བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་གར་རྒྱལ་ས་ལྡི་ལིའི་གསར་འགོད་ལྷན་ཚོགས་ Press Club of India ཀྱི་ཚོགས་ཁང་ནང་དུ་ལྟེ་གནས་ཁང་གིས་བཏོན་པའི་དྲྭ་ཚིགས་གསར་པ་Decoding CCP རྒྱ་ནག་དམར་ཤོག་ཚོགས་པའི་བརྡ་དོན་གནད་འགྲེལ་ཞེས་པ་དབུ་འབྱེད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་ཚོགས་ཡོད་པ་རེད།
ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༡༢ ཚེས་ ༢ ཀྱི་ཞོགས་པའི་ཚོུད་ ༡༡:༣༠ ཐོག་རྒྱལ་ས་ལྡི་ལིའི་རྒྱ་གར་གྱི་གསར་འགོད་ལྷན་ཚོགས་ཀྱི་ཚོགས་ཁང་ནང་དུ་ཕྱི་རྒྱལ་དང་རྒྱ་གར། བོད་པ་བཅས་ཀྱི་གསར་ཁང་ཆེ་གྲས་ཁག་གཅིག་མགྲོན་འབོད་བྱས་ཏེ་ལྟེ་གནས་ཁང་གིས་འདས་པའི་ལོ་གཉིས་ཙམ་གྱིས་རིང་མིང་ཚིག་མཁོ་སྒྲུབ་དང་ཉམས་ཞིབ་བྱས་ནས་ནང་དོན་གསེད་དཀྲོལ་བྱས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱུན་སྤྱོད་བརྡ་ཆད་བརྒྱ་ཕྲག་འགའ་ཡོད་པའི་དྲྭ་ཚིགས་ཤིག་དབུ་འབྱེད་བྱས་སོང་། དྲྭ་ཚིགས་དེ་ཉིད་ཀྱི་ནང་དུ་འཁོད་པའི་བརྡ་ཆད་རྣམས་རྒྱ་བོད་དབྱིན་གསུམ་གྱི་སྐད་ཡིག་ཐོག་ཏུ་ཡོད་ཅིང་བརྡ་ཆད་གསེད་བཀྲོལ་བྱེད་པར་རྒྱ་ནག་གི་གནད་དོན་ཉམས་ཞིབ་པ་དང་ཆེད་མཁས་པ་ཁག་གཅིག་བརྒྱུད་དེ་དྲྭ་ཚིགས་ཀྱི་གཟུགས་སུ་གསར་བཟོ་བྱས་ཡོད་པ་རེད།
གསར་འགོད་གསལ་བསྒྲགས་དེའི་ཁར་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་གསུང་དོན་ལ་“དེང་གི་ཆར་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་དང་གཏམ་བརྗོད་ཀྱི་དབང་ཤུགས་ཆེས་ཆེར་རྒྱས་བཞིན་པའི་སྐབས་འདིར་རྒྱ་ནག་དམར་ཤོག་ཚོགས་པའི་བརྡ་དོན་གནད་འགྲེལ་ཞེས་པའི་དྲྭ་ཚིགས་འདི་ནི་བོད་པ་སོགས་རྒྱ་ནག་གི་བཙན་དབང་འོག་གནས་པའི་མི་རིགས་གཅིག་པོ་མ་ཡིན་པར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱ་ནག་གི་གནོན་ཤུགས་མྱོང་མཁན་གྱི་འཛམ་བུ་གླིང་གི་མི་ཐམས་ཅད་ལ་དགོས་མཁོ་ཤིན་ཏུ་ཆེ་བ་ཡིན། བོད་པ་ཚོར་རྒྱ་ནག་ལ་ཆ་རྒྱུས་ཤིན་ཏུ་ཟབ་མོ་ཡོད་པས་རང་ཉིད་ཀྱི་ཉམས་མྱོང་གཞིར་བཞག་བྱས་ནས་བཟོས་པའི་དྲྭ་ཚིགས་འདི་ནི་ང་ཚོས་འཛམ་བུ་གླིང་ལ་ཕུལ་བའི་ལེགས་སྐྱེས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཆོག་པ་ཡིན་ལ་དྲྭ་ཚིགས་འདིས་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཀྱི་བརྡ་ཆད་དེ་དག་གི་གོ་དོན་དངོས་དང་ཁོང་ཚོའི་ཀུན་སློང་ངོ་མ་གང་ཡིན་རྟོགས་ཐབས་སུ་ཕན་ཐོགས་རྒྱ་ཆེར་འབྱུང་ངེས་ཡིན་”ཞེས་གསུངས་སོང་།
གསར་འགོད་ལྷན་ཚོགས་ཐོག་བོད་དོན་རྒྱབ་སྐྱོར་བ་དང་རྒྱ་གར་གྱི་གསར་འགོད་པ་གྲགས་ཅན་ Vijay Kranti མཆོག་དང་རྒྱ་གར་གྱི་གཞུང་ཚབ་པ་ཟུར་པ། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་ལས་འཆར་འགན་འཛིན། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ་དང་གསར་འགོད་པ་བཅས་འཛོམས་ཡོད་པ་རེད།
གསར་འགོད་པ་ Vijay Kranti ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཀྱི་སྟངས་འཛིན་པ་གནང་ཞིང་ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་བརྡ་དོན་གནད་འགྲེལ་བྱ་རྒྱུའི་གལ་ཆེའི་རང་བཞིན་དང་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཀྱིས་རྒྱ་གར་གྱི་བོད་དང་འབྲེལ་བའི་ཕྱི་འབྲེལ་སྲིད་ཇུས་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་པའི་སྐོར་དང་རྒྱ་གར་གཞུང་ངོས་ནས་རྒྱ་ནག་གི་ཕྱོགས་ལ་འཛིན་པའི་སྲིད་ཇུས་ཐད་བསྐྱར་ཞིབ་ནན་པོ་བྱ་དགོས་པའི་དུས་ལ་བབས་ཡོད་ཚུལ་དང་བོད་པའི་སྤྱི་ཚོགས་ཆུང་ཆུང་དེས་རང་གི་ཉམས་མྱོང་གཞི་ལ་བཞག་ནས་རྒྱ་གར་དང་འཛམ་གླིང་སྤྱི་ལ་ཕན་པའི་ལས་གཞི་དེ་འདྲ་ཞིག་སྤེལ་བ་ཧ་ཅང་ཕན་ཐོགས་འབྱུང་ངེས་ཡིན་ཚུལ་སོགས་གསུངས་སོང་།
རྒྱ་ནག་དམར་ཤོག་ཚོགས་པའི་བརྡ་དོན་གནད་འགྲེལ་ཞེས་པའི་དྲྭ་ཚིགས་འདི་ནི་དེ་རིང་ནས་བཟུང་ decodingccp.org ཞེས་པའི་དྲྭ་ཟམ་ཐོག་ནས་དངོས་སུ་ཤར་གཏོང་བྱས་ཟིན་ཞིང་འདིའི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱུན་དུ་ཆབ་སྲིད་ཀྱི་དྲིལ་བསྒྲགས་སོགས་སུ་ཡང་དང་བསྐྱར་དུ་བཀོལ་སྤྱོད་རྒྱ་ཆེར་བྱེད་བཞིན་པའི་བརྡ་ཆད་བརྒྱ་ཕྲག་འགའ་ཤས་ཡོད་པ་དང་དེ་དག་ཕལ་ཆེ་བའི་འགྲེལ་བརྗོད་དབྱིན་བོད་གཉིས་ཀའི་ལམ་ནས་ལྟ་ཀློག་ཐུབ་ཀྱི་ཡོད་པ་རེད། རྩ་བའི་དྲྭ་ཚིགས་འདི་ཉིད་ད་ལྟའི་ཆར་སྔོན་འགྲོའི་ཚོད་ལྟའི་སྒང་ལ་ beta version ཡོད་ཅིང་མུ་མཐུད་མིང་ཚིག་ཁ་སྣོན་བྱ་རྒྱུ་ཡིན་ཞིང་མི་རིང་བར་དེ་འབྲེལ་གྱི་མཉེན་ཆས་ཤིག་ཀྱང་བཟོ་འཆར་ཡོད་པ་རེད་འདུག
ལྟེ་གནས་ཁང་གི་ངོས་ནས་འདས་པའི་ཉིན་གྲངས་དགུ་ཡི་རིང་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་ཁབ་འདྲ་མིན་གྱི་གཞུང་ཚབ་ཁང་ཁག་ཅིག་གི་འབྲེལ་ཡོད་མཐོ་རིམ་ལས་བྱེད་པ་དང་། རྒྱ་ནག་དང་འབྲེལ་བའི་ཉམས་ཞིབ་སྡེ་ཁག་དུ་མར་དངོས་བཅར་ཞུས་པ་དང་དྲྭ་ལམ་བརྒྱུད་འབྲེལ་གཏུག་བྱས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་བརྡ་དོན་གནད་འགྲེལ་གྱི་ལས་གཞི་དེའི་གལ་ཆེའི་རང་བཞིན་དང་དམིགས་ཡུལ། ཁྱད་ཆོས་སོགས་ཀྱི་སྐོར་ལ་འགྲེལ་བརྗོད་ཞིབ་ཚགས་ཞུས་ཡོད་པ་རེད།