རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༢༧ སྟེང་བོད་གླེང་སློང་བྱས་པ།

འདི་ག་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས་ཚོགས་ཐོག་ཏུ་བོད་དོན་གླེང་བཞིན་པ།
འདི་ག་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས་ཚོགས་ཐོག་ཏུ་བོད་དོན་གླེང་བཞིན་པ།

མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༢༧ པའི་ཐོག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་དོ་སྣང་ཆེན་པོས་གླེང་སློང་བྱས་ཡོད།

 

ཚོགས་འདུའི་ཐོག་འདི་ག་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་ལགས་ནས། ཉེན་ཁའི་འོག་གནས་པའི་མི་རིགས་ལྷན་ཚོགས་ཀྱི་འཐུས་ཚབ་བྱས་ཏེ། ཉེ་ཆར་བོད་དཀར་མཛེས་ནང་ཞི་བའི་སྐད་འབོད་གནང་མཁན་བོད་མིའི་ཐོག རྒྱ་གཞུང་ཉེན་རྟོག་པས་མེ་མདའ་བརྒྱབ་ཡོད་པ་ཁུངས་བསྐྱེད་ར་སྤྲོད་ཐོག བོད་ནང་རྒྱ་གཞུང་གི་དྲག་གནོན་བྱེད་ཤུགས་ཆེ་རུ་འགྲོ་བཞིན་པ་གསལ་འདོན་བྱས་ཡོད།

 

ཉེན་ཁའི་འོག་གནས་པའི་མི་རིགས་ལྷན་ཚོགས་ཀྱི་ངོས་ནས། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་ཐོག་ཐུགས་འགན་བཞེས་ཏེ། རྒྱལ་ཚོགས་ཀྱི་ཆོས་ལུགས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་དམིགས་བསལ་རྟོགས་ཞིབ་སྐུ་ཚབ་མི་སྣ་དང་། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ཆེད་ལས་མི་སྣ་བཅས། བོད་ཀྱི་ས་ཁུལ་ཁག་ནང་རྟོགས་ཞིབ་ཏུ་ཕེབས་རྒྱུར་རྒྱ་གཞུང་ལ་ནན་སྐུལ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

 

འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པའི་ངོས་ནས་ཀྱང་། ཉེ་ཆར་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དམིགས་བསལ་ལས་རིམ་གྱི་ངོས་ཐད་ནས། སྔ་ཕྱིར་རྒྱ་གཞུང་ལ་བཏོན་པའི་འབོད་སྐུལ་ ༡༣ དང་། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཆེས་མཐོའི་ཆེད་ལས་མི་སྣ་རྒྱ་ནང་གདན་ཞུའི་ཁས་ལེན་དམ་བཅའ་བཅས། རྒྱ་གཞུང་གི་ངོས་ནས་གང་ཡང་ལག་བསྟར་དོན་འཁྱོལ་བྱས་མེད་པ་གསལ་འདོན་བྱས་ཡོད།

ཨེ་ཤ་ཡའི་ཡུལ་མི་དང་ཚོགས་སྡེ་མི་རིགས་འབྲེལ་ལམ་ཚོགས་པའི་ངོས་ནས་ཀྱང་། འདི་ག་ལྟེ་གནས་ཁང་གི་ཉེ་ཆར་བཏོན་པའི་སྙན་ཐོ་ལུངས་འདྲེན་ཐོག རྒྱ་ནག་ཉེན་རྟོག་པས་ ༢༠༠༨ ལོར་ལྷ་སར་བོད་མི་ཞི་རྒོལ་བའི་ཐོག་སྦག་སྦག་མེ་མདའ་བརྒྱབ་སྟེ་དམར་གསོད་དྲག་གནོན་བྱས་ཡོད་པའི་སྐོར་ནས། རྒྱལ་ཚོགས་ཀྱི་གདུག་རྩུབ་མནར་གཅོད་བཀག་སྡོམ་ལྷན་ཚོགས་ལ་ཞུ་གཏུགས་བྱས་ཡོད་པ་མ་ཟད། རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་བཀག་སྡོམ་ལྷན་ཚོགས་དང་། ཁྲིམས་འགལ་སྲོག་ཐོག་གཏོང་བའི་གནད་དོན་ཐད་ཀྱི་དམིགས་བསལ་འབྲེལ་མཐུད་པ། དེ་བཞིན། རྒྱལ་ཚོགས་ཀྱི་འབྲེལ་ཡོད་མི་སྣ་བཅས་ལ་ཞུ་གཏུགས་ཐོག ༢༠༠༨ ལོར་རྒྱ་གཞུང་མགོ་ཁྲིད་ཚོས་བོད་མི་ཞི་རྒོལ་བའི་ཐོག་གསོད་རྨས་རང་བཞིན་ཅན་གྱི་མཚོན་ཆ་བེད་སྤྱོད་བྱས་མེད་ལུགས་དང་། ཚད་མཐོན་པའི་ཐོག་ནས་གུ་ཡངས་བཟོད་སྒོམ་གྱིས་དོན་རྐྱེན་ཐག་གཅོད་བྱས་སྐོར་འཛམ་གླིང་ལ་ཡོངས་བསྒྲགས་བྱས་དེ། ཁ་བཤད་དོན་ལ་མ་གནས་པར་རྒྱབ་འགལ་ཏུ་གྱུར་ཡོད་པ་གསལ་འདོན་བྱས་ཡོད་པ་རེད།

 

རྒྱ་གཞུང་གི་ལན་འདེབས་ནང་དུ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཆབ་སྲིད་ངོ་བོར་སྒྱུར་གྱིན་ཡོད་པའི་སྙོན་འཛུགས་དང་། རྒྱ་གཞུང་ནི་མི་རིགས་མང་པོ་ལས་གྲུབ་པའི་རྒྱལ་ཁབ་ཅིག་ཡིན་ལ། རྒྱ་གཞུང་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གྲངས་ཉུང་མི་རིགས་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད་པ་དང་། གང་ཟག་སུ་ཞིག་ཡིན་ཡང་ཁྲིམས་ལས་དབང་ཚད་མཐོ་བ་མེད་ཚུལ་བརྗོད་ཡོད་པ་རེད།

 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནི། རྒྱལ་ཁབ་ཕན་ཚུན་བར་འགྲོ་བ་མིའི་ཐོང་ཐང་སྲུང་སྐྱོབ་དང་ཡར་རྒྱས་གཏོང་མཁན་གྱི་སྒྲིག་འཛུགས་ཤིག་ཡིན་ལ། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ལས་དོན་ནི། འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་ཆེད་བཙུགས་མི་སྣ་དང་རྒྱལ་ཚོགས་ཀྱི་དམིགས་བསལ་ལས་རིམ་འགན་ལེན་ལས་ཁུངས་བཅས་དང་ཕན་ཚུན་འབྲེལ་བ་དམ་ཟབ་ཡོད། སྡེ་ཁག་དེ་དག་གིས་རྒྱ་གཞུང་གི་དགག་ཆར་མ་འཛེམས་པའི་ཐོག་ནས། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་ཐད་མུ་མཐུད་ནན་སྐུལ་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།

 

ལྷན་ཚོགས་ཀྱི་བགྲོ་གླེང་མགོ་ཚུགས་པའི་སྐབས་སུ། ཨ་རིའི་ངོས་ནས་རྒྱ་ནག་ནང་གར་སོང་ཆ་མེད་དང་ཁྲིམས་འགལ་འཇུ་བཟུང་གནད་དོན་སྐོར་དང་། ཅཱེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོར་གཉའ་གནོན་བྱེད་བཞིན་པའི་གནད་དོན་བཅས་ཀྱི་སྐོར་ནས་ཐེར་འདོན་ནན་སྐུལ་བྱས་ཡོད་པ་ཟད། དབྱིན་ཇི་རྒྱལ་ཁབ་ཀྱིས་རྒྱ་གཞུང་ནས་བོད་གཙོས་པའི་གྲངས་ཉུང་མི་རིགས་རྣམས་དང་མཉམ་དུ་དོན་དམ་གྱི་ཞི་མོལ་བྱས་ཏེ། རྩ་ཁྲིམས་ནང་གསལ་བའི་ཐོབ་ཐང་ཁག་རྩོད་ལེན་བྱས་པར་བརྟེན་ནས་བཙོན་འོག་ཚུད་མཁན་རྣམས་ཀློད་གྲོལ་དགོས་པ་ནན་བརྗོད་བྱས་ཡོད།

 

དེ་བཞིན། ཨི་ཊ་ལི་རྒྱལ་ཁབ་ཀྱིས་ཡུ་རོབ་མཐུན་ཚོགས་ཀྱི་འཐུས་ཚབ་མཛད་དེ། བོད་དང་ཤིན་ཡང་ནང་གི་འགྲོ་བ་མིའི་ཐོབ་ཐང་ཛ་དྲག་གནས་སྟངས་ཐད་ཐུགས་འཚབ་ཆེན་པོ་གནང་ཡོད་པ་མ་ཟད། རྒྱ་གཞུང་གིས་ཚོགས་སྡེ་མི་རིགས་ཁག་དང་ལྷན་དུ་གྲོས་མོལ་བྱས་ཏེ། དཀའ་རྙོག་གི་གཞི་རྩ་རྣམས་སེལ་དགོས་པ་ནན་སྐུལ་བྱས་ཡོད།

to top