རྩོམ་པ་པོ་སྟག་སྨིག་ལགས་བཙོན་འཇུག་དུས་ཡུན་རྫོགས་ཏེ་གློད་འདུག

བཙོན་འོག་ཏུ་སྡོད་སྐབས་ཀྱི་རྩོམ་པ་པོ་སྟག་སྨིག་གི་འདྲ་པར།
བཙོན་འོག་ཏུ་སྡོད་སྐབས་ཀྱི་རྩོམ་པ་པོ་སྟག་སྨིག་གི་འདྲ་པར།

རྩོམ་པ་པོ་སྟག་སྨིག་ལགས་བཙོན་འཇུག་དུས་ཡུན་རྫོགས་ཏེ་གློད་བཀྲོལ་ཐོབ་པར་དགའ་འགུ་དང་། རྒྱ་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་བཙོན་འཇུག་མནར་གཅོད་བཏང་བ་དེ་ནི། དྲང་བདེན་མ་ཡིན་པའི་ཁྲིམས་འགལ་བྱ་སྤྱོད་ཅིག་ལ་ངོས་འཛིན་བྱེད་བཞིན་ཡོད།

རྩོམ་པ་པོ་སྐལ་བཟང་ཚུལ་ཁྲིམས་སམ། སྨྱུག་མིང་ལ་སྒྱིས་ཚང་སྟག་སྨིག་ལགས། ༢༠༡༤ ལོའི་ཕྱི་ཟླ་ ༡༠ ཚེས་ ༣ ཉིན་ལོ་བཞིའི་བཙོན་འཇུག་དུས་ཡུན་རྫོགས་ཏེ་གློད་བཀྲོལ་བཏང་ཡོད་པའི་སྐོར། ཉེ་ཆར་བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་ཡོད་པ་ལྟར། རྩོམ་པ་པོ་ཁོང་གིས་བོད་ལ་རང་དབང་མེད་པའི་སྐོར་གྱི་སྙན་ཞུ་བརྙན་སྡེར་ ༢༥༠༠ ཙམ་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་བོད་ཀྱི་ས་ཁུལ་ཁག་ནང་འགྲེམས་སྤེལ་བྱས་པར་བརྟེན། རྒྱ་ནག་གཞུང་གིས་ཁོང་ལ་ཆབ་སྲིད་ཀྱི་ཉེས་འཛུགས་འོག་འཇུ་བཟུང་བཙོན་འཇུག་བྱས་པ་ཞིག་ཆགས་ཡོད།

དུས་ཡུན་ཆུ་ཚོད་གཅིག་ཙམ་ཡོད་པའི་༼བོད་ལ་རང་དབང་མེད་པའི་སྐོར་གྱི་སྙན་ཞུ༽ཞེས་པའི་བརྙན་སྡེར་དེའི་ནང་། སྒྱིས་ཚང་སྟག་སྨིག་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་གནས་སྟངས་དང་། བོད་ནང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་མེད་པ། བོད་མིའི་རང་དབང་གི་མངོན་འདོད། ༧གོང་ས་མཆོག་བོད་དུ་གདན་འདྲེན་དགོས་པའི་བོད་མིའི་རེ་འདུན། འབྲོག་པ་རྣམས་བཙན་གྱིས་རང་ཡུལ་ནས་གྲོང་རྡལ་དུ་གནས་སྤོར་བྱེད་ཀྱིན་པ། བོད་ནང་གཏེར་ཁ་བསྔོག་འདོན་གྱིས་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཐེབས་ཡོད་པ། དེ་བཞིན། རྒྱ་གཞུང་གིས་དཔལ་འབྱོར་དང་སྤྱི་ཚོགས། ཐོབ་ཐང་དང་ལས་རིགས་གང་ཐད་ནས། བོད་རིགས་ལ་དབྱེ་འབྱེད་དང་བཤུ་གཞོག་བྱེད་བཞིན་པ་སོགས་གསལ་འདོན་བྱས་ཡོད་པ་རེད།

བོད་ནང་གི་གནས་སྟངས་སྙན་ཞུའི་བརྙན་སྡེར་དེའི་ནང་། རྩོམ་པ་པོ་ཁོང་གིས་ ༼བོད་ནང་དུ་བོད་མི་མང་པོས་སོ་སོའི་གཅེས་པའི་རང་སྲོག་ཚུན་ཆད་བློས་གཏོང་གིས། རྒྱ་གཞུང་གིས་བོད་ནང་བཙན་འཛུལ་དབང་སྒྱུར་ལ་ངོ་རྒོལ་བྱེད་བཞིན་པ་དེ་ནི། བོད་མི་ཡོངས་ལ་འདྲ་མཉམ་གྱི་ཐོབ་ཐང་དང་རང་དབང་འཐོབ་ཆེད་ཡིན་ལ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་སྲིད་ཇུས་དེ་མཚམས་འཇོག་གིས། ཁྲིམས་མཐུན་ཐོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་བསྐྱར་གསོ་མ་བྱུང་བར་དུ། ང་ཚོས་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ནམ་ཡང་བློ་གཏོང་མཚམས་འཇོག་བྱེད་མི་སྲིད།༽ ཅེས་བརྗོད་ཡོད། རྩོམ་པ་པོ་ཁོང་གིས་ད་དུང་༼མི་ཡུལ་དུ་ཕེབས་པའི་སེམས་པ༽ཞེས་པའི་དེབ་ཅིག་ཀྱང་བརྩམས་ཏེ་འགྲེམས་སྤེལ་བྱས་ཡོད་པ་རེད།

 

བརྙན་སྡེར་རྩོམ་པ་པོ་ཁོང་གིས་བོད་དོན་སྐོར་སྙན་ཞུ་ཕབ་བསྐྲུན་སྐབས་ཀྱི་འདྲ་པར།
བརྙན་སྡེར་རྩོམ་པ་པོ་ཁོང་གིས་བོད་དོན་སྐོར་སྙན་ཞུ་ཕབ་བསྐྲུན་སྐབས་ཀྱི་འདྲ་པར།

རྩོམ་པ་པོ་སྒྱིས་ཚང་སྟག་སྨིག་ལགས་ནི། ༢༠༠༧ ལོའི་ཕྱི་ཟླ་ ༧ པའི་ཚེས་ ༢༧ ཉིན། རྒྱ་གཞུང་གི་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་ས་ཁོངས་ལྟར་བྱས་ན། ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་ཐོག་ནས། རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ཡུན་རིང་བཀག་ཉར་བྱས་མཐར། གནས་སྐབས་ཙམ་གྱི་རིང་གློད་བཀྲོལ་བྱས་ཡོད་ཀྱང་། ༢༠༡༠ ལོའི་ཕྱི་ཟླ་ ༡༢ བའི་ཚེས་ ༡༣ ཉིན་བསྐྱར་དུ་འཛིན་བཟུང་གིས་ལོ་གཅིག་ལྷག་རིང་ཀན་ལྷོ་གཙོད་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་ཐོག ནང་མི་གཉེན་འབྲེལ་སུ་གང་ལའང་ཐུག་འཕྲད་བྱས་བཅུག་མེད་པ་མ་ཟད། ༢༠༡༡ ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༣༠ ཉིན་ཀན་ལྷོ་ཉེན་རྟོག་པས་ཁོང་གི་ཕ་རྒན་ལ་རྩོམ་པ་པོ་ཁོང་ལ་ལོ་ ༤ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་བརྡ་ལན་སྤྲད་ཡོད་པ་རེད། དེ་ལྟར་རྒྱ་གཞུང་གི་བཙོན་འོག་ནས་མི་ལོ་ ༤ རིང་མནར་གཅོད་མྱངས་མཐར། ༢༠༡༤ ཕྱི་ཟླ་ ༡༠ ཚེས་ ༣ ཉིན་བཙོན་འཇུག་དུས་ཡུན་རྫོགས་ཏེ། ཀན་སུའུ་ལན་ཀྲུག་བཙོན་ཁང་ནས་གློད་བཀྲོལ་ཐོབ་ཡོད་པ་རེད།

རྩོམ་པ་པོ་ཁོང་ནི་ཕྱི་ལོ་ ༡༩༨༠ ལོར་མདོ་སྨད་བསང་ཆུ་རྫོང་སྒྱིས་ཚང་མང་དབང་ལུང་སྡེ་བར་སྐྱེས། ཕའི་མིང་ལ་བསམ་འཕེལ་དང་མའི་མིང་ལ་སྐྱིད་རིས་ཟེར། ཁོང་ལོ་དགུའི་སྟེང་ས་གནས་སློབ་གྲྭར་འགྲིམས་ཏེ་བོད་རྒྱ་ཡིག་རིགས་ལ་སློབ་གཉེར་གནང་མགོ་བརྩམས་ཡོད་པ་དང་། ལོ་བཅུ་གསུམ་སྟེང་སྒྱིས་ཚང་དགའ་ལྡན་ཆོས་འཁོར་གླིང་གི་ཆོས་སྒོར་ཞུགས་ཏེ། ༢༠༠༥ ལོའི་བར་གྲྭ་ཚང་གི་འདོན་ཆོག་གིས་གཙོས་ཐ་སྙད་རིག་གནས་སོགས་ལ་སློབ་གཉེར་གནང་ཡོད་ལ། ལོ་དེར་རྒྱུགས་སྤྲོད་ཀྱི་ལམ་ནས་བསང་ཆུ་རྫོང་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་དུ་སློབ་ཞུགས་བྱས་ནས། ༢༠༠༩ ལོར་སློབ་གྲྭ་དེ་གར་སློབ་མཐར་ཕྱིན་ཡོད།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྩོམ་པ་པོ་སྟག་སྨིག་ལགས་བཙོན་འཇུག་དུས་ཡུན་རྫོགས་ཏེ་གློད་བཀྲོལ་ཐོབ་པ་དེར་དགའ་འགུ་དང་། དེ་བཞིན། རྒྱ་གཞུང་གིས་རྩོམ་པ་པོ་ཁོང་ལ་ཉེས་འཛུགས་བཙོན་འཇུག་གིས་མནར་གཅོད་བཏང་བ་དེ་ནི། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་རྡོག་རོལ་བཏང་བ་ཞིག་ཆགས་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་དང་རྒྱ་གཞུང་རང་ཉིད་ཀྱི་རྩ་ཁྲིམས་ནང་གསལ་བའི། འགྲོ་བ་མིའི་བསམ་བརྗོད་རང་དབང་ལ་བརྩི་སྲུང་བྱ་རྒྱུའི་ཁྲིམས་ཐོག་གི་ཁས་ལེན་དམ་བཅའ་དང་རྒྱབ་འགལ་ཆགས་ཡོད།

to top