རྩོམ་པ་པོ་དྷི་ལྷན་གློད་གྲོལ་ཐོབ་འདུག་ཀྱང་ཁོང་གི་གནས་བབ་ཐད་སེམས་འཚབ་ཡོད།

རྩོམ་པ་པོ་དྷི་ལྷ་ལྡན་ལགས་ཀྱི་ལོ་བཞིའི་བཙོན་འཇུག་དུས་བཀག་ཚང་ནས་གློད་གྲོལ་ཐོབ་འདུག་ཀྱང་ཁོང་གི་ལུས་སེམས་ཀྱི་བདེ་ཐང་དང་། ད་ལྟའི་གནས་བབ་སོགས་རྒྱུས་ལོན་བྱ་ཐབས་མི་འདུག་པས་བློ་འཚབ་སྐྱེ་བཞིན་ཡོད།

ཉེ་ལམ་རང་རེའི་བཙན་བྱོལ་བོད་མིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྩོམ་པ་པོ་དྷི་ལྷ་ལྡན་ལགས་གློད་གྲོལ་ཐོབ་ཟིན་པའི་གནས་ཚུལ་ཁྱབ་བཞིན་པར་བརྟེན་འདི་ག་ལྟེ་གནས་ཁང་ནས་ཆ་རྒྱུས་ཡོད་པའི་འབྲེལ་ཡོད་བོད་མི་ཁག་ཅིག་ལས་གནས་ཚུལ་དག་བཤེར་ཞུ་ཐབས་བྱས་པས། ཁོང་ཉིད་གློད་གྲོལ་ཐོབ་ནས་རང་ཁྱིམ་དུ་འབྱོར་ཡོད་པ་བདེན་པ་རེད་འདུག་པས་དགའ་ཚོར་བྱུང་། འོན་ཀྱང་གློད་གྲོལ་ཐོབ་མཚམས་སུ་ཁོང་གི་ལུས་སེམས་གཉིས་ཀྱི་གནས་སྟངས་བདེ་འཚམ་ཡིན་མིན་སོགས་ཤེས་རྟོགས་ཐུབ་མེད་པ་མ་ཟད། རང་ཁྱིམ་དུ་འབྱོར་རྗེས་མུ་མཐུད་ཁོང་གི་གནས་ཚུལ་ཕྱི་ཕྱོགས་སུ་མི་འགྲོའི་བའི་ཐད་རྒྱ་གཞུང་གིས་དོ་དམ་ཤུགས་ཆེར་བྱེད་བཞིན་འདུག

རྩོམ་པ་པོ་དྷི་ལྷ་ལྡན་ལགས་ནི་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༦ པའི་ནང་འཇུ་བཟུང་བྱས་ཏེ་ལོ་ ༢ ཙམ་ལ་བཀག་ཉར་འོག་བཅུག་རྗེས། ཕྱི་ལོམ ༢༠༢༡ ལོར་“སྤྱི་ཚོགས་ཟིང་སློང་”གི་ཉེས་མིང་འོག་གསང་བའི་སྒོ་ནས་ལོ་བཞི་ཡི་བཙོན་འཇུག་ཁྲིམས་ཆད་བཏང་བ་རེད། ཁོང་ཉིད་འཇུ་བཟུང་བྱས་པའི་དུས་ཚོད་ནས་བརྩིས་ན་ལོ་བཞིའི་བཙོན་འཇུག་དུས་བཀག་འདི་ལོ་ཕྱི་ཟླ་ ༦ པའི་ནང་ལ་འཁེལ་གྱི་ཡོད་པས་གཅིག་བྱས་ན་དམ་དྲག་གི་དབང་གིས་ཟླ་གཉིས་ཀྱི་རྗེས་ལ་མ་གཏོགས་གློད་གྲོལ་ཐོབ་པའི་གནས་ཚུལ་ཤེས་རྟོགས་མ་ཐུབ་པ་ཡིན་སྲིད།

རྩོམ་པ་པོ་དྷི་ལྷ་ལྡན་ལགས་ལ་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་ཁྲིམས་བཤེར་བྱ་རྒྱུའི་ཐོབ་ཐང་རག་མེད་པ་མ་ཟད། ཁོང་ཉིད་ལ་ཁྲིམས་ཐག་མ་བཅད་པའི་གོང་ནས་ནང་མི་དང་འབྲེལ་ལམ་ཡོངས་སུ་བཅད་དེ་ཡུན་རིང་ཁྲིམས་འགལ་འོག་བཀག་ཉར་བྱས་པ་ཡིན་ཙང་རྒྱུ་ནག་གཞུང་གིས་རྒྱུན་ལྡན་ལྟར་ཁོང་གི་མགོ་ལ་གཡོག་པའི་ཉེས་འགེལ་ལ་ཁས་ལེན་ཐོབ་ཕྱིར་དུ་མནར་གཅོད་དྲག་པོ་བཏང་ཡོད་པའི་ཉེན་ཁ་ཤིན་ཏུ་ཆེ་བ་ཡིན།

སྐུ་ཞབས་དྷི་ལྷ་ལྡན་ལགས་ནི་ཕྱི་ལོ་ ༡༩༧༡ ལོར་མགོ་ལོག་པདྨ་རྫོང་དྷི་མདའ་ཡུལ་ཚོར་སྐྱེས་ཤིང་རང་ལོ་ ༡༡ སྟེང་ཆོས་སྒོར་ཞུགས་ཏེ་ལོ་བཞིའི་རྗེས་སུ་གསེར་རྟ་བླ་རུང་སྒར་དུ་སློབ་གཉེར་གནང་། རང་ལོ་ ༢༨ སྟེང་ལྷ་སར་བསྐྱོད་དེ་གདན་ས་ཆེན་པོ་འབྲས་སྤུངས་དང་སེ་ར་དགོན་པ་བཅས་སུ་སློབ་གཉེར་གནང་། རྗེས་སུ་དགག་རྐྱེན་སྣ་ཚོགས་པའི་རྐྱེན་གྱིས་སློབ་གཉེར་མཇུག་མ་རྫོགས་པར་མཚམས་འཇོག་བྱ་དགོས་བྱུང་ཡོད་པ་རེད། ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་ཁོང་བོད་ཀྱི་ས་ཁུལ་གང་སར་བསྐྱོད་དེ། བོད་མིའི་དངོས་མྱོང་གནས་ཚུལ་མཐའ་དག་ཡིག་ཐོག་ཏུ་འགོད་པའི་རྩོམ་འབྲིའི་ཕྱག་ལས་གནང་འགོ་བརྩམས་ཡོད། 

ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་བའི་ངོ་རྒོལ་སྐབས་ཀྱི་མཐོང་ཐོས་མྱོང་རིག་སོགས་གཞི་ལ་བཞག་པའི་ཁོང་གི་དཔེ་དེབ་ཐོག་མ་“ཚེ་སྲོག་གི་བསྐྲུན་པའི་སྐད་ཆ་”ཞེས་པ་ཕྱི་ལོ་ ༢༠༡༡ ལོར་འདི་ག་ལྟེ་གནས་ཁང་ནས་པར་བསྐྲུན་ཞུས་ཡོད་ཅིང་ཁོང་གི་དཔེ་དེབ་གཉིས་པ་“བསྟུན་རྒོལ་ཁྲིམས་གཏུགས”ཞེས་པ་རེ་སྐུལ་གནང་བ་ལྟར་ ༢༠༡༥ ལོར་ཡིག་བསྒྱུར་དང་པར་བསྐྲུན་འགྲེམས་སྤེལ་ཞུས་པ་ཡིན།

བོད་མིའི་ཐོབ་ཐང་དང་བདེ་སྡུག་འཛེམས་ཟོན་མེད་པར་བཤད་ཐུབ་མཁན་གྱི་ཐོབ་ཐང་དོན་གཉེར་བ་ཁོང་ཉིད་ད་ཐེངས་གློད་གྲོལ་ཐོབ་པ་ཧ་ཅང་དགའ་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁོང་གི་ལུས་སེམས་ཀྱི་བདེ་ཐང་ཐད་འགན་ཁུར་དགོས་པ་མ་ཟད། མུ་མཐུད་ཁོང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་དང་། སྨྲ་བརྗོད་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩིས་མེད་རྡོག་རོལ་གཏོང་མཚམས་འཇོག་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།

to top