རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་སྟེང་བོད་རིགས་བུ་མོ་དབང་མོ་ལགས་ཀྱིས། ༧གོང་ས་མཆོག་གི་སྐུ་པར་ལག་ཏུ་བཟུང་སྟེ་རྒྱ་གཞུང་གི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་སྐབས། རྒྱ་གཞུང་ཉེན་རྟོག་པས་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༥ ཉིན་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་སྟེང་ནས། རང་ལོ་ ༢༢ ཡས་མས་ཤིག་ཡིན་པའི་བུ་མོ་དབང་མོ་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན། ༸གོང་ས་མཆོག་གི་སྐུ་པར་ལག་ཏུ་བཟུང་ནས་ཡུལ་ཚོའི་གཞུང་ལམ་དུ་གོམ་བགྲོད་བྱས་ཡོད་ཅིང་། གནས་ཚུལ་དེ་བྱུང་རྗེས་རྔ་པའི་ཉེན་རྟོག་པས་ཁོ་མོ་འཛིན་བཟུང་བཙན་ཁྲིད་བྱས་འདུག ད་ལྟའི་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་ད་ལྟའི་དབང་སྒྱུར་ས་ཁོངས་ལྟར་བྱས་ན། བུ་མོ་དབང་མོ་ལགས་ནི་ཟི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་རང་སྐྱོང་ཁུལ་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པའི་ཡིན་པ་དང་། ཁོ་མོའི་ཕའི་མིང་ལ་ཞེ་ཆེན་དང་མའི་མིང་ལ་རྒྱལ་གཉིས་ཟེར། ཁོ་མོ་ནི་རུ་ཆེན་ལྔ་པའི་གཟུངས་འདུས་སྐྱིད་ཚང་གི་བུ་བསྟན་འཛིན་གྱི་མནའ་མ་ཡིན་པ་དང་། ཁོང་བཟའ་ཚོ་གཉིས་ལ་བྱིས་པ་གཉིས་ཡོད་འདུག