རྔ་བ་ས་ཁུལ་དུ་བོད་རིགས་བུད་མེད་ཅིག་གིས་རང་བསྲེགས་ངོ་རྒོལ་བྱས་འདུག

རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་མཁན་ཚེ་པེ་ལགས་ཀྱི་པར་རིས།
རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་མཁན་ཚེ་པེ་ལགས་ཀྱི་པར་རིས།

བོད་མདོ་སྨད་རྔ་བ་ས་ཁུལ་དུ་བུད་མེད་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མི་སེར་སྤེལ་བའི་དྲག་གནོན་དབང་སྒྱུར་ལ་ཞི་བའི་ངོ་རྒོལ་གྱིས་འདས་གྲོངས་ཕྱིན་ཡོད་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་༢༠༡༤ ཟླ་༡༢ ཚེས་༢༢ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༤ པ་ཡོལ་ཙམ་ལ་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་སྲང་ལམ་སྨད་ཕྱོགས་ནས། རང་ལོ་༡༩ ཡིན་པའི་བུ་མོ་ཚེ་པེ་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུུས་ལ་ངོ་རྒོལ་ཆེད་སྐུ་ལུས་མེར་སྲེག་བཏང་སྟེ་ས་གནས་དེ་ག་རང་ནས་འདས་གྲོངས་སུ་གྱུར་ཡོད་ཅིང་། དེ་མ་ཐག་ཉེན་རྟོག་པས་ཁོང་མོའི་སྐུ་ཕུང་བཙན་འཁྱེར་བྱས་ཡོད་འདུག

ཁོང་མོ་ནི་རྔ་བ་ཁུལ་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་བཞི་བའི་འཆི་རྡོར་ཚང་གི་ཕ་འཆི་རྡོར་༼འཆི་མེད་རྡོ་རྗེ་༽དང་། མ་ཅེན་དཔའ་གཉིས་ལ་བུ་བུ་མོ་དྲུག་ཡོད་པའི་ནང་གི་བཞི་པ་ཡིན་ཞིང་། ཆུང་ཆུང་སྐབས་ནས་སློབ་གྲྭར་འགྲོ་མྱོང་མེད་པར་ཕ་མ་མཉམ་དུ་འབྲོག་པའི་འཚོ་བ་བསྐྱལ་ནས་འཚར་ལོངས་བྱུང་བ་ཞིག་དང་། ཀུན་ཀྱིས་བསྟོད་བསྔགས་བྱེད་སའི་གཞུང་དྲང་གཤིས་འཇམ་གྱི་བུ་མོ་ཡ་རབས་ཤིག་ཡིན་འདུག

ད་དུང་གནས་ཚུལ་ཡོང་ཁུངས་ནས་བཤད་པ་ལྟར་ན། ལོ་ན་༦༠ ཡོལ་བའི་བུ་མོའི་ཕ་འཆི་རྡོར་དང་། ལོ་ན་ལྔ་བཅུ་ང་སྟོད་ཡིན་པའི་མ་ཅེན་དཔའ། གཅེན་པོ་ཡི་མེ་བཅས་ཉེན་རྟོག་པས་ཁྲིད་ཡོད་ཀྱང་། དངོས་སུ་བཀག་ཉར་བྱས་ཡོད་མེད་ཀྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

ད་ལྟའི་ཆར་བོད་ནང་དུ་སླར་ཡང་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་མང་རུ་འགྲོ་བཞིན་པའི་ཐད། འདི་ག་ལྟེ་གནས་ཁང་གི་ངོས་ནས་ཧ་ཅང་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད། བོད་ནང་མུ་མཐུད་རང་ལུས་མེར་བསྲེགས་ཀྱི་ཞི་བའི་ངོ་རྒོལ་འབྱུང་བཞིན་པའི་གཞི་རྩ་ནི། རྒྱ་གཞུང་གིས་སྤྱི་ཚོགས་བརྟན་བརླིང་དང་རྒྱལ་གཅེས་ཆེས་གཅེས། གཞི་རིམ་སྲ་བརྟན་སོགས་སྲིད་ཇུས་འདྲ་མིན་གྱི་མིང་ཐོག་ནས། བོད་ནང་དུ་དྲག་གནོན་བཀག་སྡོམ་སྔར་བས་ཤུགས་ཆེ་རུ་གཏོང་བཞིན་པ་དང་། ཕྱོགས་ཡོངས་ནས་བོད་མིའི་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་གིས་མཚོན་པའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་མཐའ་དག་རྡོག་རོལ་གཏོང་བཞིན་པར་བརྟེན་ནས་འབྱུང་བཞིན་ཡོད། འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་བོད་ནང་ལག་བསྟར་བཞིན་པའི་དྲག་གནོན་དབང་སྒྱུར་གྱི་སྲིད་ཇུས་དེ་དག་མྱུར་དུ་མཚམས་དང་། བོད་མིའི་མངོན་འདོད་གཞི་རྩར་བཟུང་བའི་ཐོག་ནས་བོད་ནང་དཀའ་སྡུག་གནས་སྟངས་རྣམས་སེལ་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད།

ཚེ་པེ་ལགས་ཀྱིས་རང་ལུས་མེར་བསྲེགས་རྗེས་རྒྱ་གཞུང་ཉེན་རྟོག་པས་ཁོང་གི་སྐུ་ཕུང་བཙན་འཁྱེར་བྱེད་བཞིན་པ།
ཚེ་པེ་ལགས་ཀྱིས་རང་ལུས་མེར་བསྲེགས་རྗེས་རྒྱ་གཞུང་ཉེན་རྟོག་པས་ཁོང་གི་སྐུ་ཕུང་བཙན་འཁྱེར་བྱེད་བཞིན་པ།

དེ་བཞིན། འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་ཕྱིན་པའི་བུད་མེད་ཚེ་པེ་ལགས་ཀྱི་ཕ་མ་གཉིས་དང་། གཅེན་པོ་བཅས་ས་གནས་རྒྱ་གཞུང་ཉེན་རྟོག་པས་བཙན་འཁྲིད་བྱས་ཡོད་འདུག་པའི་ཐད། འདི་ག་ལྟེ་གནས་ཁང་གིས་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། ༼བོད་ནང་རང་ལུས་མེར་བསྲེགས་བྱུང་སྐབས། རྒྱ་གཞུང་གིས་ས་གནས་མང་ཚོགས་ལ་འཇིགས་སྐུལ་ཆེད། རང་བསྲེགས་གནང་མཁན་ཚོའི་ཕ་མ་སྤུན་ཉེ་དག་ལ་ཉེས་མེད་ཉེས་འཛུགས་ཀྱི་སྒོ་ནས་འཇུ་བཟུང་བཙན་འཁྲིད་དང་། བཙོན་འཇུག་ཁྲིམས་གཅོད་བཅས་བྱེད་བཞིན་ཡོད་པ་རེད། གནས་ཚུལ་དེ་རིགས་ནི་རྒྱལ་སྤྱིའི་ཁྲིམས་དང་རྒྱ་གཞུང་རང་ཉིད་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་གང་ཐད་ནས་ཀྱང་། ཁྲིམས་འགན་གྱི་བྱ་སྤྱོད་ཚབ་ཆེན་ཞིག་ཆགས་ཡོད། དེ་བས་རྒྱ་གཞུང་གིས་གང་མགྱོགས་རང་བསྲེགས་གནང་མཁན་ཚེ་པེ་ལགས་ཀྱི་ནང་མི་རྣམས་འཕྲལ་དུ་གློད་དགོས་པ་མ་ཟད། ཁོང་མོའི་སྐུ་ཕུངས་ཕྱིར་ནང་མིར་རྩིས་སྤྲོད་ཀྱིས་བོད་མིའི་སྲོལ་རྒྱུན་ལྟར་ནང་མིར་བསྔོ་སྨོན་མཆོད་འབུལ་གནང་བཅུག་སྟེ། བོད་མིའི་ཆོས་དད་རང་དབང་དང་འགྲོ་མིའི་ཐོབ་ཐང་ལ་གུས་བརྩི་བྱེད་དགོས།༽ཅེས་འབོད་སྐུལ་གནང་ཡོད།

བོད་མདོ་སྨད་རྔ་པ་ནི་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས། རྒྱ་གཞུང་གིས་དམར་གསོད་དྲག་གནོན་བྱེད་ཡུལ་གཙོ་བོ་ཞིག་ཆགས་ཡོད་ལ། ཕྱི་ལོ་ ༢༠༠༩ བོད་ནང་དུ་རང་ལུས་མེར་བསྲེགས་ཀྱི་ཞི་བའི་ངོ་རྒོལ་ཐོག་མར་བྱུང་ཡུལ་ཡིན་པ་མ་ཟད། ད་ལྟའི་བར་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་མང་ཤོས་ཀྱི་ས་ཁུལ་ཞིག་ཆགས་ཡོད།

to top