རྡོ་རྗེ་བཀྲ་ཤིས་ལ་ཉེས་པ་གང་ཡང་མེད་ཅེས་ངོ་རྒོལ་ལས་འགུལ་སྤེལ་འདུག 

བུ་ལོན་གཡོ་ལེན་བྱས་པའི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཆད་ཕོག་པའི་བོད་ཀྱི་ཚོང་པ་དང་སྤྱི་ཚོགས་ཞབས་ཞུ་བ་གྲགས་ཅན་རྡོ་རྗེ་བཀྲ་ཤིས་ཀྱི་ནང་མིས་དྲང་བདེན་མ་ཡིན་པའི་ཁྲིམས་ཐག་ལ་ངོ་རྒོལ་བྱས་ཏེ་ཁོང་ཉིད་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་འདུག རྡོ་རྗེ་བཀྲ་ཤིས་ནི་ཕྱི་ལོ་ ༢༠༠༨་ལོའི་ཟླ་ ༧ པའི་ཚེས་ ༡༠ ཉིན་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བྱས་ཤིང་ཕྱི་ལོ་ ༢༠༡༠ ལོར་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་“བུ་ལོན་གཡོ་ལེན་”གྱི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༠ པའི་ནང་རྒྱ་ནག་ཁྲིམས་དོན་ལས་ཁུངས་ཀྱི་ཁྲིམས་ལུགས་ཆེད་མཁས་པས་རྡོ་རྗེ་བཀྲ་ཤིས་ཀྱི་ཁྲིམས་ཆད་ནི་“དྲང་བདེན་མ་ཡིན་པ་”དང་“མི་བདེན་རྫུན་སྒྲིག་”བྱས་ཡོད་པའི་གནས་ཚུལ་བསྒྲགས་ཡོད། ཕྱི་ལོ་ ༢༠༢༠ ལོའི་འགོ་སྟོད་དུ་རྡོ་རྗེ་བཀྲ་ཤིས་ཀྱི་ཁྲིམས་རྩོད་པས་པོད་ཕྲན་དྲྭ་བའི་སྟེང་དུ་ཁོང་གཉིས་ཐུག་འཕྲད་བྱ་བར་གཞུང་ངོས་ནས་འགོག་རྐྱེན་ལན་མང་བཟོས་པ་དང་ཁོང་གི་གོང་རིམ་ཁྲིམས་གཏུག་གི་བྱ་བའི་བརྒྱུད་རིམ་ལ་ལོ་ངོ་དྲུག་ཙམ་འགོར་འགྱངས་བྱས་ཏེ་མཐར་ཆོག་མཆན་མ་སྤྲད་པའི་གནས་ཚུལ་བཀོད་ཡོད་པ་རེད།

རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་མགོན་པོ་སྐྱིད་དང་གཅེན་པོ་རྡོ་རྗེ་ཚེ་བརྟན་གཉིས་རྒྱ་ནག་གི་ཁྲིམས་བཤེེར་གྱི་བརྒྱུད་རིམ་ལ་རེ་ཐག་ཡོངས་སུ་ཆད་ནས་རིམ་བཞིན་དངོས་དོན་ཕྱིར་བསྒྲགས་དང་ངོ་རྒོལ་སྐད་འབོད་བྱེད་འགོ་བརྩམས་འདུག  མགོན་པོ་སྐྱིད་ཀྱིས་ཉེ་ལམ་ལྷ་སའི་མི་དམངས་ཁྲིམས་ཁང་གི་མདུན་དུ་རང་གི་གཅུང་པོ་ཉེས་པ་གང་ཡང་མེད་ཅེས་ཡང་བསྐྱར་ངོ་རྒོལ་སྐད་འབོད་བྱས་འདུག་ཅིང་རྡོ་རྗེ་ཚེ་བརྟན་གྱིས་ཡོངས་ཁྱབ་སྙན་ཞུའི་ལམ་ནས་བོད་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཁག་ཅིག་གིས་བསམ་བཞིན་དུ་དངོས་མིན་རྫུན་སྒྲིག་དང་ཁྲིམས་འགལ་གྱི་ལམ་ནས་རྡོ་རྗེ་བཀྲ་ཤིས་ལ་མ་ཉེས་ཁག་གཡོག་བྱས་ཡོད་པའི་སྐོར་གྱི་གནས་ཚུལ་ཕྱིར་བསྒྲགས་བྱས་འདུག  

གཅེན་མོ་མགོན་པོ་སྐྱིད་ཀྱི་ངོ་རྒལ་སྐད་འབོད། 

འདི་ག་ལྟེ་གནས་ཁང་ནས་ལྷ་སར་བཞུགས་པའི་བོད་མི་གཉིས་ཙམ་བརྒྱུད་དེ་གནས་ཚུལ་རྒྱུས་ལོན་བྱུང་གསལ་ལ། ཉེ་སྔོན་ཕྱི་ཟླ་ ༡༢ པའི་ཚེས་ ༡༩ ཉིན་གྱི་སྔ་དྲོའི་ཚོུད་ ༡༠:༣༠ ཡས་མས་སུ་ལྷ་སའི་མི་དམངས་ཁྲིམས་ཁང་གི་སྒོ་མདུན་དུ་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་ལག་ཏུ་“རྡོ་རྗེ་བཀྲ་ཤིས་ལ་ཉེས་པ་མེད་”ཅེས་པའི་རྒྱ་ཡིག་འཕྲེད་དར་ཆུང་ངུ་ཞིག་བཟུང་སྟེ་དེ་ལྟར་སྐད་འབོད་བྱས་འདུག  སྐར་མ་ལྔ་ཙམ་ལས་མ་འགོར་བར་བདེ་སྲུང་མི་སྣ་འགས་ཁོ་མར་རུབ་བྱས་ཀྱང་ད་དུང་སྐད་འབོད་མུ་མཐུད་བརྒྱབས་འདུག ཅུང་མ་འགོར་བར་བདེ་སྲུང་མི་སྣས་ཁོ་མོ་ཁྲིམས་ཁང་གི་རྒྱབ་ལོགས་སུ་བཙན་གྱིས་ཁྲིད་འདུག་པས་དེའི་རྗེས་སུ་གནས་ཚུལ་ཅི་ཞིག་འབྱུང་མིན་གསལ་ཆ་མི་འདུག  

མགོན་པོ་སྐྱིད་ཀྱིས་ལྷ་སའི་མི་དམངས་ཁྲིམས་ཁང་གི་སྒོ་མདུན་དུ་ “རྡོ་རྗེ་བཀྲ་ཤིས་ལ་ཉེས་པ་མེད་”ཅེས་ངོ་རྒོལ་སྐད་འབོད་བྱེད་སྐབས།

འདི་ནི་མགོན་པོ་སྐྱིད་ཀྱིས་ཁྲིམས་ཁང་གི་སྒོ་མདུན་དུ་ངོ་རྒོལ་སྐད་འབོད་བྱེད་ཐེངས་གཉིས་པ་དེ་ཡིན། འདི་ལོ་ཕྱི་ཟླ་ ༦ པའི་ནང་དུའང་ལྷ་སའི་མི་དམངས་ཁྲིམས་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱས་ཡོད།  མ་ཟད་ཕྱི་ཟླ་ ༩ པའི་ནང་ཁོ་མོས་བརྙན་ཐུང་གི་ལམ་ནས་རང་གི་གཅུང་པོ་རྡོ་རྗེ་བཀྲ་ཤིས་དང་རྡོ་རྗེ་ཚེ་བརྟན་གཉིས་ཀར་མ་ཉེས་ཁག་གཡོག་དད་ཉེས་མེད་ཉེས་འགེལ་བྱས་པའི་སྐོད་གྱི་གནས་ཚུལ་འགྲེལ་བརྗོད་བྱས་ཡོད།  

ཁོ་མོས་བརྙན་ཐུང་ནང་དུ་བཤད་དོན་“ངའི་མྱིང་པོ་(སྤུན་མཆེད་བུ་)རྡོ་རྗེ་ཚེ་བརྟན་ལ་སྐྱོན་ཆ་ཅི་གང་མེད་པར་ལོ་དྲུག་བཙོན་ཁང་དུ་བཅུག་སོང་། ངའི་མྱིང་པོ་རྡོ་རྗེ་བཀྲ་ཤིས་ལ་སྒོར་མོ་ཁྲི་ ༡༥༠ ལ་ཁ་གཡར་ནས་ཚེ་བཙོན་བྱས་སོང་། སྒོ་མོ་ཁྲི་ ༡༥༠ ང་ཚོས་འཇལ་ཚར་བ་མ་ཟད་དེའི་སྒང་ལ་ཁྲི་ ༥༠ སྤྲད་ནས་ཁྱོན་སྒོར་ཁྲི་ ༢༠༠ འཇལ་བ་ཡིན། 

ཚེ་བཙོན་བྱས་པའི་སྒང་ལ་“བུ་ལོན་གཡོ་ལེན་”ཟེར་བའི་མིང་ཞིག་ཀྱང་བཏགས་སོང་། རང་སྐྱོང་ལྗོངས་ཀྱི་དཔོན་པོ་ཚོས་གུང་ཁྲན་ཏང་ལ་མི་དཔེ་བའི་(དར་སྲོལ་མེད་པའི་)ཁྲིམས་ཆད་ཅིག་ང་ཚོར་བཙུགས་སོང་། ད་ངས་ག་རེ་ལབ་ཀྱི་ཡོད་ལབ་ན། ཀྲུང་གོ་གུང་ཁྲན་ཏང་གི་ཁྲིམས་ལ་སྒོར་མོ་སྐྱིན་པ་བྱིན་ཚར་བའི་རྗེས་ནས་ད་རུང་བུ་ལོན་གཡོ་ལེན་ཟེར་བ་ཞིག་ཡོད་རེད་དམ། སྒོར་མོ་དཔོན་པོས་སྐྱི་ཡི་ཡོད་རེད།  དམངས་ཚོགས་ཀྱིས་ཀྱང་སྐྱི་ཡི་ཡོད་རེད། གལ་ཏེ་གུང་ཁྲན་ཏང་ལ་ཁྲིམས་དེ་འདྲ་ཞིག་ཡོད་ན་ང་ཚོས་ཁུར་གྱི་ཡིན། ཁྲིམས་བརྩི་སྲུང་བྱེད་ཀྱི་ཡིན། ངས་དེ་ལྟར་ཁྲིམས་ཁང་ལ་བཤད་པ་ཡིན། གལ་ཏེ་གུང་ཁྲན་ཏང་གི་ཁྲིམས་ལ་དེ་འདྲ་ཞིག་ཡོད་ན་ང་ལ་ཆ་འཛིན་(བདེན་དཔང་ཡིག་ཆ་)ཞིག་སྤྲོད་རོགས་ལབ་ཡིན། ང་རང་གི་མི་ལ་སྐྱོན་ཆ་མེད་ན་མེད་ཟེར་རྒྱུའི་དབང་ཆ་དང་ཐོབ་ཐང་དེ་མི་འདུག གུང་ཁྲན་ཏང་གི་ཁྲིམས་ལ་རང་གི་མི་ལ་སྐྱོན་ཆ་མེད་ན་མེད་ཟེར་བའི་དབང་ཆ་དང་ཐོབ་ཐང་དེ་ཡོད་རེད།  དེས་ན་དེ་མེད་པར་གཏོང་མཁན་སུ་རེད། རང་སྐྱོང་ལྗོངས་ཀྱི་དཔོན་པོ་ཚོ་རེད། ང་རང་གི་མི་ལ་སྐྱོན་ཆ་མེད་ན་མེད་ཟེར་བའི་དབང་ཆ་དང་ཐོབ་ཐང་གུང་ཁྲན་ཏང་གི་ཁྲིམས་ནང་ལ་མེད་ན་མེད་ཟེར་བ་དང་བུ་ལོན་གཡོ་ལེན་སྒང་ནས་ང་ལ་ཆ་འཛིན་ཞིག་སྤྲོད་དང་། ང་དེ་ནས་བཟུང་ཁྱོད་ཚོ་ཁྲིམས་ཁང་གི་སྒོ་ཁར་ནམ་ཡང་མི་ཡོང་།”ཞེས་བཤད་འདུག 

མགོན་པོ་སྐྱིད་ཀྱིས་བརྙན་ལམ་ནས་རྡོ་རྗེ་བཀྲ་ཤིས་ལ་མ་ཉེས་ཁག་གཡོག་བྱུང་བའི་སྐོར་གྱི་གནས་ཚུལ་བཤད་པ།

གཅེན་པོ་རྡོ་རྗེ་ཚེ་བརྟན་གྱི་ཡོངས་ཁྱབ་སྙན་ཞུ།  

རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་པོ་རྡོ་རྗེ་ཚེ་བརྟན་ཡང་སྔོན་རྒྱ་གཞུང་གིས་ལོ་དྲུག་ཙམ་ལ་རྒྱུ་མཚན་གསལ་པོ་མེད་པར་བཙོན་འཇུག་བྱས་འདུག  ཉེ་ལམ་ཁོང་གིས་སོ་སོའི་མིང་དངོས་སྤྱད་ནས་བོད་ལྗོངས་མཐོ་རིམ་དཔོན་རིགས་ཐེར་འདོན་བྱས་པའི་ཡོངས་བསྒྲགས་ཡི་གེའི་ནང་དུ་འཁོད་དོན་“ངའི་མིང་ལ་རྡོ་རྗེ་ཚེ་བརྟན་ཟེར། ངས་མིང་ངོ་མ་བཀོད་ནས་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་(ཁྲིམས་དཔོན།)ཟུར་བ་ནོར་བུ་དོན་གྲུབ། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིན་གྱི་ཐིན་ཀྲང་གཞོན་པ་ཟུར་བ་ཡང་ཀང་མིན། བོད་ལྗོངས་གཞིས་ཀ་རྩེ་སྤྱི་བདེ་ཁྲོའོ་ཡི་ཁྲོའོ་ཀྲང་གཞོན་པ་ཟུར་བ་རྡོ་རྗེ་གསུམ་ཐེར་འདོན་བྱ་རྒྱུ་ཡིན།ཁོ་རང་ཚོས་ཆབ་སྲིད་ཁ་ལ་གཡར་ནས་དངོས་ཡོད་གནས་ཚུལ་མཁྱོགས་བརྗོད་ཀྱིས་བོད་ལྗོངས་དམངས་ཁྲོད་ཁེ་ལས་པ་རྡོ་རྗེ་བཀྲ་ཤིས་ལ་དངུལ་བུ་ལོན་གཡོ་ལེན་ཟེར་བ་ནི་མགོ་མཇུག་བར་གསུམ་དུ་རྫུན་བཟོ་དང་བཅའ་ཁྲིམས་གཏོར་བཤིག་རེད། སྒོར་ས་ཡ་ ༡ དང་འབུམ་ ༤ ཁྲི་ ༤ ཡིས་ཀུན་ཟི་(ཁེ་ལས་)ཡི་ས་ཆ་གཏའ་བཞག་དངུལ་བུན་སྐོར་ནི། ཐེངས་གཉིས་པའི་དཔྱད་མཚམས་བྱས་རྗེས་སུ་སྒོར་ས་ཡ་གཅིག་དང་བཞི་འབུམ་བཞི་ཁྲི་དང་བསྐྱེད་ཀ་བཅས་ཡོངས་སུ་རྗོགས་པ་དངུལ་ཁང་ལ་ཕུལ་ཚར་བ་ཡིན། དངུལ་ཁང་གིས་ཐོག་མཐའ་བར་གསུམ་དུ་ཁྲིམས་གཏུག་བྱས་མེད། མ་གཞི་དམངས་དོན་གྱོད་གཞི་ཞིག་ཡིན་པ་ཨུ་ཚིགས་ཀྱིས་ཉེས་དོན་གྱི་གྱོད་གཞི་རུ་ཐག་གཅོད་གནང་པ་རེད། དངུལ་ཁང་ལ་གྱོང་གུན་ཅི་ཡང་བཟོས་མེད་པའི་གནས་སྟངས་འོག་བོད་ལྗོངས་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྡོ་རྗེ་བཀྲ་ཤིས་ལ་བུ་ལོན་གཡོ་ལེན་གྱི་ཉེས་བ་བཙུགས་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད། ལོ་དེའི་ནང་དུ་གྱོད་གཞི་གཅིག་པ་ཡིན་པའི་ཧོ་ཤིན་ཡིག་བཟའ་ཟླས་སྒོར་བྱེ་བ་ ༥ དང་ས་ཡ་ ༣ བུ་ལོན་གཡོ་ལེན་བྱས་པར་མི་དམངས་མཐོ་རིམ་ཁྲིམས་ཁང་གིས་ཐེངས་གཉིས་པའི་དཔྱད་མཚམས་སྐབས་སུ་ལོ་ ༡༥ ཁྲིམས་ཐག་བཅད་པ་རེད། འདི་ལྟ་བུའི་དབྱེ་འབྱེད་ཀྱིས་མི་མང་ལ་ཇི་ལྟར་ཡིད་ཆེས་བསྐྲུན་ནམ། རྡོ་རྗེ་བཀྲ་ཤིས་ཀྱིས་ཉེས་འཛུགས་ཁས་ལེན་བྱས་མེད། ད་བར་དུ་ཚེ་བཙོན་ལས་དུས་ཡུན་ཐུང་དུ་བཟོས་མེད། ལོ་ངོ་ ༡༥ ལ་བཙོན་དུ་བསྡད་ཟིན་པ་རེད། འདི་ནི་དུས་རབས་ཀྱི་གསར་འགྱུར་དང་། བོད་ལྗོངས་ཀྱི་ཡ་མཚན་པའི་གྱོད་དོན་མ་ཡིན་ནམ། དྲང་བདེན་མིན་པའི་གནས་ཚུལ་དམར་རྗེན་འདི་དེ་རིང་གི་ཁྲིམས་སྐྱོང་གི་སྤྱི་ཚོགས་ནང་བྱུང་བ་རེད།”

བཙོན་འོག་གི་མནར་གཅོད། 

ད་ལོ་རང་ལོ་ ༤༩ ཡིན་པའི་བོད་ལྗོངས་མ་ཕམ་གཡུ་མཚོ་ཚོགས་པའི་ཚོགས་གཙོ་རྡོ་རྗེ་བཀྲ་ཤིས་ལགས་ཕྱི་ལོ་ ༢༠༠༨ ལོའི་ཟླ་བ་ ༧ ཚེས་ ༡༠ ཉིན་ལྷ་ས་སྣ་ཆེན་ལམ་ཉིང་ཁྲི་དོན་གཅོད་ཁང་གི་སྒོ་མདུན་ནས་རྒྱ་གཞུང་ཉེན་རྟོག་པས་“༣.༡༤དོན་རྐྱེན་”ལ་རོགས་དངུལ་སྤྲད་ཚུལ་བཤད་དེ་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིན་ལྟ་སྲུང་ཁང་གི་འདྲི་གཅོད་ཁང་ལ་ཁྲིད་། བཀག་ཉར་ཁང་དུ་བཅུག་པའི་རིང་རྒྱ་གཞུང་དབུས་སྤྱི་བདེ་ལྷན་ཁག་གིས་ཐད་ཀར་ “བོད་མི་རྡུལ་སྦྱོང་”ཆེད་དུ་བཏང་བའི་ཞིབ་དཔྱོད་པ་རུས་ལིའུ་ (刘) ཟེར་བས་གཙོ་བོ་བྱས་ཏེ་ཟླ་བ་བཞི་ཙམ་གྱི་རིང་རྡུང་རྡེག་དྲག་པོ་བཏང་བ་དང་། གཉིད་ཁུག་མ་བཅུག་པ། སྒེར་ནཅུག་བྱེད་པ། ཁ་ཟས་དང་ཆུ་དུས་ལྟར་མི་སྟེར་བ། རྨས་སྐྱོན་ཕོག་ཀྱང་སྨན་བཅོས་བྱེད་མི་བཅུག་པ་སོགས་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་བའི་སྐོར་ཁོང་གི་བདེན་དཔང་ཚིག་ཐོར་གསལ།  དེང་ཐོག་ཁོང་ལ་རྒྱལ་ཁབ་ཁ྄་བྲལ་གཏོང་མཁན་གྱི་ཉེས་མིད་འདོགས་ཐབས་བྱས་ཀྱང་དེ་ཉིད་ལམ་ལྷོགས་མ་བྱུག་བར་བརྟེན། ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༧ པའི་ནང་ “བུ་ལོན་གཡོ་ལེན་” བྱས་པའི་ཉེས་མིང་འོག་ཚེ་བཙོན་དང་ཚེ་གང་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པའི་ཁྲིམས་ཐག་བཅད།  

བཙོན་དུ་བཞུགས་པའི་ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲ་ཤིས།

ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༨ པའི་ཚེས་ ༡༦ ཉིན་རྡོ་རྗེ་ཚེ་བརྟན་གྱིས་ཏ་ཇི་ཡན་དྲ་བའི་གསར་འགོད་པར་བརྗོད་དོན། རྡོ་རྗེ་བཀྲ་ཤིས་ཐོག་མར་བཙོན་ཁང་ལ་བཅུགས་པའི་སྐབས་སུ་ཉིན་གྲངས་༡༥ལ་ཟས་བཅད་ངོ་རྒོལ་བྱས་ཡོད་པས།བཙོན་ཁང་གིས་གནམ་ཁབ་བརྒྱབ་ནས་ཚེ་སྲོག་རྒྱུན་གནས་བྱེད་དགོས་པ་བྱུང་།༢༠༡༢ ལོར་རྡོ་རྗེ་བཀྲ་ཤིས་ཀྱིས་བཙོན་ཁང་གི་བཙོན་མའི་སྒྲིག་ཆས་ལོ་ཕྱེད་ཀར་མ་གྱོན་པས་རྐྱེན་གྱིས་ཁོ་རང་ལ་ནང་མི་ཐུག་འཕྲད་བྱེད་དུ་བཅུག་མེད། རྗེས་སུ་བཙོན་ཁང་གིས་རྡོ་རྗེ་བཀྲ་ཤིས་ཀྱི་ཆུང་མ་དང་ནང་མི་ལ་བསམ་བློའི་ལས་དོན་ཟེར་བ་སྤེལ་རྗེས་ཁོས་ད་གཟོད་བཙོན་ཆས་གྱོན་འདུག་ཅིང་ནང་མི་ཐུག་འཕྲད་ཀྱང་བསྐྱར་གསོ་བྱས་འདུག 

༢༠༡༦ ལོར་རྡོ་རྗེ་ཚེ་བརྟན་དང་མགོན་པོ་སྐྱིད་གཉིས་པེ་ཅིན་ལ་ཞུ་གཏུག་སོང་བའི་རྗེས་སུ་རྡོ་རྗེ་བཀྲ་ཤིས་ལ་བཙོན་ཁང་ནང་དུ་ལྟ་གཏོགས་ཚོད་འཛིན་བྱེད་པ་དམ་ནས་དམ་དུ་གྱུར། བཙོན་ཁང་གིས་རྡོ་རྗེ་བཀྲ་ཤིས་ཀྱི་རྣམ་འགྱུར་མི་ལེགས་པ་དང་། ཉེས་པ་ཁས་ལེན་མི་བྱས་མེད་པ། ༢༠༡༧ལོར་པེ་ཅིན་གྱི་ཁྲིམས་རྩོད་པ་ཝང་ཧྥེ་(wang fei )དང་ཧོལ་ཁྲིན་(Hao chen)གཉིས་ཀྱིས་ཕྱོགས་མང་པོ་ལ་ཞུ་གཏུག་དང་རེ་འདུན་བཏོན་ནས་ད་གཟོད་ཁྲིམས་རྩོད་པ་དང་མཇལ་ཐུབ་པ་རེད།ཁྲིམས་རྩོད་པ་དང་མཇལ་དུས་ཁོས་ཁོ་རང་ལ་ཚ་འདྲི་བྱས་ནས་ངོས་ལེན་བྱེད་དུ་བཅུག་པ་བརྗོད་ཡོད།དེ་སྐོར་ཁྲིམས་རྩོད་པས་ཟིན་ཐོ་བཀོད་ཡོད།

ཕྱི་ལོ་ ༢༠༠༨ ལོར་རྡོ་རྗེ་བཀྲ་ཤིས་ལ་ཁྲིམས་ཐག་མ་བཅད་པའི་སྔ་རོལ་དུ་བཙན་ཤེད་ཀྱིས་ཉེས་འགེལ་ངོས་ལེན་ཐོབ་ཆེད་བཀག་ཉར་ཁང་དུ་ཁོང་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་དྲག་པོ་བཏང་ཚུལ་གྱི་བདེན་དཔང་ཚིག་ཐོ་ཞིག་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༨ པའི་ནང་ཕྱིར་ཐོན་འདུག བདེན་དཔང་ཚིག་ཐོ་དེས་རྒྱ་ནག་གི་བདེ་སྲུང་མི་སྣས་ཁོང་ཉིད་འཇུ་བཟུང་མ་བྱས་པའི་ལོ་ལྔ་ཙམ་གྱི་གོང་ནས་ཁོང་ལ་རྒྱུན་དུ་གསང་མྱུལ་བྱེད་ཀྱི་ཡོད་པ་མ་ཟད་ཁོང་གི་ཁ་པར་ནང་དུ་བཤད་པའི་སྐད་ཆ་མང་དག་ཅིག་སྒྲ་འཇུག་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དབྱིན་ཡིག་ཏུ་བསྒྱུར་བའི་བདེན་དཔང་ཚིག་ཐོ་དེས་རྡོ་རྗེ་བཀྲ་ཤིས་ལགས་ལ་གཉིད་གཅོག་པ་དང་། ཁ་ཟས་མི་སྤྲོད་པ། གློག་དབྱུག་གིས་གཞུ་པ། ཁེར་བཅུག་བྱེད་པ་དང་སྨན་བཅོས་བྱེད་མི་བཅུག་པ་སོགས་མི་སྤྱོད་ལས་འདས་པའི་མནར་གཅོད་སྣ་ཚོགས་ཤིག་བཏང་ཡོད་པ་གསལ་འདུག

རྡོ་རྗེ་བཀྲ་ཤིས་ལགས་ལ་ཟླ་བ་བཞི་ཙམ་གྱི་རིང་རྡུང་རྡེག་དྲག་པོ་བཏང་བ་དང་གཉིད་ཁུག་མ་བཅུག་པ་སོགས་བྱས་འདུག་པ་མ་ཟད་ལོ་ན་ ༧༠ སོན་པའི་ཁོང་གི་ཨ་མའང་བཙོན་འཇུག་བྱ་རྒྱུ་ཡིན་ཚུལ་གྱི་འཇིགས་སྐུལ་བྱས་པ་སོགས་ལུས་སེམས་གཉིས་ཀར་མནར་གཅོད་ཚད་ལས་བརྒལ་བ་བཏང་འདུག་ཀྱང་བཙན་ཤེད་དེའི་འོག་ནས་ཁོང་ལ་ཆབ་སྲིད་ནག་ཉེས་གཡོག་མ་ཐུབ་པར་བརྟེན་མཐར་“བུ་ལོན་གཡོ་ལེན་”བྱས་པའི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཆད་བཏང་ འདུག་པས་ཉེས་མིང་དེ་ནི་ཁག་འཇོག་ས་ཙམ་དུ་གྱུར་ཡོད།

རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་སྔ་ཕྱིར་ཐེངས་གཉིས་ཙམ་ལ་གོང་རིམ་ཁྲིམས་ཁང་ལ་བསྐྱར་གཏུག་བྱེད་ཐབས་བྱས་ཀྱང་བསྐྱར་གཏུག་གཅིག་ངོས་ལེན་མ་བྱས་པའི་བརྒྱུད་རིམ་ཁོ་ནར་ལོ་དྲུག་ཙམ་འགོར་བ་མ་ཟད་སྒེར་གྱི་ཁྲིམས་རྩོད་པར་ཁྲིམས་རྩོད་བྱེད་མི་ཆོག་པའི་ཉེན་བརྡ་བཏང་བར་བརྟེན་ཁོང་ཉིད་རྒྱ་ནག་གི་ཁྲིམས་ལུགས་ལ་ཡིད་ཐང་རབ་ཏུ་ཆད་པར་གྱུར་ཡོད་པ་རེད། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༢ ནས་ བཟུང་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་བཟའ་ཟླ་བསོད་ནམས་ཆོས་སྒྲོན་ཡང་ཁོང་ཉིད་ལ་ཐུག་འཕྲད་དུ་འགྲོ་མི་ཆོག་པ་བཟོས་འདུག

to top