གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། མགོ་ལོག་སྟོང་སྐྱབས་དགོན་གྱི་དགེ་འདུན་པ་ཁྲི་བཙན་ནམ་སྨྱུག་མིང་དུ་ཁྲི་བོད་ཁྲག་ཟེར་བ་ཁོང་། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༩ ཉིན་བཙོན་འཇུག་དུས་ཡུན་གཙང་སྟེ་གློད་གྲོལ་བཏང་ཡོད་འདུག ཡིན་ནའང་། ད་ལྟའི་བར་བཙོན་འཇུག་མནར་གཅོད་མྱངས་བའི་བརྒྱུད་རིམ་ཁྲོད། ཁོང་གི་གཟུགས་པོའི་གནས་སྟངས་ག་འདྲ་ཆགས་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
འདི་ག་ལྟེ་གནས་ཁང་གིས་དེ་སྔོན་གྲྭ་ཁྲི་བཙན་ལགས་རྒྱ་གཞུང་གིས་འཇུ་བཟུང་སྐོར་ལ་གནས་ཚུལ་སྤེལ་ཡོད་པ་ལྟར། ཕྱི་ལོ་ ༢༠༡༣ ཟླ་ ༣ པའི་ཚེས་ ༡༡ ཉིན་གྲྭ་ཁྲི་བཙན་ལགས་དགའ་བདེ་རྫོང་ཐོག་ཏུ་བསྐྱོད་སྐབས། རྒྱ་གཞུང་དྲག་ཆས་ཉེན་རྟོག་པས་རྫོང་ཐོག་ནས་གློ་བུར་ཁོང་འཇུ་བཟུང་བཙན་ཁྲིད་བྱས་ཏེ་ཡུན་རིང་གར་སོང་ཆ་མེད་དུ་གྱུར་མཐར། རྩོམ་ཡིག་བྲིས་ནས་སྤྱི་ཚོགས་ལ་འཁྲུག་རྐྱེན་བསླངས་པ་དང་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་པ་སོགས་ཀྱི་ཉེས་མིང་བཀལ་ཏེ་ཁྲིམས་ཐག་བཅད་ཡོད་འདུག ཡིན་ནའང་། རྒྱ་གཞུང་གིས་བོད་ནང་དུ་བརྒྱུད་ལམ་ཁག་ལ་དམ་དྲག་ཤུགས་ཆེན་པོ་བྱེད་བཞིན་ཡོད་སྟབས། ཁོང་ལ་ཁྲིམས་གཅོད་བྱས་པའི་བརྒྱུད་རིམ་དང་བཙོན་འཇུག་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་རིགས་ཤེས་རྟོགས་གསལ་བོ་བྱུང་ཐུབ་མེད་ཀྱང་། ཉེ་ཆར་ཁོང་བཙོན་འཇུག་དུས་ཡུན་གཙང་སྟེ་གློད་གྲོལ་བཏང་ཡོད་གནས་ཚུལ་ཐོན་པ་རེད།
གྲྭ་ཁྲི་བཙན་ལགས་ནི་གཞོན་སྐྱེས་གྲྭ་བཙུན་རྩོམ་པ་པོ་ཞིག་ཡིན་ལ། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༨ ཉིན་ཁོང་གིས་༼བདེན་པའི་ཁ་རླངས༽ཞེས་པའི་བརྩམས་དེབ་དེ་སྟོང་སྐྱབས་དགོན་པའི་ནང་དབུ་འབྱེད་འགྲེམས་སྤེལ་བྱས་རྗེས། ཕྱི་ཟླ་ ༣ ཚེས་ ༡༡ ཉིན་རྒྱ་གཞུང་ཉེན་རྟོག་པས་ཁོང་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་མ་ཟད། ཕྱི་ཟླ་ ༣ ཚེས་ ༡༥ ཉིན་དགའ་བདེ་རྫོང་གི་འབྲེལ་ཡོད་ལས་བྱེད་ཁག་ཅིག་སྟོང་སྐྱབས་དགོན་པའི་ནང་ཡོང་སྟེ། གྲྭ་ཁྲི་བཙན་ལགས་ཀྱིས་བརྩམས་པའི་དེབ་དེར་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱོར་མཁན་གྲྭ་བ་རྣམས་རྩིས་སྤྲོད་དགོས་ལུགས་ཀྱི་བཙན་བཀའ་བཏང་ཡོད་ཀྱང་། དགོན་པའི་གྲྭ་བཙུན་རྣམས་ཀྱིས་ངོས་ལེན་བྱས་མེད་སྟབས། ཕྱི་ཟླ་ ༣ ཚེས་ ༡༧ ཉིན་དགའ་བདེ་རྫོང་གི་བདེ་སྲུང་མི་སྣ་དང་ལས་བྱེད་སོགས་མི་བརྒྱ་མ་ཟིན་ཙམ་དགོན་པའི་ནང་འདུག་སྡོད་བྱས་ཐོག དགོན་པའི་གྲྭ་བཙུན་རྣམས་ལ་ཡུན་རིང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་དམ་དྲག་འཇིགས་སྐུལ་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་ཏེ་དགོན་པར་ཕྱོགས་ཡོངས་ནས་དམ་དྲག་བྱས་ཡོད་པ་རེད།
༼བདེན་པའི་ཁ་རླངས༽ཞེས་པའི་དེབ་དེའི་ནང་། ཕྱི་ལོ་ ༢༠༡༢ ཟླ་ ༡ པའི་ཚེས་ ༨ ཉིན་མགོ་ལོག་དར་ལག་རྫོང་ཐོག་ཏུ། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་མཁན། སྟོང་སྐྱབས་དགོན་པའི་བླ་མ་སྤྲུལ་སྐུ་བསོད་བྷ་ལགས་ཀྱི་མཛད་རྣམ་དང་། དེ་བཞིན། བོད་མི་རིགས་ཀྱི་རང་དབང་བདེན་པའི་འཐབ་རྩོད་ཆེད་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་གདུང་འབོད་ཀྱི་རྩོམ་ཡིག་སོགས་བྲིས་ཡོད་འདུག སྤྱིར་རྒྱ་གཞུང་གིས་བོད་ནང་གི་རྩོམ་པ་པོ་རྣམས་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་བཀལ་སྟེ་བཙོན་འཇུག་ཁྲིམས་ཐག་གཅོད་བཞིན་པའི་བྱ་སྤྱོད་དེ་ནི། བོད་ནང་འགྲོ་བ་མིའི་སྨྲ་བརྗོད་རང་དབང་མཐའ་གཅིག་ཏུ་བརྡལ་བཤིག་བཏང་བ་ཞིག་ཆགས་ཡོད།
གྲྭ་ཁྲི་བཙན་ལགས་ཀྱི་སྨྱུག་མིང་ལ་བོད་ཁྲག་ཟེར་ཞིང་། ད་ལྟ་རང་ལོ་ ༢༩ ཡིན། ཁོང་གི་ཕ་ཡུལ་ནི་བོད་མདོ་སྨད་མགོ་ལོག་ནས་ཡིན་ལ། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་ད་ལྟའི་དྲག་གནོན་དབང་བསྒྱུར་གྱི་ས་ཁོངས་ཆ་བགོས་ལྟར་བྱས་ན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་རྡོ་ཁ་ཡུལ་ཚོའི་རྒྱ་སྐོར་སྨད་མ་སྡེ་བའི་ཡིན་པ་དང་། ཁོང་ནི་སྟོང་སྐྱབས་དགོན་པའི་གྲྭ་བ་ཡིན་ལ། ཁོང་གི་ཨ་མའི་མིང་ལ་ཕག་མོ་ཟེར་བ་དང་། ཁོང་མ་སྨད་གཉིས་སྟོང་སྐྱབས་དགོན་པའི་ཉེ་འདབས་སུ་གནས་བསྡད་བྱས་ཡོད་པ་དང་། ཁོང་འཇུ་བཟུང་བཙོན་འཇུག་བྱས་རྗེས་ནང་མི་གཞན་མེད་སྟབས་ཁྱིམ་དུ་ཨ་མ་གཅིག་པུ་མ་གཏོགས་ལྷག་མེད་པ་རེད།