ཉེ་ཆར་རྒྱ་གཞུང་ཉེན་རྟོག་པས་བཀག་ཉར་ཁང་ནང་དུ་བོད་མི་ཞིག་ལ་གཅར་རྡུང་ཚད་ལས་བརྒལ་བ་བཏང་སྟེ་འདས་གྲོངས་སུ་གྱུར་རྗེས། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟར་དྲང་བདེན་ཐག་གཅོད་མ་བྱས་པར། ནང་མིར་དངུལ་གྱི་བསླུ་བྲིད་བྱས་ཏེ་གནད་དོན་ལས་གཡོལ་ཐབས་བྱས་ཡོད་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༧ ཉིན་གྱི་མཚན་མོར། རྒྱ་གཞུང་གིས་ད་ལྟའི་བོད་ས་བཅད་བགོས་ཀྱི་ས་ཁོངས་ལྟར་བྱས་ན། ཟི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་རང་སྐྱོང་ཁུལ་ཁྱུང་མཆུ་རྫོང་རྨེ་བ་ཞང་། སྨད་གྲོང་ཚ་མགོ་སྡེ་བའི་རང་ལོ་ ༣༣ ཡིན་པའི་བོད་མི་མགུར་གྲགས་ལགས་ལ། ས་གནས་རྨེ་བ་ཞང་གི་ཉེན་རྟོག་མགོ་གཙོ་རིན་ཆེན་གཙོས་ཉེན་རྟོག་པ་འགས་གཅར་རྡུང་ཚད་ལས་བརྒལ་བ་བཏང་སྟེ་དམར་གསོད་བཏང་ཡོད་འདུག
དོན་རྐྱེན་དེའི་བྱུང་རིམ་ནི། སྡེ་བའི་མི་ཚང་ཞིག་གིས་མགུར་གྲགས་ཀྱིས་བརྐུ་བྱས་པར་དོགས་ཏེ། རྨེ་བ་ཞང་གི་ཉེན་རྟོག་པར་ཞུ་གཏུགས་བྱས་པར་བརྟེན། ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༥ ཡས་མས་ཤིག་ལ་རྨེ་བ་ཞང་ཉེན་རྟོག་པས་བོད་མི་མགུར་གྲགས་ལགས་བཀག་ཉར་འདྲི་གཅོད་བྱེད་མགོ་བརྩམས་ཡོད་པ་དང་། མགུར་གྲགས་ལགས་ཀྱིས་བརྐུ་བྱས་པའི་ཉེས་འཛུགས་ངོས་ལེན་མ་བྱས་པར་བརྟེན། ཕྱི་ཚེས་ ༧ ཉིན་གྱི་དགོང་མོ་ཉེན་རྟོག་དཔོན་རིན་ཆེན་གཙོས་ཉེན་རྟོག་པ་འགས་གཅར་རྡུང་ཚད་ལ་བརྒལ་བ་བཏང་མཐར་ཁོ་དྲན་མེད་དུ་བརྒྱལ་ཡོད་པ་དང་། རྟོག་པ་དེ་ཚོས་དགོང་མོ་དེར་མགུར་གྲགས་ལགས་སྨན་དུ་ཁྱེར་ཡོད་ཀྱང་། སྨན་ཁང་དུ་སླེབས་དུས་ཁོ་འདས་གྲོངས་ཕྱིན་ཚར་ཡོད་འདུག
རྗེས་སུ་ཉེན་རྟོགས་པས་མགུར་གྲགས་ལགས་གཅར་རྡུང་འོག་འདས་གྲོངས་ཕྱིན་པའི་དོན་དངོས་གནས་ཚུལ་སྦ་གསང་བྱ་ཆེད། ཁོའི་ཕུང་པོ་ཕྱིར་བཀག་ཉར་ཁང་དུ་བཞག་སྟེ། སྐ་རགས་ཤིག་དང་ཅ་དངོས་འགའ་གྲ་སྒྲིག་བྱས་མཐར། ཕྱི་ཚེས་ ༩ ཉིན་གྱི་ཞོགས་པར་ཁོའི་ནང་མི་ལ་བརྡ་བརྒྱབ་སྟེ། མགུར་གྲགས་ཀྱིས་རང་ཤུ་བརྒྱབ་སྟེ་གྲོངས་ཡོད་སྐོར་རྫུན་སྒྲོག་བྱས་ཡོད་པ་རེད།
ནང་མི་ཉེ་འབྲེལ་རྣམས་རྨེ་བ་ཞང་ཉེན་རྟོག་ཁང་དུ་སོང་ནས། མགུར་གྲགས་ལགས་ཀྱི་ཕུང་པོ་ཕྱིར་ཁྱེར་ཡོང་རྗེས། ཁོ་རང་ཤུ་བརྒྱབ་ཡོད་མེད་ཐད་དོགས་པ་སྐྱེས་ཏེ། སྡེ་བའི་ནང་གི་སྨན་པ་སོགས་ལ་བརྟག་དཔྱད་བྱེད་བཅུག་མཐར། ཁོ་ལ་གཅར་རྡུང་ཚད་མེད་བཏང་བར་བརྟེན་ནས་འདས་གྲོངས་ཕྱིན་པ་ཤེས་རྟོགས་བྱུང་འདུག སྐབས་དེར་སྡེ་བའི་མང་ཚོགས་ ༥༠༠ ལྷག་ཉེན་རྟོག་ཁང་དུ་བསྐྱོད་དེ། ཉེན་རྟོག་པས་མི་དམར་གསོད་བཏང་བར་ངོ་རྒོལ་བྱས་ཐོག ཉེན་རྟོག་དཔོན་རིན་ཆེན་ཁྲིམས་ལ་སྦྱར་ཏེ་སྲོག་ཐོག་གཏོང་དགོས་པ་སོགས་བརྗོད་དེ། ཉེན་རྟོག་དཔོན་རིན་ཆེན་གང་སར་བཙལ་ཡོད་ཀྱང་། ཁོ་སྔ་ནས་བྲོས་ཕྱིན་ཡོད་སྟབས་མང་ཚོགས་ཀྱིས་རྙེན་སོན་བྱུང་མེད་པ་རེད། སྐབས་དེར་མང་ཚོགས་ཀྱིས་སེམས་སྡུག་མ་ནོན་པར་ཉེན་རྟོག་ཁང་གི་རླངས་འཁོར་དང་སྒེའུ་ཁུང་འགའ་ཤས་གཏོར་ཡོད་པ་མ་ཟད། རིན་ཆེན་ཁྲིམས་ལ་སྦྱར་ཏེ་ཐག་གཅོད་ཡག་པོ་མ་བྱས་ཚེ། གནད་དོན་ཆེན་པོ་བཟོ་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག
རྗེས་སུ་ཉིན་དེར་ཁྱུང་མཆུ་རྫོང་ནས་འབྲེལ་ཡོད་མི་སྣ་རྨེ་བ་ཞང་དུ་ཡོང་སྟེ། མགུར་གྲགས་ལགས་ཉེན་རྟོག་པས་གཅར་རྡུང་འོག་འདས་གྲོངས་ཕྱིན་པ་ངོས་ལེན་བྱས་ཐོག རྒྱ་སྒོར་ཁྲི་ ༥༥ མགུར་གྲགས་ཀྱི་ནང་མིར་སྤྲད་དེ་གནད་དོན་ལྷིང་འཇགས་བཟོས་འདུག སྐབས་དེར། མགུར་གྲགས་ཀྱི་ནང་མིས་ཁྲིམས་ལུགས་གཞིར་བཟུང་ཉེན་རྟོག་དཔོན་རིན་ཆེན་བཙོན་འཇུག་དགོས་པའི་རེ་འདུན་བཏོན་ཡོད་ནའང་། རྒྱ་གཞུང་གི་འབྲེལ་ཡོད་དཔོན་རིགས་ནས་ཉེན་རྟོག་དཔོན་རིན་ཆེན་ལ་ཁྲིམས་ཐག་གཅོད་རྒྱུ་ཧ་ཅང་ཁག་པོ་ཡིན་ཚུལ་དང་། རྗེས་ཕྱོགས་ཁོའི་གོ་གནས་མར་ཕབ་ཀྱི་ཡིན་སྐོར་བརྗོད་དེ། མགུར་གྲགས་ཀྱི་ནང་མིའི་རེ་བ་དང་ལེན་བྱས་མེད་པ་རེད།
མ་གཞི་བོད་པའི་གཞི་རིམ་ཞང་འབྲོག་ཁུལ་ཏུ་མང་ཚོགས་ལ་ཁྲིམས་ལུགས་ཀྱི་ཤེས་བྱ་ཞན་པོ་ཡོད་སྟབས། རྒྱ་གཞུང་གིས་ནམ་རྒྱུན་ཁྲིམས་མཐུན་མ་ཡིན་པའི་ཐོག་ནས། བོད་རིགས་གཞི་རིམ་མང་ཚོགས་རྣམས་ལ་ཁྲིམས་མཐུན་གྱི་བརྒྱུད་རིམ་གང་ཡང་མེད་པའི་ཐོག་ནས། གང་བྱུང་འཇུ་བཟུང་བཀག་ཉར་གྱིས་གཅར་རྡུང་འདྲི་གཅོད་དང་། ཉེན་རྟོག་སྡེ་ཁག་རང་གི་ངོས་ནས་ལོ་འགའ་ཤས་ཀྱི་ཁྲིམས་ཐག་བཅད་དེ་ངལ་རྩོལ་སློབ་གཅུན་ཁང་(ལའོ་ཅའོ)དུ་གཏོང་བཞིན་ཡོད་པ་མ་ཟད། རྒྱ་གཞུང་གི་དཔོན་རིགས་ཀྱིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་རིགས་མཐའ་དག་འགེབས་སྲུང་བྱས་ཏེ། ས་གནས་བོད་རིགས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་རྡོག་རོལ་གཏོང་བཞིན་ཡོད།
ཐེངས་འདིར་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཁྱུང་མཆུ་རྫོང་རྨེ་བ་ཞང་གི་ཉེན་རྟོག་པས་བོད་མི་མགུར་གྲགས་ལགས་ལ་བཀག་ཉར་འདྲི་གཅོད་སྐབས། ཚད་ལས་བརྒལ་བའི་གཅར་རྡུང་དྲག་པོ་བཏང་སྟེ་དམར་གསོད་བཏང་བ་དེ་ནི། རྒྱ་ནག་གི་བཅའ་ཁྲིམས་དང་ཉེས་ཁྲིམས་ལ་འགལ་བའི་ཉེས་དོན་གྱོད་གཞི་ཞིག་ཆགས་ཡོད་ནའང་། ས་གནས་རྒྱ་གཞུང་གིས་ནག་ཉེས་ཅན་གྱི་ཉེན་རྟོག་དཔོན་དེར་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་མ་བྱས་པར། ཉེས་ཅན་པའི་རྒྱབ་རྩར་ལངས་ཏེ་ཤེས་བཞིན་དུ་རྒྱ་གཞུང་རང་ཉིད་ཀྱིས་གཏན་ལ་ཕབ་པའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་བསམ་བཞིན་དུ་རྡོག་རོལ་བཏང་ཡོད་པ་འདིས། རྒྱ་གཞུང་བཅའ་ཁྲིམས་ནང་༼ཁྲིམས་ཀྱི་མདུན་སར་མི་ཚང་མ་འདྲ་མཉམ་ཡིན།༽ཞེས་པ་བཀོད་ཡོད་པ་དེ་ནི་ཚིག་སྟོང་བ་ཙམ་ཡིན་མ་ཟད། དོན་གྱིས་རྒྱ་གཞུང་གི་ཁྲིམས་ལུགས་ཁག་ནང་བཀོད་པའི་ཐོབ་ཐང་རྣམས་ནི། རྒྱ་གཞུང་དཔོན་རིགས་ཚོའི་ཁེ་ཕན་སྲུང་བྱེད་ཁོ་ན་ཙམ་ལས། མི་དམངས་ཀྱི་ཁེ་དབང་སྲུང་སྐྱོབ་ཆགས་མེད་པ་བདེན་པ་ར་སྤྲོད་བྱས་ཡོད།
ཉེན་རྟོག་པའི་གཅར་རྡུང་འོག་འདས་གྲོངས་སུ་ཕྱིན་མཁན་མགུར་གྲགས་ལགས་ནི། ཁྱུང་མཆུ་རྫོང་རྨེ་བ་ཞང་སྨད་གྲོང་ཚ་མགོ་སྡེ་བའི་ཡིན་པ་དང་། ད་ལྟ་ཁོ་ལོ་ ༣༣ ཡིན་འདུག ཁོ་ལ་བྱིས་པ་བུ་བུ་མོ་གཉིས་ཡོད་པའི་ནང་ནས། ཆེ་བ་ལོ་ ༡༦ ཅན་གྱི་བུ་མོ་ད་ལྟ་རྨེ་བ་ཞང་དུ་སློབ་གྲྭར་འགྲོ་བཞིན་ཡོད་པ་དང་། ཆུང་བ་ལོ་ ༩ ཅན་གྱི་བུ་དེའི་རྐང་ལག་ནད་པ་ཡིན་སྟབས་སློབ་གྲྭར་བསྐྱོད་མ་ཐུབ་པར་ནང་དུ་ལྷག་ཡོད། མགུར་གྲགས་ཀྱི་ཕའི་མིང་ལ་རིག་ལོ་ཟེར་གྱི་ཡོད་འདུག
རྒྱ་གཞུང་གིས་མགུར་གྲགས་ལ་གཅར་རྡུང་ཚད་ལ་བརྒལ་བ་བཏང་སྟེ་དམར་གསོད་གཏོང་མཁན། རྨེ་བ་ཞང་གི་ཉེན་རྟོག་དཔོན་རིན་ཆེན་ཁྲིམས་ལུགས་གཞིར་བཟུང་འཇུ་བཟུང་བྱས་མེད་པ་མ་ཟད། ད་ལྟའི་ཆར་ཁོའི་གོ་གནས་ལའང་འགྱུར་བ་གང་ཡང་བཏང་མེད་པ་རེད།