རྩོམ་པ་པོ་དྷི་ལྷ་ལྡན་གྱི་བརྩམས་དེབ་པར་བསྐྲུན་འགྲེམས་སྤེལ།

Screen Shot 2015-06-29 at 1.56.10 pmའདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། བོད་ནང་གནས་བཞུགས་རྩོམ་པ་པོ་དྷི་ལྷ་ལྡན་ལགས་ཀྱི་བརྩམས་དེབ་གཉིས་པ་ <<བསྟུན་རྒོལ་ཁྲིམས་གཏུགས>> པར་བསྐྲུན་ཐོག ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༩ གཟའ་ཟླ་བའི་ཉིན་བཞུགས་སྒར་དྷ་རམ་ས་ལར་གསར་དུ་དབུ་འབྱེད་འགྲེམས་སྤེལ་དང་། དེ་བཞིན། རྒྱ་ཆེའི་ཀློག་པ་རྣམས་ལ་བཀླག་བདེ་ཡོང་ཐབས་སུ། PDF ཡིག་ཆའི་རྣམ་པའི་གློག་རྡུལ་དེབ་གཟུགས་བཟོས་ཏེ་དྲ་ལམ་བརྒྱུད་འགྲེམས་སྤེལ་བྱས་ཡོད།

<<བསྟུན་རྒོལ་ཁྲིམས་གཏུགས>> ཞེས་པའི་དེབ་ནང་། རྩོམ་པ་པོ་ཁོང་གིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་དང་། རྒྱལ་སྤྱིའི་ཁྲིམས་ལུགས། རྒྱ་གཞུང་གི་རྩ་ཁྲིམས་ཀྱི་དངོས་བསྟན་དང་ཡོངས་སུ་བསྟུན་པའི་སྒོ་ནས། རྒྱ་གཞུང་གི་སྒེར་གཅོད་སྲིད་ཇུས་ཀྱི་ལོག་སྤྱོད་ཐེར་འདོན་བྱས་ཡོད་པ་མ་ཟད། ཞི་བདེ་དང་རང་དབང་། འདྲ་མཉམ། མང་གཙོ་བཅས་འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་གཞི་རྩར་བཟུང་སྟེ། རྒྱ་གཞུང་གི་མི་སེར་སྤེལ་བའི་དབང་སྒྱུར་འོག་གནས་པའི་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསལ་འདོན་བྱས་ཡོད།

དྷི་ལྷ་ལྡན་ལགས་ནི་ཆོས་སྒོར་ཞུགས་པའི་ནང་པའི་གྲྭ་པ་ཞིག་དང་། གཞིས་བཞུགས་གཞོན་སྐྱེས་ཤེས་ལྡན་པ་དང་རྩོམ་པ་པོ་ཞིག་ཡིན་ལ། ད་ལྟའི་ཆར་ཁོང་རྒྱ་གཞུང་གིས་སུན་གཙེར་ལྟ་རྟོགས་འོག་འཚོ་དགོས་པའི་གནས་སྟངས་འོག་ཡོད་པ་རེད། རྩོམ་པ་པོ་ཁོང་ཕྱི་ལོ་ ༡༩༨༠ ལོར་བོད་མདོ་སྨད་མགོ་ལོག་པདྨ་རྫོང་དུ་སྐྱེས། ཁོང་གི་གྲྭ་མིང་ལ་ཐུབ་བསྟན་བློ་བཟང་ལྷུན་འགྲུབ་ཟེར། རང་ལོ་ ༡༡ སྟེང་ཆོས་སྒོར་ཞུགས་ཏེ་ལོ་བཞིའི་རྗེས་སུ་གསེར་རྟ་བླ་རུང་སྒར་དུ་སློབ་གཉེར་དང་། རང་ལོ་ ༢༨ སྟེང་ལྷ་སར་བསྐྱོད་དེ་གདན་ས་ཆེན་པོ་འབྲས་སྤུངས་དང་སེ་ར་དགོན་པ་བཅས་སུ་སློབ་གཉེར་མཛད། ཡིན་ནའང་། རྗེས་སུ་དགག་རྐྱེན་སྣ་ཚོགས་པའི་རྐྱེན་གྱིས་སློབ་གཉེར་མཇུག་མ་རྫོགས་པར་མཚམས་འཇོག་བྱ་དགོས་བྱུང་ཡོད།

ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་རྩོམ་པ་པོ་ཁོང་བོད་ཀྱི་ས་ཁུལ་སོ་སོར་བསྐྱོད་དེ། བོད་མིའི་དངོས་མྱོང་གནས་ཚུལ་མཐའ་དག་ཡིག་ཐོག་ཏུ་འགོད་པའི་རྩོམ་འབྲིའི་ཕྱག་ལས་གནང་མགོ་བརྩམས་ཡོད། དེ་སྔོན། རྩོམ་པ་པོ་ཁོང་གིས་བོད་ནང་གནས་སྟངས་སྐོར་ཀྱི་བརྩམས་དེབ་ཐོག་མ <<ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ>> ཞེས་པ་དེ། ཕྱི་ལོ་ ༢༠༡༢ ལོར་འདི་ག་ལྟེ་གནས་ཁང་གིས་པར་འགྲེམས་ཞུས་ཡོད་ལ། ཉེ་སྔོན་རྩོམ་པ་པོ་ཁོང་གིས་བརྩམས་དེབ་གཉིས་པ་ <<བསྟུན་རྒོལ་ཁྲིམས་གཏུགས>> ཞེས་པ་འདི་ག་ལྟེ་གནས་ཁང་ལ་བཏང་འབྱོར་གྱིས། སྤྱི་ཚོགས་ཐོག་འགྲེམས་སྤེལ་ཡོང་བའི་ཐུགས་རེ་གནང་བ་ལྟར། འདི་ག་ལྟེ་གནས་ཁང་གིས་ཁོང་གི་དེབ་དེ་དབྱིན་བསྒྱུར་ཐོག བོད་དབྱིན་དེབ་གཉིས་མཉམ་དུ་སྤྱི་ཚོགས་ཁྲོད་པར་བསྐྲུན་འགྲེམས་སྤེལ་བྱས་པ་ཡིན།

གློག་རྡུལ་དེབ་གཟུགས་ཕབ་ལེན་དགོས་རིགས་ནས་འདིར་འཐེབ་གནོན་གྱིས་ཕབ་ལེན་བྱ་ཆོག།

to top