆ་བཤད་པ་བཙོན་སྲུང་བས་ཤེས་ཚེ་ཉེས་རྡུང་དྲག་པོ་གཏོང་གི་ཡོད་ལུགས་འགྲེལ་བརྗོད་གནང་གི་འདུག

ཟླ་བ་རྒྱལ་མཚན་ལགས་ཀྱི་སྐྱེས་ཡུལ་ནི། བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་ཀྱི་ནག་ཆུ་ཁུལ་གྱི་ཤན་རྩ་རྫོང་ནས་ཡིན་པ་དང་། ཆུང་དུས་ས་གནས་སློབ་ཆུང་དང་སློབ་འབྲིང་ནང་སློབ་སྦྱོང་བྱས་རྗེས། རྒྱ་ནག་པེ་ཅིང་དུ་བསྐྱོད་དེ་སློབ་སྦྱོང་བྱེད་མྱོང་ཡོད་པ་དང་། དམིགས་བསལ་རྩིས་ཐོག་སློབ་སྦྱོང་གནང་ཡོད་སྟབས། འཇུ་བཟུང་མ་བྱས་གོང་ནག་ཆུ་ཁུལ་གྱི་དངུལ་ཁང་ཞིག་ནང་དྲུང་ཡིག་དང་རྩིས་པ་གཅིག་ལྕོགས་ཀྱི་ལས་འགན་འཁུར་ཡོད་པ་དང་། ཁོང་ལ་ཕྲུ་གུ་གཉིས་ཡོད་འདུག

 

to top