རྔ་པ་རུ་བོད་རིགས་བུ་མོ་ཞིག་རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་འདུག

བོད་མདོ་སྨད་རྔ་པ་རྨེའུ་རུ་མ་ཡུལ་ཚོའི་སྟེང་བོད་རིགས་བུ་མོ་བཀྲ་ཤིས་སྐྱིད་རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་འདུག

རྨེའུ་རུ་མ་ཡུལ་ཚོའི་སྟེང་རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་པའི་བུ་མོ་བཀྲ་ཤིས་སྐྱིད།
རྨེའུ་རུ་མ་ཡུལ་ཚོའི་སྟེང་རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་པའི་བུ་མོ་བཀྲ་ཤིས་སྐྱིད།

འདི་ག་ལྟེ་གནས་ཁང་ལ་གནས་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢ ཉིན་བོད་མདོ་སྨད་རྔ་པ་རྨེའུ་རུ་མའི་ཡུལ་ཚོའི་སྟེང་ནས་རང་ལོ་༢༠ ཡིན་པའི་བུ་མོ་བཀྲ་ཤིས་སྐྱིད་རྒྱ་གཞུང་གིས་འཇུ་བཟུང་བྱས་འདུག སྐབས་ཐོག་དེར་ཉེན་རྟོག་པས་ཁོ་མོ་རྔ་པ་རྫོང་མཁར་དུ་ཁྲིད་ཡོད་འདུག ཡིན་ནའང་། ད་ལྟའི་ཆར་གང་དུ་བཀག་ཉར་བྱས་ཡོད་མེད་དང་། གནས་སྟངས་ག་འདྲ་ཆགས་ཡོད་མེད་གསལ་པོ་ཤེས་རྟོགས་བྱུང་མི་འདུག

ཁོ་མོ་འཇུ་བཟུང་བྱེད་དོན་ཐད་ས་གནས་མང་ཚོགས་ཀྱིས། ༧གོང་ས་མཆོག་གི་སྐུའི་གྱ་སྟོན་གྱི་བྱེད་སྒོ་དང་འབྲེལ་བ་ཡོད་ཚུལ་གླེང་བཞིན་ཡོད་ཀྱང་། ཡིན་ནའང་། སྐུའི་གྱ་སྟོན་དང་འབྲེལ་བའི་ལས་དོན་ག་རེ་བྱས་མིན་སོགས་གསལ་པོ་ཤེས་རྟོགས་བྱུང་མེད་པ་རེད།

རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་ད་ལྟའི་ས་ཁོངས་ལྟར་བྱས་ན། བུ་མོ་བཀྲ་ཤིས་སྐྱིད་ལགས་ནི་ཟི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ། རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པའི་ཡིན་པ་དང་། ཁོ་མོའི་ཕའི་མིང་ལ་མོ་ནུ་དང་མའི་མིང་ལ་ཚེ་རིང་སྐྱིད་ཟེར། ཁོ་མོ་ཆུང་དུས་སློབ་གྲྭར་འགྲོ་མྱོང་མེད་པར་ཕ་མ་དང་མཉམ་དུ་འབྲོག་ལས་བྱས་ཏེ་འཚར་ལོངས་བྱུང་ཞིང་། དེང་སྐབས་རྨེའུ་རུ་མ་ཡུལ་ཚོའི་སྟེང་ཕ་མ་གཉིས་ལ་ཞབས་གཡོག་སྒྲུབ་ནས་བསྡད་ཡོད་འདུག

to top