རྩོམ་པ་པོ་ཀུན་དགའ་ཚངས་དབྱངས་ལཊ་བཙོན་གྲོལ་བཏང་འདུག

མི་ལོ་ལྔའི་ཁྲིམས་ཐག་བཅད་ཟིན་པའི་པར་རྒྱག་སྒྱུ་རྩལ་པ་དང་དྲ་གནས་རྩོམ་པ་པོ་གངས་ཉིའམ་མགོ་ལོག་ཀུན་དགའ་ཚངས་དབྱངས་ལགས། ༢༠༡༤ ཟླ་༡ ཚེས་༡༢ ཉིན་ལན་གྲུ་གྲོང་ཁྱེར་གྱི་བཙོན་ཁང་ནས་མི་ལོ་ལྔའི་བཙོན་དུས་རྫོགས་ཏེ་ཉིན་དེའི་ཞོགས་པར་བཙོན་བཀྲོལ་བཏང་ཡོད་འདུག

རྩོམ་པ་པོ་གངས་ཉིའམ་མགོ་ལོག་ཀུན་དགའ་ཚངས་དབྱངས་ལགས།
རྩོམ་པ་པོ་གངས་ཉིའམ་མགོ་ལོག་ཀུན་དགའ་ཚངས་དབྱངས་ལགས།

དེ་ཡང་རྩོམ་པ་པོ་གངས་ཉིའམ་མགོ་ལོག་ཀུན་དགའ་ཚངས་དབྱངས་ལགས། སྤྱི་ལོ ༢༠༠༩ ལོ་ཟླ་ ༣ ཚེས༡༣ ཉིན་ཀན་ལྷོ་ཁུལ་གྱི་བདེ་འཇག་མི་སྣས་གློ་བུར་དུ་མཚན་མོའི་ཆུ་ཚོད་༡༢ སྟེང་འཇུ་བཟུང་བཙན་ཁྲིད་བྱས་ནས་ཟླ་བདུན་ཙམ་གྱི་རིང་གར་སོང་ཆ་མེད་ཏུ་གྱུར་རྗེས། དེའི་ལོའི་ཟླ་༡༡ ཚེས་༡༥ཉིན་ཀན་ལྷོ་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཁོང་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་དང་ (ལྷ་ས་སྔར་བཞིན་ལྷ་ས་མ་ཡིན་)ཞེས་པའི་རྩོམ་ཡིག་བྲིས་པ་སོགས་ཀྱིས་མེས་རྒྱལ་ཁ་བྲལ་བཏང་བའི་ཉེས་མིང་བཀལ་ནས་ལོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ནས་ལན་ཀྲོའུ་གྲོང་ཁྱེར་བྱེ་ཐང་ཆེན་མོ་ཟེར་བའི་བཙོན་ཁང་དུ་(大少平)བཙོན་འཇུག་བྱས་ཡོད་འདུག

ཁོང་གིས་བྲིས་པའི་རྩོམ་ཡིག་《ང་ཚོའི་སྲིད་གཞུང་གང་དུ་ཡོད།》ཅེས་པ་དང། 《ལྷ་ས་སྔར་བཞིན་ལྷ་ས་མ་ཡིན།》 《ང་ཚོའི་ལྷིང་འཇགས་དཀྲོགས་མཁན་དེ་སུ་རེད།》 ཅེས་པ་སོགས་ལ་ནག་ཉེས་བཀལ་ནས། འདྲི་གཅོད་ནན་པོ་བྱས་ཡོད་འདུག ཁྲིམས་རྩོད་པས་《ལྷ་ས་སྔར་བཞིན་ལྷ་ས་མ་ཡིན།》ཞེས་པའི་དོན་ག་རེ་ཡིན་མིན་སྐོར་དྲིས་སྐབས། ཀུན་དགའ་ཚངས་དབྱངས་ཀྱིས། ཁྱོད་ཚོས་མེ་འཁོར་ལྕགས་ལམ་དང་ཁང་པ་སོགས་འཛུགས་བསྐྲུན་བྱས་པ་བདེན་པ་ཡིན་ཡང། དོན་དངོས་ཐོག་ལྷ་ས་ནི་བོད་མི་རྣམས་ཀྱི་སྙིང་གི་ནོར་བུ་ལྟ་བུ་ཡིན་པས། དེང་སྐབས་ལྷ་སར་མཚོན་ན་ཆོས་སྲིད་གཉིས་ཀྱི་ཐོག་ནས་ཉམས་གུད་ཆེན་པོ་བཏང་བར་བརྗོད་ཀྱི་ཡོད་ཅེས་ལན་བཏབ་ཡོད་འདུག 《ང་ཚོའི་སྲིད་གཞུང་གང་དུ་ཡོད།》 ཅེས་པའི་སྐོར་དྲིས་པར། ཁོང་གིས། ཀྲུང་དབྱང་གིས་རྩ་འཛིན་ཡིག་ཆ་གང་མང་ཞིག་གཏན་འབེབས་བྱས་ཡོད་ཀྱང། རང་སྐྱོང་ས་ཁུལ་ལ་མཚོན་ན་ཡིག་ཆ་དེ་དག་ལག་ལེན་རྩ་བ་ནས་བསྟར་གྱི་མི་འདུག་ཅེས་བརྗོད་སྐབས་ཁོང་གི་སྐད་ཆའི་འཕྲོ་བཅད་ཡོད་འདུག

ཁོང་ནི་གཞོན་སྐྱེས་བོད་ཀྱི་རྩོམ་པ་པོ་ཞིག་དང་པར་རྒྱག་མཁན་གྱི་སྒྱུ་རྩལ་པ་ཞིག་ཀྱང་ཡིན་པ་མ་ཟད་། དེ་སྔོན༼གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ༽ཞེས་བའི་ནང་ཕྱག་ལས་གནང་ཡོད་པ་དང་། ཁོང་གི་པར་རིས་སྒྱུ་རྩལ་ལ་བོད་ཁམས་ན་དགའ་མོས་བྱེད་མཁན་མང་པ་དང་། ཁོང་མདོ་སྨད་མགོ་ལོག་གཅིག་སྒྲིལ་རྫོང་ལུང་དཀར་དགོན་ནས་ཡིན་ལ་སྐབས་དེར་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་ན་སློབ་གཉེར་གནང་བཞིན་ཡོད་འདུག
ཀུན་དགའ་ཚངས་དབྱངས་ལཊ་ཉེ་ཆར་༢༠༡༤ ཟླ་༡ ཚེས་༡༢ སྔ་དྲོ་ཆུ་ཚོད་༨། ༣༠ ཐོག་མི་ལོ་ལྔའི་བཙོན་དུས་རྫོགས་ཏེ་བཙོན་གྲོལ་ཐོབ་ནས་བླ་བྲང་དགོན་པར་ཕེབས་པ་དང་ཚེས་༡༤ ཉིན་ཁོང་གི་ཕ་ཡུལ་གྱི་དགོན་སྡེ་སོ་སོ་དང་མང་ཚོགས་མང་པོས་བསུ་བ་རྒྱ་ཆེན་བྱས་ནས་རང་ཡུལ་དུ་བདེ་འབྱོར་བྱུང་ཡོད།

to top