རྔ་པ་རྫོང་དུ་བོད་མི་ཞིག་གིས་༧གོང་ས་མཆོག་གི་སྐུ་པར་འཕྱར་ཏེ་ཞི་བའི་ངོ་རྒོལ་བྱས་པར། རྒྱ་གཞུང་ཉེན་རྟོག་པས་འཕྲད་དུ་ཁོང་འཇུ་བཟུང་བཙན་འཁྲིད་ཐོག་བཀག་ཉར་བྱས་ཡོད་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༦ ཉིན་བོད་མདོ་སྨད་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ། རང་ལོ་ ༣༡ ཡིན་པའི་མི་སྐྱ་བཀྲ་ཤིས་ལགས་ཀྱིས་༸གོང་ས་མཆོག་གི་སྐུ་པར་ཞིག་ཕྱག་ཏུ་བཟུང་ནས་ བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས ཞེས་སྐད་འབོད་གནང་བཞིན་ཞི་བའི་གོམ་བགྲོད་བྱས་ཡོད་པ་དང་། སྐབས་དེར་ས་གནས་སུ་ཡོད་པའི་ཉེན་རྟོག་མི་སྣས་འཛིན་བཟུང་བཙན་ཁྲིད་ཀྱིས་ད་ལྟ་ཁོང་རྔ་པ་རྫོང་དུ་བཀག་ཉར་བྱས་ཡོད་འདུག
བཀྲ་ཤིས་ལགས་ནི་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་ལྔ་པའི་ཐག་བཀྲ་ཚང་གི་མག་པ་ཡིན་ཞིང་། བཟའ་ཟླ་སྐལ་པེ་དང་ཁོང་གཉིས་ལ་བུ་གཉིས་དང་བུ་མོ་གཉིས་བཅས་ཕྲུ་གུ་བཞི་ཡོད་པ་དང་། ད་ལྟའི་ཆར་ཕྲུ་གུ་གཉིས་རྨེའུ་རུ་མ་ཡུལ་ཚོའི་སློབ་གྲྭར་འགྲོ་བཞིན་ཡོད་འདུག
དེ་མིན། ཕྱི་ཟླ་ ༩ ཚེས་ ༡༠ ནས་རྔ་པ་རྫོང་གི་གཞུང་འབྲེལ་གྱི་ལས་ཁུངས་ཁག་ལས་གཞན་དྲ་ལམ་ཡོངས་རྫོགས་བཀག་སྡོམ་བྱས་ཏེ་ད་ལྟ་ཡང་དྲ་སྒོ་ཕྱེས་མེད་པ་དང་། རྫོང་མཁར་ཡོངས་ལ་ཉེན་རྟོག་པས་དུས་རྟག་ཏུ་བྱ་ར་བྱེད་མུས་ཡིན་འདུག