རྒྱ་ནག་གི་ཐད་གཏོང་མཉེན་ཆས་འཁྱུག་དབྱངས་ནང་བོད་སྐད་བཀག་བསྡོམས་བྱས་ནས་བོད་ཀྱི་རིག་གཞུང་དང་སྐད་ཡིག་གི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཐེབས་བཞིན་པ། 

རྒྱ་ནག་གི་ཐད་གཏོང་མཉེན་ཆས་སྐད་གྲགས་ཆེ་ཤོས་འཁྱུག་དབྱངས་ Douyin ཀྱི་ནང་དུ་བོད་སྐད་བཀོལ་སྤྱོད་བྱེད་པར་བཀག་འགོག་བྱས་ནས་བོད་མིའི་རིག་གཞུང་དང་སྐད་ཡིག་གི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དེར་ཉེ་ལམ་བོད་མི་ཚོས་བསྐྱར་དུ་དྲྭ་ལམ་ནས་ཁྲིམས་ལྟར་བོད་ཀྱི་སྐད་ཡིག་ལ་བརྩི་མཐོང་སྤྲོད་དགོས་པའི་ཞུ་འབོད་བྱེད་བཞིན་འདུག 

ཉེ་ལམ་དྲྭ་མིང་དུ་གཡུ་དགའ་དགའ་ཞེས་པའི་བོད་མི་ཞིག་གིས་ཐད་གཏོང་གི་ལམ་ནས་འཁྱུག་དབྱངས་སྤྱི་གཉེར་ཁང་གིས་ཐད་གཏོང་ནང་དུ་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་མི་བཅུག་པའི་གནད་དོན་བསྐྱར་གླེང་བྱས་ནས་འབྲེལ་ཡོད་སྲིད་གཞུང་དང་ས་གནས་སྲིད་གཞུང་གིས་ངེས་པར་དུ་ཁྲིམས་ལྟར་དྲྭ་ལམ་གྱི་བོད་སྐད་ཡིག་གི་ཐོབ་ཐང་ལ་སྲུང་སྐྱོབ་དགོས་པའི་དགོས་འདུན་བཏོན་རྗེས་བོད་མི་གཞན་དག་མང་པོས་ཀྱང་དྲྭ་ལམ་ཐད་གཏོང་སྐབས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་པར་འགོག་རྐྱེན་མང་པོ་འཕྲད་བཞིན་པ་དང་བོད་ཀྱི་སྐད་ཡིག་ལ་བརྟེན་ནས་དྲྭ་རྒྱའི་མཐུན་རྐྱེན་ཚུལ་བཞིན་བེད་སྤྱོད་གཏོང་དབང་མེད་པ་སོགས་ཀྱི་སྐོར་ནས་གླེང་སློང་མང་པོ་བྱས་འདུག གཡུ་དགའ་དགའ་ལགས་ཀྱི་རེ་སྐུལ་བརྙན་ཐུང་གཙོས་བོད་མི་ཚོས་དེ་འབྲེལ་གྱི་མཆན་འགྲེལ་བཏབ་པ་ཕལ་ཆེ་བ་དྲྭ་ལམ་ནས་སུབ་འདུག 

གཡུ་དགའ་དགའ་ལགས་ཀྱི་ཞུ་སྐུལ།
ད་ཐེངས་ཨུ་ཐུག་ནས་སྐད་ཆ་མ་བཤད་རང་བཤད་ཆགས་སོང་། ད་ལྟ་ངས་སྐད་ཆ་འདྲི་ཡ་ག་རེ་ཡིན་ཟེར་བ་ཡིན་ན། ད་འོ་ན་འཁྱུག་དབྱངས་ཀུང་སི་དབང་ཆེ་བ་ཡོད་རེད་པས། ཡང་མིན་ན་རྒྱལ་ཁབ་དབང་ཆེ་བ་ཡོད་རེད། ཡང་མིན་ན་འཁྱུག་དབྱངས་ཀུང་སི་དེ་དབང་ཆེ་བ་ཡོད་དམ། ཁྲིམས་ལུགས་དབང་ཆེ་བ་ཡོད་རེད། ཡང་མིན་ན་འཁུག་དབྱངས་དབང་ཆེ་བ་ཡོད་རེད་པས། ཡང་མིན་ན་སྲིད་གཞུང་དབང་ཆེ་བ་ཡོད་རེད། ད་ག་རེ་རེད། དཔེ་ཆགས་བཞག་པ་ཡིན་ན། ངས་དྲི་བ་བཀོད་ཡ་དེ་ང་ཚོའི་རྒྱལ་ཁབ་ཀྱི་དངོས་གནས་དྲང་གནས་སྲིད་ཇུས་དཔེ་མི་སྲིད་ཡག་པོ་དེ་མི་རིགས་ཀྱི་རིག་གནས་ལ་སྲུང་སྐྱོབ་བྱེད་ཡ་དང་མི་རིགས་ཀྱི་སྐད་ཡིག་དར་སྤེལ་གཏོང་ཡ། རྒྱལ་ཁབ་ཀྱིས་བཀའ་གནང་ནས་རྒྱབ་སྐྱོར་བྱེད་ཀྱིན་ཡོད་རེད། ཁྲིམས་ལུགས་ཀྱིས་ཀྱང་རྒྱབ་སྐྱོར་བྱེད་ཀྱིན་ཡོད་རེད། སྲིད་གཞུང་ནས་རྒྱབ་སྐྱོར་བྱེད་ཀྱིན་ཡོད་རེད། ད་འོ་ན་འཁྱུག་དབྱངས་ཀུང་སི་ཡིས་ང་ཚོས་བོད་སྐད་བརྒྱབས་པ་དང་ང་ཚོའི་སྐད་ཡིག་དེ་བཀག་དགོས་པའི་རྒྱུ་མཚན་དེ་ག་རེ་ཡིན་ནམ། དེ་ངའི་སྐད་ཆ་དྲི་ཡ་གཅིག་ཡིན། དེ་མ་བྱས་ན་ཡོང་གི་ཡོད་མ་རེད། རྒྱལ་ཁབ་ཀྱིས་མི་རིགས་ཀྱི་སྐད་ཡིག་དར་སྤེལ་བྱེད་དགོས་ཟེར་གྱིན་ཡོད་རེད། ད་འོ་ན་ང་ཚོས་སྐད་ཡིག་ལ་དར་སྤེལ་ག་འདྲ་ཞིག་འགྲོ་དགོས་རེད། ང་ཚོ་གྲོང་གསེབ་ལ་བསྡད་ནས་སྐད་ཆ་བཤད་པ་ཙམ་གྱིས་ག་བ་འགྲིག་གི་རེད། དེ་མ་ཟད་ང་ཚོའི་སྲིད་གཞུང་གི་ས་གནས་སྲིད་གཞུང་ཡིན་ན་ཡང་འདྲ། ང་ཚོའི་གློག་དུས་ཀྱི་ཚོང་ལས་ཡིན་ན་ཡང་འདྲ། རྒྱལ་ཁབ་ཀྱིས་རོགས་དངུལ་མང་པོ་བཏང་ནས་མི་གསོ་སྐྱོང་བྱས། དྲྭ་ལམ་ཐད་གཏོང་རྟེན་གཞི་ཁང་བཙུགས་ཡོད་རེད། ང་ཚོའི་སྐད་ཡིག་བཀག་དགོས་ཡ་རྒྱུ་མཚན་ག་རེ་རེད། མི་ཚང་མ་འདྲ་མཉམ་མ་རེད་པས། མི་རིགས་ཚང་མ་འདྲ་མཉམ་མ་རེད་པས། དེ་ཉིད་དུས་ཙམ་པ་ལ་ང་ཚོའི་སྐད་ཡིག་དེ་བེད་སྤྱོད་གཏོང་མ་ཆོག་ཡ་རྒྱུ་མཚན་ག་རེ་རེད། མ་གཞི་བྱས་པ་ཡིན་ན་ང་ཚོའི་ས་གནས་སྲིད་གཞུང་གིས་དངོས་གནས་དྲང་གནས་ཡེ་ཤེན་ཁྲ་ཅན་ཁྲ་ཅུས་ཟེར་ཡ་དེ་ཚོ། 三一五(3.15)ཟེར་ཡ་དེ་ཚོ། དངོས་གནས་དྲང་གནས་དེའི་ཐོག་ལ་དོ་སྣང་བྱེད་དགོས་འདུག རྒྱལ་ཁབ་ཀྱིས་དངུལ་མང་པོ་བཏང་ནས་电商基地(དྲ་ཐོག་ཚོང་ལས་རྟེན་གཞི་)ཟེར་ཡ་ལ་སོགས་པ།直播基地(ཐད་གཏོང་རྟེན་གཞི་)ལ་སོགས་པ་མ་དངུལ་མང་པོ་བཏང་ནས་གསོ་སྐྱོང་བྱེད་ཀྱི་ཡོད་རེད། ད་འོ་ན་ང་ཚོས་རྒྱ་སྐད་མ་ཤེས་ན་བོད་སྐད་བརྒྱག་རྒྱུ་མ་རེད་པས། མ་གཞི་བྱས་ན་རྒྱལ་ཁབ་ཀྱིས་བོད་སྐད་དང་སྐད་ཡིག་ལ་སྲུང་སྐྱོབ་བྱས། དར་སྤེལ་བྱེད་ཟེར་གྱི་ཡོད་རེད། དེ་ཡིན་དུས་ཙམ་པ་འཁྱུག་དབྱངས་དབང་ཆེ་བ་ཡོད་རེད་པས། ས་གནས་སྲིད་གཞུང་ཡིན་ནའང་རེད། རྒྱལ་ཁབ་ཀྱིས་དངོས་གནས་དྲང་གནས་བསམ་བློ་ཞིག་གཏོང་རོགས་གནང་ཞུ་ཡ་ཡིན། མང་ཚོགས་ཡར་རྒྱས་གཏང་རོགས་བྱོས་ལབ་ནས་རྒྱལ་ཁབ་ཀྱི་མ་དངུལ་མང་པོ་ཞིག་གཏང་གི་ཡོད་རེད། ད་ལྟ་ང་ཚོས་བོད་སྐད་ཅིག་བརྒྱབ་ན་བཀག་དགོས་པའི་རྒྱུ་མཚན་ག་རེ་ཡིན་ན། སྐད་ཆ་དྲང་པོ་ཡིན། གལ་སྲིད་ད་དུང་མུ་མཐུད་ནས་བཀག་པ་ཡིན་ན་ང་ཚོ་འཁྱུག་དབྱངས་ཐད་གཏོང་བྱེད་མཁན་མང་པོ་ཡོད་རེད། འཁྱུག་དབྱངས་ཀྱི་ལས་ཀ་བྱེད་མཁན་མང་པོ་ཡོད་རེད། ང་ཚོས་དངོས་གནས་དངུལ་བསྡུས་ནས་དངོས་གནས་དྲང་གནས་འཁྱུག་དབྱངས་ཀུང་སི་ལ་ཁ་མཆུ་བརྒྱག་ཡ་ཡིན། དངོས་གནས་དྲང་གནས་ག་རེ་ཟེར་ན་མ་ཟེར་ན་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཡིན་ན་འདྲ། ས་གནས་སྲིད་གཞུང་གིས་རྒྱབ་སྐྱོར་ཡིན་ན་འདྲ། དཔེ་མི་སྲིད་པའི་ཐུགས་རྗེ་གཟིགས། སྐུ་མཁྱེན་ཟེར་ཡ་ཡིན། དེ་མ་གཏོགས་ང་ཚོ་དེ་རིང་ཁ་སང་བཀག་བཀག་བྱས་དུས་ང་ཚོའི་འཚོ་བ་ལ་ཡང་གནོད་ཧ་ཅང་ཆེན་པོ་སྐྱེལ་གྱིན་འདུག 直播带货(ཚོང་ཟོག་ངོ་སྤྲོད་ཐད་གཏོང་)བྱེད་དུས་ཙམ་པ་བཀག་གི་འདུག ཁྱིམ་བདག་ལ་སློབ་གསོ་རྒྱག་དུས་བཀག བུད་མེད་ཀྱི་བདེ་ཐང་བཤད་དུས་ཙམ་པ་བཀག དེ་བཀག་དགོས་པའི་རྒྱུ་མཚན་ག་རེ་ཡིན་ན། ངས་དེ་རིང་སྐད་ཆ་དེ་གསལ་པོ་འདྲི་ཡ་ཡིན།

ཕྱི་ལོ་ ༢༠༡༦ ལོར་འགོ་བཙུགས་པ་ནས་བཟུང་འཁྱུག་དབྱངས་ཐད་གཏོང་མ་ལག་ལ་སྤྱོད་མཁན་ས་ཡ་ ༧༠༠ ཙམ་བྱུང་ནས་རྒྱ་ནག་གི་ཁྲོམ་རའི་ནང་དུ་རྒྱུགས་ཆེ་ཤོས་ཀྱི་ཐད་གཏོང་མ་ལག་ཅིག་ཏུ་གྱུར་ཡོད་ཅིང་བོད་ནང་གི་བོད་མི་མང་པོས་རང་གི་ཚོང་ལས་དང་། སྤྱི་ཚོགས་ཞབས་ཞུ་སོགས་ལས་རིགས་སྣ་ཚོགས་ཀྱི་སྒང་ལ་ཐད་གཏོང་མ་ལག་དེ་ཉིད་བེད་སྤྱོད་གཏོང་བཞིན་འདུག

འཁྱུག་དབྱངས་མ་ལག་གི་བོད་སྐད་བཀག་བསྡོམས་བྱེད་བཞིན་པའི་གནད་དོན་ཐད་བོད་ལུགས་སྨན་པ་ཞིག་གིས་འདི་ལྟར་གསུངས།“ང་བོད་ལུགས་སྨན་པ་ཆུང་ཆུང་ཞིག་ཡིན། ཡིན་ན་ཡང་ངས་རང་གི་ཤེས་བྱ་ཡོན་ཏན་ལ་བསྟེན་ནས་ལྟོ་རྒྱབ་ལ་དཀའ་ངལ་མི་འདུག ངའི་འགྲམ་ལ་ཡོང་མཁན་ནད་པ་མང་ཆེ་བ་ཞིག་གིས་སྨན་པའི་ལམ་སྟོན་གང་ཡང་མེད་པར་གང་འདོད་མགོ་སྨན་དང་གཟེར་འཇོམས་སྨན་སོགས་མཆོད་མཁན་ནད་པ་དཔེ་མང་པོ་འདུག དེ་འདྲ་བྱས་ནས་ནད་པ་ཚབས་ཆེན་ཆགས་ཡ་དང་འཕྲོད་བསྟེན་དཀའ་ངལ་ཅན་མང་པོ་མཐོང་ཙང་དེའི་སྐོར་ནས་ལམ་སྟོན་ཆེད་ཐད་གཏོང་བྱེད་ཀྱིན་ཡོད། ཡིན་ན་ཡང་བོད་སྐད་རྒྱག་མ་ཆོག་དུས་ཞིང་འབྲོག་བོད་མི་མང་ལ་ངའི་སྐད་ཆ་དེ་བརྡ་འཕྲོད་ཐབས་མེད་པའི་དཀའ་ངལ་ཆེན་པོ་འདུག ངས་རྒྱ་སྐད་བརྒྱབས་ནས་དེའི་སྐོར་སྐད་ཆ་བཤད་ནས་ག་རེ་བྱེད་དགོས་རེད། རྒྱ་མི་ཚོ་ལ་དེའི་སྐོར་གྱི་གོ་རྟོགས་དཔེ་ཡག་པོ་ཡོད་རེད། ངའི་དམིགས་ཡུལ་བོད་མི་རིགས་རེད། ལྷག་པར་ཡི་གེ་མི་ཤེས་པའི་བོད་མི་རྒན་དར་གཞོན་གསུམ་ཚོའི་ཆེད་དུ་རེད། དེ་ཚོ་ལ་བོད་སྐད་ལམ་ན་མ་གཏོགས་བརྡ་འཕྲོད་ཐབས་ཡོད་མ་རེད། བྱས་ཙང་ངས་དུས་ཡུན་རིང་པོ་ཞིག་ལ་ཐད་གཏོང་མཚམས་བཞག་པ་ཡིན་”ཞེས་ལན་གནང་སོང་།

དེ་བཞིན་འཁྱུག་དབྱངས་དང་མགྱོགས་འཕྲིན་ཐད་གཏོང་ཚོང་ལས་གཉེར་མཁན་བོད་མི་ཞིག་གིས་“ངས་དྲ་ལམ་ཁག་ཚང་མ་བེད་སྤྱོད་བྱས་ནས་ཚོང་ལས་བྱས་ནས་ལོ་ལྔ་ཙམ་ཡིན། དམིགས་བསལ་ཐད་གཏོང་ལམ་ནས་ཉིན་གཅིག་ནང་དུས་ཚོད་ ༡༨ ནས་ ༡༩ ཕལ་ཆེར་ཐད་གཏོང་བྱེད་ཀྱིན་ཡོད་རེད། ང་གཅིག་པུ་མ་རེད། ང་དང་ངའི་ལས་རོགས་ལྔ་དྲུག་གིས་རེས་མོས་བྱས་ནས་ཐད་གཏོང་བྱེད་ཀྱིན་ཡོད་རེད། ཐད་གཏོང་བྱས་ནས་ཚོང་རྒྱག་གི་ཡོད་རེད། ཁྱོན་ངའི་འོག་ལ་ལས་ཀ་བྱེད་མཁན་མི་ལྔ་བཅུ་ལྷག་ཡོད་རེད། ང་ཚོའི་ཚོང་རྒྱག་སྟངས་ནི་རྒྱ་ནག་ནང་ནས་སྡེབ་ཚོང་བླངས་ནས་དྲྭ་ཐོག་ནས་བོད་མི་ཚོ་ལ་གོང་ཚད་བདེ་བོ་བྱས་ནས་བཙོང་གི་ཡོད་རེད། དཀའ་ངལ་ཆེ་ཤོས་དེ་དྲྭ་ལམ་ཐད་གཏོང་ཁང་ཚང་མ་ནས་བོད་སྐད་རྐྱང་པ་བཤད་མི་ཆོག་པ་དེ་རེད། ག་རེ་བྱས་ནས་ལབ་ན་བོད་མི་ཚོར་ཚོང་རྫས་ངོ་སྤྲོད་བྱེད་ཡ་ལ་རྒྱ་སྐད་བཤད་པ་ཡིན་ན་མི་མང་བརྒྱ་ཆ་ ༨༠ ཡིས་ཡག་པོ་གོ་གི་ཡོད་མ་རེད། དེ་འདྲ་ཡིན་དུས་ང་ཚོའི་དམིགས་ཡུལ་དང་མི་མཐུན་པ་ཆགས་ཀྱི་འདུག གཙོ་བོ་བོད་སྐད་བཤད་ཆོག་ན་སྟབས་བདེ་པོ་ཞེ་དྲག་བྱུང་ས་རེད་”ཅེས་གསུངས། 

ཡང་དྲྭ་ཐོག་ནས་སྙན་ངག་གྱེར་འདོན་བྱེད་མཁན་དང་མདོ་དབུས་ཁམས་གསུམ་གྱི་སྐད་ཤོད་མཁན་བོད་ཀྱི་དགེ་འདུན་པ་ཞིག་ལ་བཅར་འདྲི་ཞུས་པའི་ལན་དུ། “ང་དགེ་འདུན་པ་ཞིག་ཡིན་ཙང་ཁྲིམས་དང་སྒྲིག་ལམ་ཡོད་རེད། བྱས་ཙང་ཐད་གཏོང་མང་པོ་བྱེད་ཀྱིན་མེད། ཡིན་ན་ཡང་ངའི་བསམ་པ་ལ་ང་ཚོ་དགེ་འདུན་པ་ཚོ་ལ་ཡང་དྲ་ལམ་ནས་སྙན་ངག་གྱེར་འདོན་དང་མཚན་ཉིད་བགྲོ་གླེང་སོགས་བྱ་འགུལ་མང་པོ་སྤེལ་ཡ་འདུག ལྷག་པར་མདོ་དབུས་ཁམས་གསུམ་གྱི་སྐད་སློབ་ཁྲིད་དང་རྒྱ་བོད་དབྱིན་གསུམ་སོགས་སྐད་ཡིག་སློབ་གསོ་སོགས་སྤེལ་ས་ཞིག་ཡོད་ན་ཤེས་བྱ་རིག་གནས་སྦྱང་བདེ་བ་སོགས་ཀྱི་ཚན་རྩལ་དུས་རབས་ཀྱི་ཁྱད་ཆོས་དགེ་མཚན་བེད་སྤྱོད་ལེགས་པོ་མང་པོ་གཏོང་ཡ་ཡོད་རེད། ཡིན་ན་ཡང་འཁྱུག་དབྱངས་དང་མགྱོགས་འཕྲིན་དོ་དམ་བྱེད་མཁན་གྱིས་རྒྱ་སྐད་ཁོ་ན་མ་གཏོགས་བེད་སྤྱོད་བྱེད་མི་ཆོག་པ་བཟོས་ཡོད་རེད། ཁྱེད་རང་གིས་མཐོང་ཡོད་བཞག་རེད། ཕྱི་གླིང་གི་མི་ཡིན་ན་ཡང་ཐད་གཏོང་ལམ་ནས་རྒྱ་སྐད་རྒྱག་གི་ཡོད་རེད། ག་རེ་བྱས་ནས་རེད། དབྱིན་སྐད་སོགས་བེད་སྤྱོད་བྱེད་མ་ཆོག་ཙང་རེད། དབྱིན་སྐད་སློབ་ཁྲིད་བྱེད་མཁན་རྒྱ་ནག་གཞུང་གི་དྲྭ་ལམ་ཐད་གཏོང་ཁང་འགའ་ཤས་ཡོད་རེད། རྒྱ་མི་ཁོ་རང་ཚོས་སློབ་མ་རྣམས་ལ་ཐད་གཏོང་ལམ་ནས་སློབ་ཁྲིད་དང་ཟབ་ཁྲིད་བྱེད་ཀྱིན་ཡོད་རེད། བོད་པ་ཚོས་བོད་སྐད་ལམ་ནས་དེ་འདྲ་བྱེད་ཆོག་གི་མ་རེད། ལྷག་པར་ང་ཚོ་དགེ་འདུན་པ་ཚོ་ཡིན་ན་ཐད་གཏོང་ལམ་ནས་མདོ་དབུས་ཁམས་གསུམ་གྱི་མཁན་པོ་དགེ་བཤེས་གདན་ཞུ་ཞུས་ནས་ཆོས་འཆད་ཉན་དང་བགྲོ་གླེང་བྱུང་ན་གཅིག་ནས་འགྲོ་མེད་པ་དང་གཉིས་ནས་དགོན་པ་གཅིག་དང་ལུང་ཁུག་ཅིག་ནས་མི་ཚེ་དོང་ནང་གི་སྦལ་བ་ནང་བཞིན་མ་ཡིན་པར་བོད་ཁམས་ཡོངས་ཀྱི་མཁས་པ་རྣམས་ཀྱིས་བསམ་བློ་བརྗེ་རེས་ཐུབ་ཀྱི་རེད། ཡིན་ན་ཡང་ང་ཚོ་ལ་དེ་འདྲ་རང་དབང་ཞིག་ག་བ་ནས་ཡོད་རེད་”ཅེས་འགྲེལ་བརྗོད་གནང་སོང་། 

འཁྱུག་དབྱངས་ཐད་གཏོང་མ་ལག་ནི ་字节跳动有限公司 ByteDance ཞེས་པའི་ཡན་ལག་ཅིག་ཡིན། ByteDance སྤྱི་གཉེར་ཁང་དང་རྒྱ་ནག་དམར་ཤོག་ཚོགས་པ་བར་འབྲེལ་བ་དམ་ཟབ་ཡོད་པའི་གནད་དོན་གླེང་སློང་བྱུང་ཡོད་པ་མ་ཟད་སྤྱི་གཉེར་ཁང་དེ་ཡིས་དམར་ཤོག་ཚོགས་པའི་ལངས་ཕྱོགས་ལྟར་ཡུ་གུར་གྱི་གསོག་སྒར་སོགས་དང་འབྲེལ་བའི་གནས་ཚུལ་མང་པོ་དྲྭ་ལམ་ནས་ནག་སུབ་བཏང་བ་དང་སྦས་སྐོང་བྱེད་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད། དེ་ཉིད་ཀྱི་ཡན་ལག་འཁྱུག་དབྱངས་ཐད་གཏོང་མ་ལག་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དྲྭིལ་བསྒྲགས་ཁྱབ་སྤེལ་གཏོང་ས་གཙོ་བུ་ཞིག་ཏུའང་གྱུར་ཡོད་པ་མ་ཟད་རྒྱ་ནག་གི་བཙན་གནོན་འོག་ལུས་པའི་མི་རིགས་རྣམས་ཀྱི་རིག་གཞུང་དང་སྐད་ཡིག་རྩ་མེད་གཏོང་བྱེད་ཀྱི་ལག་ཆ་ཞིག་ཏུ་འགྱུར་བཞིན་ཡོད། 

འཁྱུག་དབྱངས་ཙམ་མ་ཡིན་པའི་རྒྱ་ནག་གི་དྲྭ་རྒྱའི་མ་ལག་གཞན་དག་ཚོས་ཀྱང་དམར་ཤོག་ཚོགས་པའི་རིག་གཞུང་བཙན་སྒྱུར་གྱི་ལས་དོན་ལ་ཕྱོགས་གང་ཐད་ནས་རོགས་འདེགས་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༣ པའི་ནང་དུ་རྒྱ་ནག་གི་ཐད་གཏོང་མཉེན་ཆས་བྷི་ལི་བྷི་ལི་ Bilibiliདང་སྐད་ཡིག་སྦྱོང་བྱེད་ཀྱི་མ་ལག་ Talkmate སོགས་ཀྱིས་ཀྱང་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་གཏོང་བར་བཀག་བསྡོམས་བྱས་ཡོད།  

དེ་དང་ཆ་མཚུངས་རྒྱ་ནག་གི་ཐད་གཏོང་མ་ལག་ཆེ་གྲས་ Kuaishou མགྱོགས་འཕྲིན་མ་ལག་གིས་ཀྱང་བོད་ཀྱི་སྲོལ་རྒྱུན་རིག་གནས་སྐོར་གྱི་གནས་ཚུལ་བསྟུན་མར་སྤེལ་བ་དང་སྐད་ཡིག་རྐྱང་པ་བེད་སྤྱོད་གཏོང་བར་འགོག་རྐྱེན་འདྲ་མིན་བཟོ་བཞིན་ཡོད་ལ་བོད་ཡིག་གི་ལམ་ནས་མཆན་ཐད་ཀར་འདེབས་མི་ཐུབ་པར་བཟོས་འདུག མགྱོགས་འཕྲིན་མ་ལག་གིས་བོད་ཀྱི་སྐད་ཡིག་དང་རིག་གནས་ཐད་མཐོང་ཆུང་ཁྱད་གསོད་བྱེད་བཞིན་པའི་སྐོར་ནས་ཁམས་ཕྱོགས་ནས་ཡིན་པའི་བོད་མི་རིན་ཆེན་ལགས་ཀྱིས་སྔ་ཕྱིར་ཡང་ཡང་ཞུ་སྐུལ་གྱི་བརྙན་ཐུང་སྤེལ་ཡོད། ཁོང་གི་རེ་སྐུལ་དུས་ཡུན་ཐུང་ངུའི་ནང་དུ་ནག་སུབ་བཏང་ནའང་བོད་མི་གཞན་དག་ཧ་ཅང་མང་པོས་བརྙན་ངོས་བརྒྱུད་སྐུར་བྱས་པ་དང་ཁོང་གི་ཞུ་སྐུལ་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་བྱུང་འདུག 

འདི་ལྟར་རྒྱ་ནག་གི་དྲྭ་ལམ་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་གཏོང་བར་འགོག་རྐྱེན་དང་བཀག་བསྡོམས་བྱེད་པ་དེ་ནི་རྒྱ་ནག་རང་གི་རྩ་ཁྲིམས་དང་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་བཅའ་ཁྲིམས་ཟེར་བ་སོགས་དང་ཐད་ཀར་འགལ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིན་ཡིན། 

འོན་ཀྱང་། ཁྲིམས་འགལ་ལག་བསྟར་དེ་དག་གི་རྒྱབ་ན་རྒྱ་ནག་དམར་ཤོག་ཚོགས་པ་ཡོད་པ་གསལ་པོ་རེད། མ་ཟད་དེ་དག་ནི་“ཞི་ཅིན་ཕིང་གི་དུས་རབས་གསར་པའི་མི་རིགས་སྲིད་ཇུས་”ཟེར་བ་ལག་བསྟར་བྱས་པའི་གྲུབ་འབྲས་ལྟ་བུ་ཡིན། ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༨ པའི་ནང་དུ་ཞི་ཅིན་ཕིང་གིས་རྒྱ་གཞུང་གི་མི་རིགས་ལས་དོན་ཚོགས་འདུའི་ཁར་“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་”བརྟན་དུ་གཏོང་རྒྱུ་དེ་དུས་རབས་གསར་པའི་རྒྱ་ནག་གི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་ཡིན་པ་ནན་བཤད་བྱས་ཡོད། དེ་ནི་རྒྱ་རིགས་ཆེན་པོ་རིང་ལུགས་ཀྱི་ལྟ་བུར་གདོང་ལྤགས་ཤིག་གཡོག་པ་ཙམ་ལས་དོན་དུ་ཧཱན་མི་རིགས་མ་ཡིན་པའི་ཀྲུང་ཧྭ་མི་རིགས་ཟེར་བ་ཞིག་དང་ཀྲུང་ཧྭ་རིག་གནས་ཟེར་བ་ཞིག་གཞི་ཙམ་ཡང་གྲུབ་མེད། འོན་ཀྱང་རྒྱ་ནག་གིས་ཕྱི་ལོ་ ༢༠༡༨ ལོར་རང་གི་རྩ་ཁྲིམས་ནང་དུའང་ཀྲུང་ཧྭ་མི་རིགས་ཟེར་བ་གསར་སྣོན་བྱས་ཡོད། ཀྲུང་ཧྭ་མི་རིགས་ཟེར་བ་དང་ཀྲུང་ཧྭ་རིག་གནས་ཟེར་བ་ནི་སྡོང་པོ་ལྟ་བུ་ངོས་འཛིན་བྱེད་དགོས་ཤིང་མི་རིགས་གཞན་དག་ཚོ་དང་དེ་དག་གི་རིག་གནས་ནི་དེ་ཡི་ཡལ་ག་ཙམ་དུ་དཔེ་བཞག་ཡོད། གནས་བབ་འདིའི་སྒང་ནས་རྒྱ་ནག་གཞུང་གིས་དེང་གི་ཆར་མངོན་སུམ་འཛེམ་མེད་དུ་མི་རིགས་མཉམ་བསྲེས་དང་རིག་གཞུང་བཙན་སྒྱུར་གྱི་སྲིད་ཇུས་སམ་“མི་རབས་གཉིས་པའི་མི་རིགས་སྲིད་ཇུས་”ཞེས་པ་དངོས་སུ་ལག་བསྟར་བྱེད་བཞིན་ཡོད་པ་ཧ་ཅང་གསལ་པོ་ཆགས་ཡོད། “མི་རབས་གཉིས་པའི་མི་རིགས་སྲིད་ཇུས་”ཟེར་བ་དེས་དེ་སྔ་རྒྱ་ནག་གི་ཁྲིམས་ཐོག་ན་མི་རིགས་ས་གནས་རང་སྐྱོང་ཟེར་བའི་གནས་བབ་ཅིག་བསྐྲུན་ཡོད་པ་དེ་ཕྱིར་བསྡུ་བྱས་ཏེ་རྒྱ་ནག་གི་དབང་འོག་ཏུ་ཚུད་པའི་མི་རིགས་ཐམས་ཅད་ངོ་བོ་གཅིག་ཏུ་སྒྲིལ་ཐབས་བྱེད་པའི་དམིགས་ཡུལ་བཟུང་ཡོད། དེ་ནི་ཞི་ཅིན་ཕིང་གི་སློབ་སྟོན་པ་སོགས་རྒྱ་ནག་དམར་ཤོག་ཚོགས་པའི་གསོ་སྐྱོང་བྱས་པའི་མཁས་མིང་འཛིན་པ་མང་པོས་གཞུང་ལ་མཚམས་སྦྱོར་བྱས་པའི་སྲིད་ཇུས་ཤིག་ཡིན། 

གནད་དོན་དེ་དང་འབྲེལ་ནས་འདི་ག་ལྟེ་གནས་ཁང་གི་ཉམས་ཞིབ་པ་ངག་དབང་ལུང་རྟོགས་ལགས་ནས་གསུང་དོན་”སྐད་ཡིག་ནི་གང་ཟག་ཅིག་གི་རིག་གཞུང་གི་ངོ་བོ་གལ་ཆེན་ཞིག་ཡིན། བོད་མི་ཚོར་རང་གི་སྐད་ཡིག་སྤ༷ྱོད་དབང་མི་སྤྲོད་པ་དེས་ཁོང་ཅག་གི་ངོ་བོ་རྒྱུན་འཛིན་བྱེད་པར་བཀག་འགོག་བྱས་པ་ཆགས་ཡོད།” 

“རྒྱ་ནག་གཞུང་གིས་ངེས་པར་དུ་ཆབ་སྲིད་དང་སྤྱི་དམངས་ཐོབ་ཐང་དང་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་གི་ཐོབ་ཐང་སྐོར་གྱི་རྒྱལ་སྤྱིའི་སྤྱི་ཆིངས་སོགས་ཀྱི་སྙིང་པོ་སྟེ་མི་ཐམས་ཅད་འདྲ་མཉམ་ཡིན་པ་དང་། དབྱེ་འབྱེད་མི་རུང་བའི་རྩ་འཛིན་ལ་ངེས་པར་དུ་དམ་སྲུང་བྱས་ནས་བོད་མི་རྣམས་ལ་རང་གི་སྐད་ཡིག་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་ཐོབ་ཐང་ཚུལ་སྤྲོད་དགོས།”

to top