ཉེ་ཆར་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གྱི་ཁོངས་གཏོགས། ཁམས་སོག་རྫོང་ཙན་དན་དགོན་པའི་གྲྭ་དགེ་འདུན་གྲགས་པ་དང་ཆོས་དབྱིངས་སྐལ་ལྡན། ཁྲི་རྡོ་ཡུལ་ཚོའི་དྲིལ་མདའ་དགོན་པའི་གྲྭ་ཚངས་དབྱངས་རྒྱ་མཚོ་དང་ཚེ་དབང་། ཨ་ཚེ། རྒྱལ་མཚན་བཅས་གྲྭ་ ༦ སྔ་ཕྱིར་འཇུ་བཟུང་བཀག་ཉར་བྱས་ཡོད་པ་དང་། ཙན་དན་དགོན་པའི་གྲྭ་རྣམ་རྒྱལ་ཚུལ་ཁྲིམས་ལྟ་རྟོགས་བཀག་སྡོམ་འོག་ཡོད་འདུག དེ་བཞིན། ས་གནས་མི་མང་དང་གྲྭ་བཙུན་མང་པོར་གང་བྱུང་ཉེས་འདོགས་འོག་འབོད་འགུགས་འདྲི་གཅོད་བྱེད་བཞིན་ཡོད་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༤ ཉིན། ཁམས་སོག་རྫོང་ཙན་དན་དགོན་པའི་ནང་དུ་རྒྱ་གཞུང་གི་རྒྱལ་དར་མེར་སྲེག་བཏང་བ་མ་ཟད། དགོན་པར་བཅའ་སྡོད་ལས་བྱེད་ཀྱི་སྒོ་ངོས་སུ་“བོད་རང་བཙན་ཡིན”ཞེས་པའི་ཡི་གེ་བྲིས་པར་བརྟེན། རྒྱ་གཞུང་ཉེན་རྟོག་པས་དོགས་གཞིའི་འོག་གྲྭ་དགེ་འདུན་གྲགས་པ་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག གྲྭ་དགེ་འདུན་གྲགས་པ་ནི་སོག་རྫོང་གཡག་ལ་ཡུལ་ཚོའི་གཡང་ངེ་གྲོང་གི་གཡང་གཟིགས་ཚང་གི་ཡིན་པ་དང་། ད་ལྟ་ཁོང་རང་ལོ་ ༢༠ རེད་འདུག
དེ་བཞིན། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༦ ཉིན། སོག་རྫོང་ཙན་དན་དགོན་གྱི་གྲྭ་པ་ཆོས་དབྱིངས་སྐལ་ལྡན་ལགས་ཀྱིས། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྩོམ་ཡིག་ཅིག་འཕྲིན་ཐུང་བརྒྱུད་གྲོགས་པོ་ཚོ་དང་། དགོན་པའི་ནང་གི་ལས་དོན་འགོ་ཁྲིད་ཚོའི་ཁ་པར་ཐོག་བསྐུར་བར་བརྟེན། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག ད་ལྟའི་ཆར་ཁོང་གང་དུ་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་ཐུབ་པ་རེད། གྲྭ་ཆོས་དབྱིངས་སྐལ་ལྡན་ལགས་ནི་སོག་རྫོང་གཡག་ལ་ཡུལ་ཚོའི་གཡེག་གུ་གྲོང་གི་ལྷ་འཁྱིལ་ཚང་གི་ཡིན་པ་དང་། ད་ལྟ་ཁོང་རང་ལོ་ ༢༠ ཡིན་འདུག
ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༧ ཉིན་གྱི་མཚན་མོར། ཁམས་སོག་རྫོང་ཁྲི་རྡོ་ཡུལ་ཚོའི་དྲིལ་མདའ་དགོན་པའི་གྲྭ་ཚངས་དབྱངས་རྒྱ་མཚོ་དང་། ཚེ་དབང་། ཨ་ཚེ། རྒྱལ་མཚན་བཅས་རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་ཀྱིས་བཀག་ཉར་བྱས་ཡོད་འདུག
ཁོང་རྣམས་འཛིན་བཟུང་བྱེད་དགོས་དོན་དང་གང་དུ་བཀག་ཉར་བྱས་མིན་ཤེས་རྟོག་ཐུབ་ཀྱི་མེད་པ་རེད། ཁོང་ཚོའི་ཁྲོད་ནས་གྲྭ་ཚངས་དབྱངས་རྒྱ་མཚོ་ལགས་ནི་ཁྲི་རུ་དྲིལ་མདའ་དགོན་པའི་དབུ་མཛད་ལས་ཐོག་ཡིན་པ་དང་། གྲྭ་ཚེ་དབང་ལགས་དེ་སྔོན་ཡང་རྒྱ་གཞུང་གི་འཇུ་བཟུང་བྱས་མྱོང་ཡོད་འདུག
གཞན་ཡང་། ཙན་དན་དགོན་པའི་གྲྭ་པ་རྣམ་རྒྱལ་ཚུལ་ཁྲིམས་ལགས་ཀྱི་མ་རྒན་ན་ནས་དབང་པོ་སྐྱོན་ཅན་དུ་གྱུར་ཏེ་སྨན་བཅོས་ཆེད་ཁོང་རྒྱ་ནག་ཁྲི་འདུར་འགྲོ་དགོས་བྱུང་ཡོད་ཀྱང་། སོག་རྫོང་ཉེན་རྟོག་ཁང་གི་པ་སངས་དགྲ་འདུལ་གཙོས་པའི་ཉེན་རྟོག་པ་ཚོས་ནད་པ་སྨན་བཅོས་མ་ཚར་གོང་ནས། གྲྭ་རྣམ་རྒྱལ་ཚུལ་ཁྲིམས་ལགས་བཙན་དབང་ངང་ཕ་ཡུལ་དུ་འབོད་འགུག་བྱས་ཏེ། ཕྱིར་སོག་རྫོང་དུ་འབྱོར་རྗེས་ཉིན་ལྟར་གང་དུ་སོང་ཡང་ཉེན་རྟོག་མི་སྣ་ཚོས་རྗེས་འདེད་སུན་གཙེར་འོག་སྡོད་དགོས་པའི་གནས་སྟངས་ཆགས་ཡོད་འདུག
དེར་མ་ཟད། ད་ལྟའི་ཆར་སོག་ཙན་དན་དགོན་པའི་གྲྭ་པ་མང་པོ་ཞིག་ཉིན་ལྟར་རྒྱ་གཞུང་ཉེན་རྟོག་ཁང་ནང་དུ་འབོད་འགུག་བྱས་ཏེ། མ་ཉེས་ཁ་གཡོག་སྣ་ཚོགས་འོག་འདྲི་གཅོད་བཀག་ཉར་བྱེད་བཞིན་ཡོད་པ་དང་། དེ་བཞིན།
སོག་རྫོང་མི་མང་རྣམས་ཀྱི་ཁ་པར་ནང་གི་པར་རིས་དང་རྩོམ་ཡིག་སོགས་བསྙད་འདོགས་བྱེད་ས་རག་པ་ཙམ་གྱིས་གང་བྱུང་འཇུ་བཟུང་བཙན་འཁྲིད་ཀྱིས་བཀག་ཉར་མནར་གཅོད་གཏོང་བཞིན་ཡོད་འདུག ལྷག་པར་དུ་ཁྲི་རྡོ་ཡུལ་ཚོའི་གྲོང་ཚོ་ཁག་ནང་མི་མང་པོ་འཇུ་བཟུང་བྱས་ཡོད་ཀྱང་། ས་གནས་སུ་དྲ་རྒྱ་དང་ཁ་པར་སོགས་བརྒྱུད་ལམ་ཁག་ལ་བཀག་སྡོམ་ནན་མོ་བྱེད་བཞིན་པ་མ་ཟད། དམག་མི་དང་ཉེན་རྟོག་རླངས་འཁོར་མང་པོ་སླེབས་སྟེ། སྒར་རྒྱབ་ནས་གྲོང་ཚོ་ཕན་ཚུན་བར་འགྲུལ་ལམ་བཅད་ནས། གང་བྱུང་མང་ཚོགས་ལ་སྔོག་བཤེར་དང་དམ་དྲག་བྱེད་བཞིན་ཡོད་སྟབས། ཞིབ་ཕྲའི་གནས་ཚུལ་རྣམས་ཤེས་རྟོགས་ཐུབ་རྒྱུ་ཁག་པོ་ཆགས་ཡོད་འདུག