རྒྱ་གཞུང་ཉེན་རྟོག་པས་མགོན་པོ་སྐྱིད་ལ་ཉེས་རྡུང་དང་འཇིགས་སྐུལ་བྱས་མིན་ལ་མ་བལྟོས་པར་མུ་མཐུད་ཞི་རྒོལ་བྱས་འདུག 

ཕྱི་ལོ་ ༢༠༢༣ ཟླ་ ༣ པའི་ཚེས་ ༢༠ ཉིན་བུ་ལོ་གཡོ་ལེན་གྱི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཆད་ཕོག་པའི་བོད་ཀྱི་ཚོང་དཔོན་རྡོ་རྗེ་བཀྲ་ཤིས་ཀྱི་སྲིང་མོ་རྒན་པ་མགོན་པོ་སྐྱིད་ཀྱིས་བོད་ལྗོངས་མཐོ་རིམ་མི་དམངས་་ཁྲིམས་ཁང་ཟེར་བའི་སྒོ་འགྲམ་ནས་རང་གི་ནུ་བོ་རྡོ་རྗེ་བཀྲ་ཤིས་ལ་མ་ཉེས་ཁག་གཡོག་བྱས་ནས་བཙོན་འཇུག་བྱས་ཡོད་པ་གློད་བཀྲོལ་དགོས་པའི་ཞི་རྒོལ་གནང་སྐབས་ལྷ་སའི་བཅིངས་བཀྲོལ་ས་ཁུལ་གྱི་ཉེན་རྟོག་པས་ཁོ་མོ་འཇུ་བཟུང་བྱས་ཏེ་མཚན་གཅིག་ཙམ་བཀག་སྐྱིལ་བྱས་པ་མ་ཟད་རྡུང་རྡེག་དྲག་པོ་བཏང་འདུག་ཀྱང་དེ་ནས་བདུན་ཕྲག་གཅིག་ཙམ་ལ་མ་སོང་བར་ཕྱི་ཟླ་ ༣ པའི་ ༢༦ ཉིན་ཡང་བསྐྱར་རྡོ་རྗེ་བཀྲ་ཤིས་ཁྲིམས་འགལ་ཐོག་བཙོན་འཇུག་བྱས་པའི་གྱོད་དོན་ལ་བསྐྱར་ཞིབ་དགོས་པ་དང་ནང་མི་ཚོ་ཁོང་ལ་ཐུག་འཕྲད་བྱེད་བཅུག་དགོས་པའི་དགོས་འདུན་བཏོན་ནས་ཡང་བསྐྱར་ཞི་རྒོལ་བྱས་འདུག   

ཕྱི་ཟླ་ ༣ པའི་ཚེས་ ༢༠ ཉིན་མགོན་པོ་སྐྱིད་ཀྱིས་ཞི་རྒོལ་བྱས་རྗེས་ཉེན་རྟོག་པས་འཇུ་བཟུང་བཀག་ཉར་འོག་རྡུག་རྡེག་བཏང་བའི་བརྙན་ཐུང་གི་ངོས་པར།  

ཕྱི་ཟླ་ ༣ པའི་ཚེས་ ༣༡ ཉིན་ལྷ་ས་གྲོང་ཁྱེར་རྒྱ་གཞུང་སྤྱི་བདེ་ཉེན་རྟོག་ཚན་པས་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་པོ་རྡོ་རྗེ་ཚེ་བརྟན་འབོད་འགུག་བྱས་ནས། རྡོ་རྗེ་བཀྲ་ཤིས་ཀྱི་ཁྲིམས་ཆད་ཐད་ཉེན་རྟོག་ཚན་པས་གོ་བསྡུར་རིམ་པ་བྱས་ཡོད་ཀྱང་ཁྲིམས་ཆད་ལ་འགྱུར་བ་གཏོང་ཐབས་མེད་ཚུལ་གསལ་བཤད་བྱས་པ་དང་། མ་འོངས་པར་རྡོ་རྗེ་བཀྲ་ཤིས་ཀྱི་གནད་དོན་དང་འབྲེལ་ནས་ངོ་རྒོལ་ལས་འགུལ་རིགས་སྤེལ་བ་དང་དེ་འབྲེལ་གྱི་གནས་ཚུལ་ཕྱི་ལ་བསྒྲགས་པ་སོགས་བྱས་ཚེ་འཇུ་བཟུང་བྱ་ཉེན་ཡོད་པའི་འཇིགས་སྐུལ་བྱས་འདུག 

རྒྱ་གཞུང་ཉེན་རྟོག་པས་རྡུང་རྡེག་དང་འཇིགས་སྐུལ་ཡང་ཡུང་བྱས་མིན་ལ་མ་བལྟོས་པར་ཉེ་ལམ་ཕྱི་ཟླ ༤ པའི་ཚེས་ ༢༣ དང་ ༢༤ ཉིན་གཉིས་ཀྱི་རིང་མགོན་པོ་སྐྱིད་ཀྱིས་ཡང་བསྐྱར་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་སྒོ་མདུན་དུ་རང་གི་གཅུང་པོ་རྡོ་རྗེ་བཀྲ་ཤིས་ལ་དྲང་བདེན་གྱི་ཐག་གཅོད་དགོས་པའི་དགོས་འདུན་འོག་ཞི་རྒོལ་ལས་འགུལ་སྤེལ་འདུག སྐབས་དེའི་ཞི་རྒོལ་ལས་འགུལ་སྤེལ་སྐབས་ཉེན་རྟོག་པས་ཁོ་མོའི་མདུན་དུ་རས་ཡོལ་ནག་པོས་བཀབ་ཏེ་ལས་འགུལ་འགོག་ཐབས་བྱས་འདུག 

དེ་བཞིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་བཏོན་པ་ལྟར་ན་ཕྱི་ཟླ་ ༤ པའི་ཚེས་ ༢༦ ཉིན་མགོན་པོ་སྐྱིད་དང་ཁོ་མོའི་ཁྱོ་ག་གཉིས་ལྷ་སའི་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་དང་ཕྱི་ཟླ་ ༢༧ གྱི་མཚན་དཀྱིལ་བར་བཀག་སྐྱིལ་བྱས་ཏེ་རྡུང་རྡེག་དང་འདྲི་གཅོད་ནན་པོ་བྱས་ཡོད་པ་མ་ཟད་རྗེས་ཕྱོགས་ནས་དེའི་རིགས་ཀྱི་ལས་འགུལ་སྤེལ་མི་ཆོག་པའི་བཙན་བཀའ་བཏང་བར་མགོན་པོ་སྐྱིད་ཀྱིས་རང་ཉིད་བསད་པ་ཡིན་རུང་མུ་མཐུད་ལས་འགུལ་སྤེལ་རྒྱུ་ཡིན་ཚུལ་བཤད་པ་བཀོད་འདུག ད་དུང་གནས་ཚུལ་གསར་དུ་བཀོད་པའི་ནང་ཁ་སྔོན་ཕྱི་ཟླ་ ༥ པའི་ཚེས་ ༣ གྱི་ཉིན་མོར་ཡང་བསྐྱར་མགོན་པོ་སྐྱིད་ཀྱིས་བརྙན་ལམ་བརྒྱུད་དེ་ཞི་རྒོལ་ལས་འགུལ་སྤེལ་ཡོད་པ་དང་སྐབས་དེར་ཁོ་མོས་རང་གི་གཅུང་པོ་རྡོ་རྗེ་བཀྲ་ཤིས་ལ་ཚེ་བཙོན་ཁྲིམས་ཐག་བཅད་པ་དེ་ཁྲིམས་འགལ་ཡིན་པ་དང་། ཁྲིམས་འགལ་བྱེད་མཁན་གཏེ་བོ་དེ་བོད་རང་སྐྱོང་ལྗོངས་ཁྲིམས་ཁང་གི་ཁྲིམས་དཔོན་ཚོ་ཡིན་པ་སོགས་འགྲེལ་བརྗོད་བྱས་ཡོད་པ་དང་། “རྒྱལ་ཁབ་ཀྱི་ཁྲིམས་ནི་དཔོན་པོ་དང་མང་ཚོགས་གཉིས་ཀས་འཁུར་དགོས་པ་ཡིན་ཡང་འདི་གར་དཔོན་པོས་ཁྲིམས་འགལ་བྱས་ཀྱང་ཉེས་ཁྲིམས་འཁུར་མི་དགོས་པ་དང་། མང་ཚོགས་ཀྱིས་ཁྲིམས་འགལ་བྱས་ན་ཉེས་ཁྲིམས་འཁུར་དགོས་ཀྱི་འདུག། ཁྲིམས་ཁང་ལ་ཁྲིམས་དཔོན་ཚོའི་ཁྲིམས་འགལ་བྱས་ཉེས་ཐེར་འདོན་དགོས་པའི་ཞུ་གཏུག་བྱས་ཀྱང་ཁྲིམས་ཁང་ནས་གནད་དོན་དེར་ཡ་ལན་ཙམ་ཡང་མེད་པ་མ་ཟད། དེ་འབྲེལ་ཞུ་གཏུགས་ཀྱི་ཡིག་ཆ་ཚང་མ་ང་ཚོའི་ལག་ནས་འཕྲོགས་ཏེ་གད་སྙིགས་ནང་ལ་གཡུགས་སོང་། གལ་ཏེ་ང་ཚོ་མང་ཚོགས་ཀྱིས་ཁྲིམས་འགལ་གྱི་བྱས་ཉེས་འདི་ལྟ་བུ་བསགས་པ་ཡིན་ན། ང་ཚོའི་མགོ་ཐོག་ལ་ཉེས་ཁྲིམས་འདྲ་མིན་གཡོགས་ནས་ཉེས་ཆད་གཅོད་རྒྱུ་རེད་”ཅེས་བརྗོད་ཡོད་པ་བཀོད་འདུག ཕྱི་ཟླ་ ༥ པའི་ཚེས་ ༡༡ ཉིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཏོན་པའི་བརྙན་ཐུང་ཞིག་ཏུ་ཉེན་རྟོག་མི་སྣ་གཉིས་ཀྱིས་མགོན་པོ་སྐྱིད་ཀྱི་ལག་པ་གཡས་གཡོན་ནས་འཐེན་ཏེ་ཁྲིད་ཐབས་བྱེད་བཞིན་འདུག་པ་དེ་ཉིད་ནི་མགོན་པོ་སྐྱིད་ཀྱིས་ཕྱི་ཟླ་ ༥ པའི་ཚེས་ ༡༠ ཉིན་ཞི་རྒོལ་བྱེད་སྐབས་ཀྱི་བརྙན་ཐུང་ཡིན་ཚུལ་བཀོད་འདུག བརྙན་པར་དང་བཅས་ཏེ་བཀོད་པའི་གནས་ཚུལ་འདི་གཉིས་ཐད་འདི་ག་ལྟེ་གནས་ཁང་གིས་དག་བཤེར་བྱ་ཐབས་བྱེད་མུས་ཡིན་ལ་ད་དུང་རྒྱུས་ལོན་གསལ་པོ་མ་ཐུབ་པར་ལྷག་ཡོད། 

མགོན་པོ་སྐྱིད་ཀྱི་ཞི་རྒོལ་བྱེད་སྐབས་ཉེན་རྟོག་པས་རས་ནག་པོས་གཡོག་ཏེ་འགོག་ཐབས་བྱེད་བཞིན་པ།

ཕྱི་ཟླ་ ༣ པའི་ཚེས་ ༢༠ ཡི་ངོ་རྒོལ་སྐབས་སུ་མགོན་པོ་སྐྱིད་ཀྱིས་ལུས་ལ་སྟོད་གོས་དཀར་པོ་ཞིག་གྱོན་པའི་སྟེང་དུ་རྒྱ་ཡིག་གི་ལམ་ནས་“བོད་ལྗོངས་ཁྲིམས་ཁང་ནས་རྡོ་རྗེ་བཀྲ་ཤིས་ལ་ཁྲིམས་ཐག་བཅད་པ་མ་ཉེས་ཁག་གཡོག་རེད། རྡོ་རྗེ་བཀྲ་ཤིས་ཉེས་མེད་ཡིན་”ཞེས་བྲིས་ཡོད་པ་དང་ལག་ཏུ་ཁྲིམས་ཐག་གཅོད་སྐབས་ཀྱི་ཉེས་འཛུགས་དཔང་ཡིག་བཟུང་འདུག

སྐབས་དེའི་ཞི་རྒོལ་བྱས་ནས་ཡུན་རིང་མ་སོང་བར་ཉེན་རྟོག་པ་སླེབས་ཏེ་ཁོང་མོར་རེ་ཞུ་མཚམས་འཇོག་དགོས་ཚུལ་བཤད་ཀྱང་གསན་འཇོག་མ་བྱས་པར་བརྟེན་ཁོང་མོར་ཉེས་རྡུང་བཏང་བ་དང་བཙན་གྱིས་བཅིངས་འགྲོལ་ས་ཁུལ་གྱི་མངགས་གཏོང་ཁང་དུ་ཁྲིད་ནས་ཞག་གཅིག་ལ་བཀག་སྐྱིལ་བྱས་འདུག  ཞི་བའི་ངོ་རྒོལ་བྱས་པའི་ཕྱི་ཉིན་ཚེས་ ༢༡ ཉིན་བཅིངས་འགྲོལ་ས་ཁུལ་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ་མགོན་པོ་སྐྱིད་ཀྱི་དཔུང་པ་སོགས་སུ་རྡུང་རྡེག་བཏང་བའི་རྗེས་ཤུལ་གསལ་པོ་དོད་པའི་བརྙན་ཐུང་ཞིག་བླངས་ཡོད་པ་དེ་ནི་ཉེན་རྟོག་པས་རྡུང་རྡེག་བཏང་བའི་ཤུལ་ཡིན་པ་བརྙན་ནང་དུ་འགྲེལ་བརྗོད་བྱས་འདུག 

ཞི་རྒོལ་མ་བྱས་པའི་སྔོན་ཙམ་དུ་མགོན་པོ་སྐྱིད་ཀྱིས་བརྙན་ཐུང་ཞིག་བཟོས་ཏེ་དྲྭ་ལམ་དུ་སྤེལ་ཡོད་པའི་ནང་དུ་གསུངས་དོན་ “ངས་རང་ཉིད་ངོ་སྤྲོད་ཅིག་བྱེད།  སྔོན་མའང་མང་པོ་བཤད་ཡིན།  ད་ཚང་མས་ཤེས་རྒྱུ་རེད། སྔོན་མ་དྲྭ་ལམ་ལ་ཤོད་མཁན་ཡང་ང་རང་ཡིན། ང་གཡག་མགྲོན་ཁང་གི་སྦྱིན་བདག་རྡོ་རྗེ་བཀྲ་ཤིས་ཀྱི་ཨ་ཅེ་ཡིན། ༢༠༠༨ ཀྱི་ལོར་ངའི་སྤུན་གཉིས་ཀ་བཟུང་བཏང་ནི་རེད། ངའི་སྤུན་གཅིག་(རྡོ་རྗེ་ཚེ་བརྟན་)ལོ་དྲུག་ལ་བཟུང་བ་རེད། (ཡིག་ཆ་སྟོན་བཞིན་) ངའི་སྤུན་གཞན་པ་དེ་བཟུང་ནས་ད་བར་ལོ་བཅོ་ལྔ་འགོར་བ་རེད། ལོ་བཅོ་ལྔའི་སྔོན་གྱི་ངེད་ཚང་ལ་ཁྲིམས་ཐག་འདི་གཅོད་དུས་ཀྱི་(བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་མི་དམངས་ཁྲིམས་ཁང)་གི་ཁྲིམས་དཔོན་དང་པོ་ནི་ནོར་བུ་དོན་གྲུབ། ཁྲིམས་དཔོན་གཉིས་པ་སྤེན་པ་ལྷ་མོ་རེད། ང་ཚོར་ཐག་གཅོད་བྱེད་མཁན་ནི་པ་སངས་སོགས་མི་གསུམ་གྱིས་བྱས་པ་རེད། སྐབས་དེ་དུས་རྒྱ་མི་བཟའ་ཚང་འདི་གཉིས་ལའང་ཁྲིམས་ཐག་བཅད་པ་རེད། ཁྲིམས་ཐག་གཅོད་དུས་ཀྱི་དུས་ཚོད་གཅིག་པ་རེད། 
འདི་རེད། (ཡིག་ཆ་སྟོན་བཞིན་)རྒྱ་བཟའ་མི་གཉིས་ཀྱིས་སྒོར་མོ་ཁྲི་ ༥༣༠ བུ་ལོན་གཡོ་ལེན་བྱས་ནས་དེ་ཕྱིར་མ་སློག་པར་བརྟེན་ལོ་བཅོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ལོ་བཅུའི་ནང་ལ་གློད་བཀྲོལ་བཏང་བ་རེད། ངེད་ཚང་གིས་སྒོར་མོའི་སྐྱིན་པ་བྱིན་ཚར་རེད། སྒོར་མོའི་སྐྱིན་པ་བྱིན་བཏང་བའི་བདེན་དཔང་འདི་རེད། (ཡིག་ཆ་སྟོན་བཞིན་)ཅེས་”འགྲེལ་བརྗོད་གནང་འདུག 

ཕྱི་ཟླ་ ༥ པའི་ཚེས་ ༡༠ ཉིན་ཞི་རྒོལ་སྐབས་ཉེན་རྟོག་པ་གཉིས་ཀྱིས་ལག་པ་གཡས་གཡོན་ནས་འཐེན་ཏེ་ཁྲིད་ཐབས་བྱེད་བཞིན་པའི་བརྙན་ཐུང་ངོས་པར། པར་ཁུངས། RFA

བུ་ལོན་གཡོ་ལེན་གྱི་ཉེས་མིང་འོག་ཏུ་ད་ལྟ་ཚེ་བཙོན་གྱི་ཁྲིམས་ཆད་ཁུར་བཞིན་པའི་མགོན་པོ་སྐྱིད་ཀྱི་གཅུང་པོ་རྡོ་རྗེ་བཀྲ་ཤིས་ལ་རྒྱ་གཞུང་གིས་མ་ཉེས་ཁག་གཡོག་བྱས་ཏེ་བཙོན་དུ་བཅུག་ནས་མི་ལོ་ ༡༥ ཟིན་ཡང་ད་དུང་ཁོང་གི་ཁྲིམས་ཆད་ལ་འགྱུར་བ་གང་ཡང་བཏང་མེད་པ་མ་ཟད། གོང་རིམ་ལ་གཏུག་བཤེར་བྱ་རྒྱུའི་གོ་སྐབས་མི་སྤྲོད་པ་དང་། ཁྲིམས་རྩོད་པར་ཐུག་འཕྲད་ཀྱི་གོ་སྐབས་མི་སྤྲོད་པ། མ་ཟད་ནང་མི་ཚོའང་བཙོན་ཁང་དུ་ཐུག་འཕྲད་ཀྱི་གོ་སྐབས་ཚུལ་བཞིན་མི་སྟེར་བ་སོགས་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བའི་གནད་དོན་ཚབས་ཆེན་ཞིག་ཏུ་གྱུར་ཡོད། ལྷག་པར་དུ་ཁོང་གི་བདེན་དོན་རྩོད་མཁན་གྱི་སྤུན་མཆེད་མགོན་པོ་སྐྱིད་དང་རྡོ་རྗེ་ཚེ་བརྟན་སོགས་ཀྱིས་སྔ་ཕྱིར་ཞུ་སྐུལ་ཧ་ཅང་མང་པོ་བྱས་ཀྱང་རྒྱ་གཞུང་གིས་ཡ་ལན་ཡག་པོ་སྟེར་མེད། མཐར་ཁོང་རྣམས་འུ་ཐུག་ཐབས་ཟད་དེ་དུས་ཚོད་བསྟུན་མར་བོད་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་རང་གི་སྒོ་ཁར་བུད་དེ་ཞི་རྒོལ་བྱེད་འགོ་བཙུགས་ཡོད་པ་མ་ཟད་ཡོངས་ཁྱབ་ཀྱི་འཕྲིན་ཡིག་དང་སྐད་ཆའི་ལམ་ནས་རྡོ་རྗེ་བཀྲ་ཤིས་ལ་མ་ཉེས་ཁག་གཡོག་བྱས་པའི་སྔ་ཕྱིའི་བརྒྱུད་རིམ་དང་འགན་ཡོད་འགོ་ཁྲིད་ཚོ་ཡང་ཐེར་འདོན་བྱས་ཡོད། 

ཡིན་ན་ཡང་རྒྱ་ནག་གཞུང་གིས་སྡིག་པ་མིག་བཙུམས་བྱས་ཏེ་ཁོང་ཅག་གི་དགོས་འདུན་ལ་སྣང་མེད་བྱེད་པ་མ་ཟད་ཁྲིམས་མེད་ལུགས་མེད་ཀྱི་སྒོ་ནས་ཁོང་ཅག་གི་ཞི་རྒོལ་ལ་འགོག་རྐྱེན་བཟོས་ཏེ་འཇུ་བཟུང་བཀག་སྐྱིལ་དང་འཇིགས་སྐུལ་བྱེད་པ་བཅས་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྨྲ་བརྗོད་རང་དབང་སོགས་དང་ཐད་ཀར་འགལ་བ་ཡིན་པས་རྒྱ་གཞུང་གིས་ཁོང་གཅེན་གཅུང་རྣམ་པའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཚམས་བཞག་སྟེ་ཁོང་ཅག་གི་དགོས་འདུན་ལ་བདག་སྤྲོད་བྱ་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། 

to top