ཉེ་ལམ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ་ཡིས་གཙོ་བྱས་ནས་མི་དམངས་ཁྲིམས་ཁང་ཆེན་མོ་དང་གཞུང་གི་དོ་དམ་འོག་ཡོད་པའི་རྒྱལ་ཡོངས་གསར་འགོད་ལྷན་ཚོགས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ཀྲུང་གོའི་དྲྭ་རྒྱའི་དོ་དམ་ལྷན་ཁང་། བཟོ་ལས་དང་བརྡ་འཕྲིན་དོ་དམ་ལྷན་ཁང་། སྤྱི་ཚོགས་བདེ་འཇགས་ལྷན་ཁང་། ཁྲོམ་རའི་དོ་དམ་ལྷན་ཁང་། ཁྲལ་བསྡུ་ལས་ཁུངས། རྒྱལ་ཡོངས་རླུང་འཔྲིན་དང་། གློག་བརྙན་དོ་དམ་ལྷན་ཁང་བཅས་མཐོ་རིམ་ལྷན་ཁང་ཁག་བཅུ་མཉམ་བསྡུས་ཀྱིས་ཚོགས་ཆེན་ཚོགས་ཏེ་“གསར་འགྱུར་རྫུན་མ་དང་ཁྲིམས་འགལ་གྱི་དྲྭ་ལམ་བྱ་སྤྱོད་རིགས”ལ་རྡུང་རྡེག་ཚ་གནོན་གྱི་ལས་འགུལ་འགོ་འཛུགས་ཞུ་རྒྱུ་ཡིན་པ་གསལ་བསྒྲགས་བྱས།
ཕྱི་ཟླ་ ༠༨ ཚེས་ ༤ ཉིན་རྒྱ་ནག་གི་རྒྱལ་ཡོངས་གསར་འགོད་པར་སྐྲུན་ཧྲུའུ་ཡི་གཞུང་འབྲེལ་དྲྭ་ངོས་སུ་ “ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་བསྐྲུན་གྱི་འཆར་གཞིའི་ལམ་སྟོན་འོག་ང་ཚོས་ཁྲིམས་འགལ་གྱི་གསར་འགྱུར་དང་གསར་འགྱུར་རྫུན་མའི་རིགས་ལ་གཅིག་གྱུར་གྱི་ཁ་གཏད་ནན་པོ་གཅོག་དགོས་པ་དང་ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་ནས་བཟུང་དྲྭ་རྒྱའི་བདེ་འཇགས་ལ་ཐུབས་གཟབ་ཆེས་ཆེར་གནང་བཞིན་ཡོད་ཀྱང་ད་ཐེངས་སྔར་ལས་ལྷག་པའི་དོ་དམ་དང་ལྟ་སྲུང་ནན་པོ་བྱེད་དགོས་པས་འབྲེལ་ཡོད་གཞུང་ས་སྲིད་གཞུང་རིམ་པས་ཆབ་སྲིད་ཀྱི་ལས་འགན་གཙུག་ཏུ་བཀུར་ནས་གསར་འགྱུར་རྫུན་མ་དང་ཁྲིམས་འགལ་གྱི་དྲྭ་རྒྱའི་བྱ་སྤྱོད་རིགས་ལ་གཅིག་གྱུར་གྱི་ཐག་གཅོད་ནན་པོ་བྱེད་དགོས་”ཞེས་འཁོད་འདུག
རྒྱ་ནག་གཞུང་གི་རྒྱལ་ཡོངས་གསར་འགོད་དང་པར་སྐྲུན་ལྷན་ཁང་གི་རྒྱ་ནག་གཞུང་ནི་སྔར་ནས་གསར་འགྱུར་དང་དྲྭ་རྒྱའི་རང་དབང་ཐོག་ལ་ཚོད་འཛིན་དང་ཐེ་གཏོགས་མང་ཤོས་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པས་ད་དུང་འདི་རིགས་ཀྱི་ལས་འགུལ་སྤེལ་འགོ་བཙུགས་པ་ནི་གསར་འགོད་རང་དབང་དང་དྲྭ་ཐོག་གི་སྨྲ་བརྗོད་རང་དབང་། དོན་དངོས་གནས་ཚུལ་མཁྱེན་རྟོགས་ཀྱི་རང་དབང་སོགས་ལ་རྡོག་རོལ་སྔར་ལས་ལྷག་ཐེབས་ཉེན་ཡོད་པ་ཡིན།
ལས་འགུལ་འདི་བརྒྱུད་ནས་རྒྱུན་དུ་བོད་མི་ཚོས་སྤྱོད་ཆེ་བའི་སྐད་འཕྲིན་དང་མགྱོགས་འཕྲིན་སོགས་སྤྱི་ཚོགས་དྲྭ་རྒྱ་ཁག་ལའང་གཞུང་ངོས་ནས་དམ་དྲག་སྔར་ལྷག་བྱ་ངེས་པ་མ་ཟད་གཞུང་འབྲེལ་གསལ་བསྒྲགས་བྱས་ནས་བདུན་ཕྲག་གཅིག་ལྷག་ལས་མ་སོང་ཡང་དྲྭ་རྒྱ་དང་སྐད་འཕྲིན་རིགས་ལ་སྔོག་བཤེར་བྱས་ནས་བོད་མི་མང་དག་ཅིག་བཙོན་འཇུག་དང་བཀག་ཉར་བྱས་ཟིན་ཡོད། ཉེ་ལམ་གྱི་བོད་ནང་དུ་བོད་མི་བཙོན་འཇུག་བྱས་པའི་གནས་ཚུལ་ཕལ་ཆེ་བ་དྲྭ་རྒྱ་དང་འབྲེལ་བ་ཤ་སྟག་ཡིན། བཙན་བྱོལ་བོད་མིའི་གསར་ཁང་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན་ཁ་སྔོན་ཕྱི་ཟླ་ ༨ ཚེས་ ༨ ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་ ༧༠ འཁོར་བའི་མཛད་སྒོ་ཞེས་པ་ཚོགས་པའི་སྐབས་སུ་ཉེན་རྟོག་པ་དང་དམག་མི་ཕོན་ཆེན་འགྲེམས་འཇོག་གིས་བོད་མི་ཚོའི་འགྲོ་འོང་བཀག་སྡོམ་དང་ཁ་པར་བསྔོག་བཤེར་བྱས་ཏེ་སྡོམ་མདའ་ནས་ཡིན་པའི་རིན་ཆེན་རྡོ་རྗེ་ལགས་དང་སྐལ་བཟང་ཉི་མ་ལགས། རྫ་སེར་ཤུལ་ནས་ཡིན་པའི་ལྷུན་གྲུབ་ལགས་བཅས་བོད་མི་གསུམ་འཇུ་བཟུང་བྱས་པ་ད་ཆ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག
དེ་བཞིན་ཉེ་ཆར་འཇུ་བཟུང་བཀག་ཉར་གྱིས་ད་དུང་གནས་སྟངས་ཅི་ཡང་ཤེས་རྟོགས་མི་ཐུབ་པའི་རྔ་བ་སྤྲོ་ཚིགས་དགོན་པའི་དགེ་སྐོས་དཀོན་མེ་ལགས་ཀྱང་འཇུ་བཟུང་བྱེད་དོན་སྐད་འཕྲིན་ཚོགས་པ་ཞིག་ཏུ་ཞབས་རིམ་སྐོར་གྱི་འཕྲིན་ཡིག་ཅིག་བཏང་བའི་རྒྱུ་རྐྱེན་ཡིན་པ་ལས་དེ་མིན་དུས་རྒྱུན་ཁོང་གིས་ཆབ་སྲིད་སྐོར་ལ་ཕྱག་ལས་གང་ཡང་གནང་མྱོང་མེད་པ་ས་གནས་བོད་མི་ཞིག་གིས་འགྲེལ་བརྗོད་གནང་འདུག
ཨེ་ཤེ་ཡ་རང་དབང་རླུ་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན་སྤྱི་ཚེས་ ༠༩ ཉིན་ནག་ཆུ་གྲོང་ཁྱེར་བྱང་ལམ་གྲོང་ཚོའི་ཡུལ་མི་ ༡༡༠ ལྷག་ཉེན་རྟོག་ཁང་དུ་འབོད་འགུག་གིས་ཁ་པར་སོགས་ལ་བསྔོག་བཤེར་བྱས་ཡོད་པ་དང་མི་ ༣༠ ཙམ་ཞིག་ད་དུང་བཀག་ཉར་བྱས་ཡོད་པ་རེད།
འཇུ་བཟུང་འདི་རིགས་ཕལ་ཆེ་བར་རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲྭ་རྒྱའི་བདེ་འཇགས་གཏོར་བཤིག་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་ཟེར་བའི་ཉེས་མིང་འགེལ་སྲོལ་ཡོད་མོད། དོན་ངོ་མར་དེ་དག་ནི་ཁག་འཇོག་ས་ཙམ་ལས་རྒྱ་གཞུང་གིས་བོད་མི་ཚོའི་སྨྲ་བརྗོད་རང་དབང་དང་བསམ་བློའི་རང་དབང་ལ་ཚོད་འཛིན་དམ་པོ་བྱེད་ཀྱི་ཡོད་པ་མཚོན།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་བཅུ་དགུ་པར་“མི་ཐམས་ཅད་ལ་བསམ་ཚུལ་དང་སྨྲ་བརྗོད་ཀྱི་རང་དབང་ཡོད་ཅིང་། ས་ཁོངས་དབྱེ་མཚམས་ལ་མ་ལྟོས་པར་བརྒྱུད་ལམ་གང་རུང་ནས་གཞན་གྱི་ཐེ་གཏོགས་མེད་པར་བསམ་ཚུལ་བརྗེ་ལེན་ནམ་འཚོལ་སྡུད་བྱེད་པའི་རང་དབང་ཡོད་”ཅེས་འཁོད་པ་དང་། སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་སྐོར་གྱི་རྒྱལ་སྤྱིའི་སྤྱི་ཆིངས་ཀྱི་དོན་ཚན་བཅུ་དགུ་པར་ཡང་“མི་ཐམས་ཅད་ལ་སྨྲ་བརྗོད་ཀྱི་རང་དབང་ཡོད་ཅིང་། བརྒྱུད་ལམ་གང་རུང་ནས་གཞན་གྱི་ཐེ་གཏོགས་མེད་པར་བསམ་ཚུལ་དང་གནས་ཚུལ་ཅི་རིགས་བརྗེ་ལེན་ནམ་འཚོལ་སྡུད་བྱེད་ཆོག་པའི་རང་དབང་ཡོད་”ཅེས་འཁོད་ཡོད་པས་དྲྭ་རྒྱ་བརྒྱུད་དེ་མི་མང་གི་སྨྲ་བརྗོད་དང་བསམ་བློར་བཀག་སྡོམ་བྱེད་པ་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བ་ཡིན།
དེར་བརྟེན། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་ རྒྱ་ནག་གིས་དྲྭ་རྒྱའི་སྒང་བོད་མི་ཚོའི་སྨྲ་བརྗོད་རང་དབང་དང་བསམ་བློའི་རང་དབང་། དངོས་དོན་གནས་ཚུལ་མཁྱེན་རྟོགས་ཀྱི་རང་དབང་སོགས་ལ་རྡོག་རོལ་གཏོང་མཚམས་འཇོག་དགོས་ཤིང་ རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་བརྩི་སྲུང་མེད་པར་སྤྱི་ཚོགས་དྲྭ་རྒྱའི་བདེ་འཇགས་གཏོར་བཤིག་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་ཟེར་བར་ཁག་དཀྲིས་ནས་འཛིན་བཟུང་དང་བཀག་ཉར་བྱས་པའི་བོད་མི་རྣམས་འཕྲལ་དུ་གློད་གྲོལ་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།