ཉེ་ཆར་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་ཝེ་པའོ་ཞེས་པའི་སྟེང་། བོད་ཀྱི་ས་ཁུལ་གཉིས་ནང་སྔ་ཕྱིར་རྒྱ་གཞུང་སྐོར་སྲུང་ཉེན་རྟོག་དམག་མིས་ཆང་འཐུང་རྗེས། བོད་མི་ཚོར་གང་བྱུང་གཅར་རྡུང་དྲག་པོ་བཏང་བ་མ་ཟད། ལུས་སྟེང་དུ་གཅུན་བཏང་སྟེ་བརྙས་བཅོས་དང་དམའ་འབེབས་སོགས་བྱས་པའི་གནས་ཚུལ་བརྒྱུད་བསྒྲགས་བྱས་ཡོད་པ་དང་། གནས་ཚུལ་ཏེ་བྱུང་རྗེས་སྤྱི་ཚོགས་དྲ་རྒྱ་ཁག་ནང་། བོད་རིགས་མང་ཚོགས་ཀྱི་ངོས་ནས་རྒྱ་དམག་གི་ཁྲིམས་འགལ་བྱ་སྤྱོད་དེར་སྐྱོན་བརྗོད་དང་། འབྲེལ་ཡོད་རྒྱ་གཞུང་སྡེ་ཁག་གིས་ཐག་གཅོད་ནན་མོ་གནང་དགོས་པའི་འབོད་སྐུལ་ཤུགས་ཆེན་གནང་ཡོད་བཞིན་ཡོད་པ་རེད། ཡིན་ནའང་། དེའི་སྐོར་གྱི་གནས་ཚུལ་ཁག་ཅིག་དྲ་རྒྱའི་སྟེང་ནག་བསུབ་བཏང་སྟེ་བཀག་སྡོམ་བྱས་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། གནས་རྒྱ་གཞུང་དབུས་རྒྱལ་ཁབ་ལུས་རྩལ་སྡེ་ཁག་གིས་ཆོག་མཆན་སྤྲད་པ་དང་རྒྱ་ནག་མདའ་རྩེད་མཐུན་ཚོགས་ཀྱིས་གཙོ་སྒྲུབ་འོག མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་གཅན་ཚ་རྫོང་བཅས་རིམ་པ་སོ་སོའི་ས་གནས་སྲིད་གཞུང་གིས་འགན་ལེན་གྱིས་སྒྲུབ་བཞིན་པའི། ༼༢༠༡༤ ལོའི་གཅན་ཚའི་མདའ་རྩེད་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་འགྲན་ཚོགས་དང་མདའ་སྟོན་རིག་གནས་དུས་ཆེན་སྐབས་གསུམ་པ༽ཞེས་པ་དེ། ད་ལོའི་ཕྱི་ཟླ ༩ ཚེས་ ༡༠ ནས་ ༡༣ བར་གྱི་ཉིན་བཞིའི་རིང་གཅན་ཚའི་མར་ཁུ་ཐང་གྲོང་རྡལ་དུ་ཚོགས་པ་ལྟར། ཕྱི་ཚེས་ ༡༡ ཉིན་གྱི་རྩེད་འགྲན་གྲུབ་རྗེས་རྩེད་ཐང་དུ་མང་ཚོགས་འདུ་འཛོམས་ཀྱིས་མཚན་ཚོགས་འཚོགས་བཞིན་པའི་སྐབས། ཉེས་དོན་ཉེན་རྟོག་དམག་མི་ཁག་ཅིག་གིས་ཆང་འཐུང་རྗེས་ཚོགས་རར་ཡོང་སྟེ། དེར་འདུས་མང་ཚོགས་ཚང་མས་ཁོ་ཚོར་ཆང་འདྲེན་དགོས་པ་དང་། དེ་ལྟར་མ་བསྒྲུབ་ཚེ་མཚན་ཚོགས་གྲོལ་འཇུག་གི་ཡིན་པའི་བཙན་གཏམ་བཤད་ཡོད་འདུག
སྐབས་དེར་གཅན་ཚ་རྫོང་གི་ཚོང་བ་དབང་ཕྱུག་གི་ཕུ་བོས། རྒྱ་གཞུང་གི་བཅའ་ཁྲིམས་དོན་ཚན་གང་ཞིག་ཏུ་ཉེན་རྟོག་དམག་མིར་ཆང་མ་དྲངས་ཚེ་བྱ་འགུལ་མཚམས་འཇོག་དགོས་པ་གཏན་ལ་ཕབ་ཡོད་པ་རེད་དམ། མི་དམངས་མང་ཚོགས་ཀྱིས་སོ་སོའི་ངོས་ནས་ཟ་མ་བཟའ་དང་ཆང་འཐུང་བ་ཡིན་ནའང་ཁྲིམས་འགལ་ཆགས་ཀྱིན་ཡོད་པ་རེད་དམ། ཞེས་ཉེན་རྟོག་དམག་མི་ཚོར་ཕར་དོགས་འདྲི་བྱས་པར། རྒྱ་གཞུང་ཉེན་རྟོག་དམག་མི་ཚོས་དེ་མ་ཐག་ཁོ་ལ་གཅར་རྡུང་བཙན་ཁྲིད་ཀྱིས་སྐོར་སྲུང་རླངས་འཁོར་ནང་བཅུག་ཡོད་པ་དང་། ཚོང་པ་དབང་ཕྱུག་གིས་གནས་ཚུལ་དེ་མཐོང་རྗེས་ཁོའི་ཕུ་བོར་ནག་ཉེས་གང་ཡང་མེད་པར་འཇུ་བཟུང་དགོས་མིན་ཐད་གནས་ལུགས་བཤད་པ་དང་། དབང་ཕྱུག་གིས་མགྲོན་འབོད་ཀྱིས་མདའ་རྩེད་ལ་ལྟ་རུ་ཡོང་བའི་གྲོགས་པོ་བསྟན་འཛིན་རིན་ཆེན་གྱིས་ཕན་ཚུན་ཕྱོགས་གཉིས་ཀྱིས་བཟོད་སྒོམ་དགོས་པའི་སྐུལ་མ་བཅས་གཏོང་སྐབས། ཉེན་རྟོག་དམག་མི་ཚོས་དམིགས་བསལ་ཉེན་རྟོག་པར་བརྡ་བཏང་སྟེ། དབང་ཕྱུག་དང་ཁོའི་ཕུ་བོ། བསྟན་འཛིན་རིན་ཆེན་གསུམ་མཉམ་དུ་ཉེན་རྟོག་པའི་སྐོར་བསྐྱོད་རླངས་འཁོར་ནང་བླུགས་ཏེ་བཙན་འཁྲིད་བྱས་ཡོད་འདུག
ཁོང་གསུམ་བཙན་ཁྲིད་ཀྱིས་གཅན་ཚ་རྫོང་དུ་བསྐྱོད་པའི་ལམ་བར་ནས། དམིགས་བསལ་ཉེན་རྟོག་པ་ ༢༠ ལྷག་གིས་ཁོང་ཚོར་བརྙས་བཅོས་དམའ་འབེབས་དང་གཅར་རྡུང་དྲག་པོ་བཏང་མཐར། གཅན་ཚ་རྫོང་ལྟ་སྲུང་ཁང་ནང་བཅུགས་པ་མ་ཟད། མཚན་མོ་ཡང་བསྐྱར་ཉེན་རྟོག་པ་ ༨ ཀྱིས་ལྦུ་ཆང་སྒམ་གང་ཁྱེར་ཡོང་སྟེ། ལྟ་སྲུང་ཁང་གི་འགྲམ་ནས་ཆང་འཐུང་ཞོར་ཏུ། བོད་མི་དེ་གསུམ་གནམ་འདེགས་བརྒྱབ་རྗེས་ཁོང་ཚོའི་རྩིབ་རུས་གཡས་གཡོན་དང་པུས་མོའི་རུས་ཚིག་བཅས་ཀྱི་སྟེང་ལ། ཆང་འཐུང་ཚར་རྗེས་ཀྱི་ཤེལ་དེམ་སྟོང་བས་ཤུགས་ཀྱིས་གཞུས་ཏེ་དམ་བུ་རྣམས་བཅག་པ་སོགས། མི་སྤྱོད་ལས་འདས་པའི་གཅར་རྡུང་དྲག་པོ་བཏང་མཐར། གནམ་བཏེགས་གློད་དེ་སར་སྟེང་དུ་གཡུགས་ནས་ལུས་སྟེང་དུ་གཅུན་པ་བཏང་སྟེ་བརྙས་བཅོས་ཚད་མེད་བྱས་པ་མ་ཟད། ཁོ་ཚོར་བཙན་གྱིས་མཛུབ་ཐེལ་མནན་བཅུག་སྟེ་གནས་ཚུལ་རྫུན་བཟོ་བྱས་རྗེས། ཉེན་རྟོག་པ་དེ་ཚོས་ཁོང་གསུམ་ལ་འཕྱ་དགོད་བྱེད་ཞོར་སོ་སོའི་སར་གྱེས་ཡོད་འདུག
ཕྱི་ཚེས་ ༡༢ ཉིན་གྱི་ཞོགས་པར་ལྟ་སྲུང་ཁང་གི་ཉེན་རྟོག་པས་བསྟན་འཛིན་རིན་ཆེན་སར་འགྱེལ་ཏེ་གནས་སྟངས་ཛ་དྲག་ཆགས་ཡོད་པ་མཐོང་རྗེས། རྨ་ལྷོ་ཁུལ་གྱི་སྨན་ཁང་དུ་བསྐྱལ་ཡོད་པ་དང་། ཁུལ་སྨན་ཁང་གིས་རྨས་སྐྱོན་ཚབ་ཆེན་ཕོག་སྟེ་མྱུར་སྐྱོབ་དཀའ་ཤེས་ནས། ཚེས་ ༡༣ ཉིན་ཟི་ལིང་གྲོང་ཁྱེར་གྱི་རྒྱ་གྲམ་དམར་པོའི་སྨན་ཁང་དུ་བསྐྱལ་ཡོད་འདུག རྒྱ་གྲམ་དམར་པོའི་སྨན་ཁང་གིས་བརྟག་དཔྱད་བརྒྱུད་ཤེས་རྟོགས་བྱུང་དོན། བསྟན་འཛིན་རིན་ཆེན་གྱི་གཡས་ཕྱོགས་ཀྱི་རྩིབ་མ་བདུན་པ་ནས་དགུ་བའི་བར་དང་། གཡོན་ཕྱོགས་ཀྱི་རྩིབ་མ་བཅུ་པ་ནས་བཅུ་གཉིས་ཀྱི་བར་བཅས་ཁྱོན་བསྡོམས་རྩིབ་མ་ ༦ བཅག་ཡོད་པ་དང་། གཡས་ཕྱོགས་ཀྱི་དཔྱི་མིག་རུས་པ་ཆགས་ཧྲིལ་ཚབ་ཆེན་བཟོས་ཏེ་རུས་པའི་ནང་ཁྲག་ལུད་པ་སོགས། ལུས་ཧྲིལ་བོ་འགུལ་དཀྱོགས་མེད་པར་ཆགས་ཡོད་འདུག
རྒྱ་གྲམ་དམར་པོའི་སྨན་ཁང་གིས་གཟའ་འཁོར་གཅིག་རིང་མྱུར་སྐྱོབ་སྨན་བཅོས་བྱས་མཐར། ཕྱི་ཟླ་ ༩ ཚེས་ ༢༠ ཉིན་གྱི་ཕྱི་དྲོ་གཅན་ཚ་རྫོང་གི་ཉེན་རྟོག་པ་རྒྱ་གྲམ་དམར་པོའི་སྨན་ཁང་ནང་ཡོང་སྟེ། བསྟན་འཛིན་རིན་ཆེན་བཙན་ཁྲིད་བྱས་ཡོད་པ་དང་། ཁོང་གི་ནང་མིས་ཕྱི་ཚེས་ ༢༡ ཉིན་ད་གཟོད་གཅན་ཚ་སྨན་ནང་ཁྱེར་ཡོད་པ་ཤེས་རྟོགས་བྱུང་འདུག དེར་མ་ཟད་རྒྱ་གཞུང་ཉེན་རྟོག་པས་རྨས་མ་སྨན་ཁང་ནས་ཕྱིར་རང་ཁྱིམ་དུ་འཁྲིད་དགོས་སྐོར་བརྗོད་ཡོད་འདུག
ཡིན་ནའང་། ཁོང་གི་ནང་མིས་བསྟན་འཛིན་རིན་ཆེན་ད་ལྟའི་ཆར་འཆི་ལ་ཉེ་བའི་གནས་སྟངས་འོག་ཡོད་སྟབས། ཁོང་གི་ཚེ་སྲོག་གི་འགན་སུ་ཀྱང་འཁུར་དཀའ་བའི་གནས་ལུགས་བརྗོད་དེ། སྨན་ཁང་ནས་ཕྱིར་རང་ཁྱིམ་དུ་ལོག་རྒྱུ་ངོས་ལེན་བྱས་མེད་པ་རེད།
དེ་བཞིན། བསྟན་འཛིན་རིན་ཆེན་གྱི་ནང་མིའི་ངོས་ནས་འབྲེལ་ཡོད་ས་གནས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་གསུམ་བཏོན་ཡོད་པ་ནི། གཅིག ཁོང་གི་གཟུགས་པོ་ཞ་འཁུམ་དུ་འགྱུར་ཉེན་ཆེ་བས་ཕྱིར་ཞིང་ཆེན་གྱི་སྨན་ཁང་དུ་ཁྲིད་དེ་སྨན་བཅོས་བྱེད་དགོས་པ། གཉིས། གཅན་ཚ་རྫོང་ཉེན་རྟོག་ཁང་གི་ཁྲིམས་འགལ་ཉེན་རྟོག་པ་དེ་དག་ལ་ཐག་གཅོད་ནན་མོ་བྱེད་དགོས་པ། གསུམ། གནོད་འཚེ་ཕོག་མཁན་མི་སྒེར་དང་ནང་མི་བཅས་བློ་ཡིད་ཚིམ་པའི་ཐག་གཅོད་ཡག་པོ་ཞིག་མ་བྱས་ཚེ། རྗེས་ཕྱོགས་ཀྱི་མཇུག་འབྲས་ཡོད་ཚད་ཀྱི་འགན་ཚ་ཚང་གཅན་ཚ་རྫོང་ཉེན་རྟོག་ཁང་གིས་འཁུར་དགོས་པ་བཅས་ཡིན་འདུག དེ་བཞིན་ཝེ་པའོ་དྲ་བའི་སྟེང་དྲ་གྲོགས་མང་པོ་ཞིག་གིས། གསར་འགྱུར་བརྒྱུད་ལམ་དང་གོང་རིམ་མགོ་ཁྲིད་ཀྱིས་གནད་དོན་དེར་དོ་སྣང་གནང་དགོས་པ་དང་། འབྲེལ་ཡོད་མགོ་ཁྲིད་དག་ལ་ཉེས་ཆད་གཅོད་དགོས་པའི་འབོད་སྐུལ་ཞུས་འདུག
དེ་བཞིན། རྒྱ་གཞུང་ཉེན་རྟོག་དམག་མིས་ཆང་འཐུང་སྟེ་བོད་མི་མང་ཚོགས་ལ་གང་བྱུང་གར་རྡུང་བྱས་པའི་གནས་ཚུལ་གཞན་ཞིག་ལ།
༢༠༡༤ ཕྱི་ཟླ་ ༢༢ ཉིན་མཚན་མོར། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་དུ། ས་གནས་རྫོང་གི་ཉེན་རྟོག་དམག་མི་ ༢༠ ནས་ ༣༠ ཙམ་གྱིས་ཆང་འཐུང་རྗེས། ས་གནས་བོད་རིགས་གཞོན་སྐྱེས་ ༤ ལ་ཉེས་རྡུང་དྲག་པོ་བཏང་ཡོད་པ་རེད། ས་གནས་མང་ཚོགས་ཀྱིས་སྤྱི་ཚོགས་དྲ་ལམ་ཁག་ཏུ་བརྗོད་པ་ལྟར་ན། ཉེན་རྟོག་དམག་མི་ཚོས་གཞུང་ལམ་གྱི་ཕྱོགས་གཉིས་ནས་ལམ་ཁ་བཀག་རྗེས། བོད་མི་གཞོན་སྐྱེས་བཞི་པོ་དེའི་མཐའ་སྐོར་ནས་དྲག་རྡུང་བྱས་ཡོད་འདུག བོད་མི་གཞོན་སྐྱེས་དེ་དག་གིས་ཁྱོད་ཚོས་ནམ་རྒྱུན་སྒྲོག་གིན་པའི་མི་དམངས་ཀྱི་བུ་སྤུན་དམག་ཅེས་པ་འདི་ལྟར་སྒྲུབ་ཀྱིན་ཡོད་དམ། དོན་དངོས་ཐོག་ཁྱོད་ཚོས་ཆུ་དམར་ལེབ་མི་དམངས་ལ་ཞབས་འདེགས་ག་རེ་སྒྲུབ་མྱོངས། དམག་མི་འདི་ཚོ་ནི་དངོས་གནས་ཁྱི་ཚོགས་ཤིག་དང་འདྲ་བས། འབྲེལ་ཡོད་སྡེ་ཁག་གིས་ང་ཚོར་སྤྱི་སྙོམས་དྲང་བདེན་གྱི་ཐག་གཅོད་ཅིག་གནང་དགོས་ཞེས་འབོད་སྐུལ་ཞུས་ཡོད་འདུག
དྲ་གྲོགས་ཤིག་གིས་མདང་ནུབ་ཆུ་དམར་ལེབ་རྫོང་དྲག་ཆས་སྐོར་སྲུང་རུ་ཁག་དང་པོའི་དམག་མིས་ཆང་འཐུས་རྗེས་མང་ཚོགས་ལ་གཅར་རྡུང་བྱས་སོང་། བླ་མ་མཁྱེན། འདི་ཚོར་མི་སེམས་ཟེར་བ་ཞིག་མི་འདུག ཅེས་བརྗོད་ཡོད་པ་རེད། ཡིན་ནའང་། གོང་གསལ་དོན་རྐྱེན་དེ་གཉིས་དང་འབྲེལ་བའི་དྲ་ཐོག་གི་གནས་ཚུལ་དང་པར་རིས་ཁག་ཅིག ད་ལྟའི་ཆར་ནག་བསུབ་བཏང་སྟེ་བཀག་སྡོམ་བྱས་འདུག
ཉེན་རྟོག་དམག་མི་དེ་དག་གི་བྱ་སྤྱོད་ནི་རྒྱ་གཞུང་གི་ཉེས་ཁྲིམས་ལྟར་ན། ༼སྤྱི་དམངས་ཀྱི་ཐོབ་ཐང་དང་ཚེ་སྲོག་བཙན་འཕྲོག༽དང་༼བསྙད་རྐོ་དམའ་འབེབས་༽བཅས་ཀྱི་ནག་ཉེས་བསགས་པ་ཞིག་ཆགས་ཡོད། ཉེས་ཁྲིམས་དོན་ཚན་ ༢༣༤ པའི་ནང་། བསམ་བཞིན་དུ་མི་གཞན་གྱི་ལུས་པོར་གནོད་སྐྱོན་བཟོས་ཚེ་ལོ་ ༣ མན་དང་། རྨས་སྐྱོན་ཚབ་ཆེན་ཕོག་ཚེ་ལོ་ ༣ ནས་ ༡༠ བར་དང་། མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་བ་དང་། ཡང་ན། རྐྱེན་འདས་སུ་ཕྱིན་རིགས་ལ་ལོ་ ༡༠ ནས་ཚེ་བཙོན་བར་གྱི་ཁྲིམས་ཐག་གཅོད་དགོས་པ་གཏན་ལ་ཕབ་ཡོད། དེ་བཞིན། ཉེས་ཁྲིམས་དོན་ཚན་ ༢༣༨ པའི་ནང་། ཁྲིམས་འགལ་ཐོག་མི་འཇུ་བཟུང་དང་མི་གཞན་གྱི་རང་དབང་འཕྲོག་པའི་བྱ་སྤྱོད་རིགས་ལ་ལོ་ ༣ མན་དང་། དེར་མ་ཟད་གཅར་རྡུང་དང་དམའ་འབེབས་རིགས་བྱས་ཚེ་ལོ་ ༣ ནས་ ༡༠ བར་དང་། རྨས་སྐྱོན་ཚབ་ཆེན་ཕོག་པ་དང་རྐྱེན་འདས་ཕྱིན་རིགས་ལ་ལོ་ ༡༠ ནས་ཚེ་བཙོན་བར་གྱི་ཁྲིམས་ཐག་གཅོད་དགོས་པ་གཏན་ལ་ཕབ་ཡོད་པ་རེད།