རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་འགན་འཛིན་གསར་བ་མཆོག་ནས་བོད་ནང་གི་གནས་སྟངས་ཐད་གཟིགས་རྟོགས་ཡོང་བས་འབོད་སྐུལ།

རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་གསར་བ་ཛེ་ཡེ་ཐི་ཧོ་སིན་ལགས།
རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་གསར་བ་ཛེ་ཡེ་ཐི་ཧོ་སིན་ལགས།

ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡ ཉིན། སྐུ་ཞབས་ཛེ་ཡེ་ཐི་ཧོ་སིན་ (Zeid Ra’ad Al Hussein ) ལགས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་དུ་བསྐོ་བཞག་གནང་བར་འདི་ག་ལྟེ་གནས་ཁང་གི་ངོས་ནས་འཚམས་འདྲི་ཞུ་བཞིན་ཡོད།

སྐུ་ཞབས་ཛེ་ཡེ་ཐི་ཧོ་སིན་ལགས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་དུ་བསྐོ་བཞག་བྱས་གནང་བའི་དུས་སྐབས་འདི་ཉིད་ནི། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་འཛམ་གླིང་མི་མང་གིས་རེ་བ་ཆེན་པོ་བཅངས་པའི་དུས་སྐབས་ཤིག་དང་། འཛམ་གླིང་གང་སར་འགྲོ་བ་མིའི་ཐོབ་ཐང་ཐད་ཉེན་ཁ་དང་གནད་དོན་ཇེ་ཆེར་འགྲོ་བའི་དུས་སྐབས་ཤིག་ཆགས་ཡོད། དེ་སྔའི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ལྕམ་ནཱ་བེ་ཕི་ལེ་(Navi Pillay)མཆོག་ནི། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ནུས་པ་ཆེ་ཤོས་ཅན་ཞིག་ཆགས་ཡོད་པ་མ་ཟད། འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་སྟོབས་ཆེན་རྒྱ་ནག་ལྟ་བུ་ལའང་། འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐད་ནས་སྐྱོན་བརྗོད་ཤུགས་ཆེན་གནང་ཡོད།

སྐུ་ཞབས་ཧོ་སིན་ལགས་ནས་རྒྱལ་སྤྱིའི་འགྲེལ་ལམ་དང་འཇིག་རྟེན་སྤྱི་ཡོངས་ཀྱི་མི་སྒེར་ཐོབ་ཐང་སྲུང་སྐྱོབ་དགོས་པའི་གལ་ཆེའི་རང་བཞིན་དེ་ཡག་པོ་མཁྱེན་བཞིན་ཡོད་པ་རེད། ཁོང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་མ་ཆགས་སྔོན་ལ། མཉམ་འབྲེལ་རྒྱལ་ཚོགས་སུ་ཇོར་ཌན་རྒྱལ་ཁབ་(Jordan)ཀྱི་གཞུང་ཚབ་པ་གནང་ཡོད་ལ། ཁོང་གིས་རཱོམ་སྤྱི་ཆིངས་ཟིན་བྲིས་གཏན་འབེབས་ཐད་ནས་ལས་དོན་གཙོ་བོ་གནང་སྟེ་རྒྱལ་སྤྱིའི་ནག་ཉེས་ཁྲིམས་ཁང་འཛུགས་ཐུབ་པ་བྱུང་ཡོད། འདི་ག་ལྟེ་གནས་ཁང་གི་ངོས་ནས་སྐུ་ཞབས་ཧོ་སིན་མཆོག་ནས་རང་ཉིད་ཀྱི་ཉམས་མྱོངས་ལ་གཞི་བཞག་པའི་ཐོག་ནས། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་དེ་ཉིད། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱི་ནུས་པ་ལྡན་པའི་སྒྲིག་འཛུགས་ཤིག་ཏུ་སྒྱུར་ཐུབ་པ་དང་། ཁོང་གིས་རང་ཉིད་ཀྱི་དབང་ཚད་སྤྱད་དེ་བོད་ལྟ་བུའི་རྒྱལ་ཁབ་དང་ས་ཁུལ་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་ཚུལ་རྣམས་གཟིགས་རྟོགས་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད། ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་ཚུལ་འགེབས་སྲུང་གིས། ཨེ་ཤ་ཡ་རིན་ཐང་ཟེར་བ་ཁ་ལ་ཁྱེར་ཏེ་ཆབ་སྲིད་གནོན་ཤུགས་སྤྲོད་མཁན་དེ་དག་ལ། དངོས་ཡོད་བདེན་པ་གཞི་ལ་བཞག་ཏེ་འཛེམས་ཟོན་མེད་པའི་ཐོག་ནས་སྐྱོན་བརྗོད་ཐེར་གནང་དགོས།

སྐུ་ཞབས་ཧོ་སིན་མཆོག་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་དུ་བསྐོ་བཞག་བྱས་པའི་ད་ལྟའི་དུས་སྐབས་འདིར། འཛམ་གླིང་ས་ཁུལ་གང་སར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་སྣ་ཚོགས་ཡོང་བཞིན་ཡོད་ལ། གནས་ཚུལ་དེ་དག་གི་རྐྱེན་པས་མི་མང་ས་ཡ་མང་པོའི་ཚེ་སྲོག་ལ་དོ་ཕོག་ཡོང་བཞིན་ཡོད། དཔེར་ན། དམག་འཁྲུག་ལ་བརྟེན་ནས་མི་གསོད་ཁྲག་སྦྱོར་དང་། དེ་བཞིན་མི་སེར་སྡེབ་གསོད་སོགས་ཀྱི་གནས་ཚུལ་གྱི་རྐྱེན་པས། དབུས་ཨ་ཧྥ་རི་ཀ་གླིང་ཕྲན་ནང་ཡུལ་མི་བརྒྱ་ཆ་ཉི་ཤུ་ ༢༥ ཙམ་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་ཡོད་པ་དང་། ཨེ་རག་དང་སི་རེ་ཡ། ཤར་ཡུ་ཁི་རེན་བཅས་ཀྱི་ནང་དུའང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གནས་སྟངས་ཚབས་ཆེན་བྱུང་བཞིན་ཡོད། ཛ་དྲག་གི་གནད་དོན་དེ་དག་གི་རྐྱེན་པས་འཛམ་གླིང་ས་ཁུལ་གཞན་པའི་འགྲོ་བ་མིའི་་ཐོབ་ཐང་རྡོག་རོལ་གྱི་གནད་དོན་ཁག་ལ་ཡིད་འཇོགས་བྱེད་མ་ཐུབ་པར་སྣང་མེད་དུ་ལུས་སྲིད་པ་རེད།

ད་ལྟའི་འཛམ་གླིང་ནང་རྡོག་རོལ་འབྱུང་བཞིན་ཛ་དྲག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་བལྟས་ན། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལས་ཁུངས་ཀྱི་ངོས་ནས་གནས་ཚུལ་རིགས་མི་འབྱུང་བའི་ཆེད་སྔོན་འགོག་གི་ལས་ཀ་བྱེད་དགོས་པ་དེ་གནད་འགག་ཆེན་པོ་ཆགས་ཡོད། ཕྱོགས་གཉིས་བར་འཁྲུག་རྩོད་མ་བྱུང་སྔོན་ནས་ཞི་འགྲིག་གནང་བ་ཡིན་ན་ནུས་པ་ཆེན་པོ་འཐོན་པ་ལས། ཕྱོགས་གཉིས་བར་འཁྲུག་རྩོད་བྱུང་བའི་ཚར་རྗེས་གནད་དོན་སེལ་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད། དེར་མཚུངས་བོད་ནང་གི་གནད་དོན་ཡང་གལ་ཆེན་དུ་བརྩིས་ཏེ་སྔ་ས་ནས་ཐག་གཅོད་ཡོང་བར་ཐུགས་སྣང་གནང་དགོས།

རཱོམ་སྤྱི་ཆིངས་གཞིར་བཟུང་ལྟར་ན་རྒྱ་ནག་མགོ་ཁྲིད་ཚོས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་འདི་ནི། འགྲོ་བ་མིའི་ལྷན་སྐྱེས་རང་བཞིན་ལ་རྩ་གཏོར་གྱི་ནག་ཉེས་བཟོས་པ་ཞིག་ཆགས་ཡོད། ད་ལྟའི་བར་བོད་ནང་འགྲོ་བ་མིའི་ཐོབ་ཐང་གནས་ཚུལ་ཡར་རྒྱས་རྩ་བ་ནས་ཕྱིན་མེད། དཔེར་ན། འདི་ལོའི་ཕྱི་ཟླ་བརྒྱད་པའི་ནང་སྡུག་སྦྱོང་མནར་གཅོད་དྲག་པོའི་འོག་སྤྲུལ་སྐུ་ཕུར་བུ་ཚེ་རིང་ལགས་ལ་སྲོག་ཉེན་གྱི་རྨས་སྐྱོན་ཚབས་ཆེན་བྱུང་ཡོད་ལ། དེ་བཞིན། ཞི་བའི་སྐད་འབོད་བྱེད་མཁན་བོད་མིའི་ཐོག་གང་བྱུང་མེ་མདའ་བརྒྱབ་སྟེ་མི་མང་པོ་དམར་གསོད་དང་རྨས་སྐྱོན་ཕོག་ཡོད། ད་ལྟའི་ཆར་བོད་ནང་གནད་དོན་དེ་ཨེ་རག་དང་སི་རི་ཡ་ནང་བཞིན་གྱི་ཛ་དྲག་གནས་ཚད་དུ་སླེབས་མེད་ནའང་། བོད་མིའི་ཐོག་དྲག་གནོན་གྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པར་དེར། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་མཆོག་གི་ངོས་ནས། ཆུ་མ་ཡོང་གོང་གི་རགས་ལྟར་དོ་སྣང་གནང་དགོས་རྒྱུ་གལ་ཆེན་པོ་རེད། ད་ལྟའི་བོད་ནང་གི་གནས་སྟངས་ལ་དོ་སྣང་མ་བྱས་པར་འདི་མུར་བཞག་པ་ཡིན་ན། མ་འོངས་པར་སྔར་བས་ཀྱང་ཛ་དྲག་ཏུ་ཕྱིན་ཏེ་གནད་དོན་སེལ་ཐབས་ཁག་པོ་ཆགས་རྒྱུའི་གནས་བབས་ཏུ་འགྱུར་སྲིད་པ་རེད།

གོང་བརྗོད་གནས་ཚུལ་དེ་དག་ལ་བརྟེན་ནས། འདི་ག་ལྟེ་གནས་ཁང་གི་ངོས་ནས་སྐུ་ཞབས་ཧོ་སིན་མཆོག་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་དུ་བསྐོ་བཞག་གནང་བར་སླར་ཡང་འཚམས་འདྲི་དང་སྦྲགས། དེ་སྔའི་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་འགན་འཛིན་གྱིས་ཕྱག་ལས་གནང་བའི་ཉམས་མྱོང་གཞིར་བཞག་ཐོག བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་སྔར་ལྷག་གཟིགས་རྟོགས་དང་འགན་ལེན་རྐང་བཞེས་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད།

to top