འདི་ག་ལྟེ་གནས་ཁང་གིས་ངོས་ནས། རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་འདས་རྐྱེན་ཐད་ལ། ཁོང་གི་ནང་མིས་དོགས་སློང་བྱས་པ་ལྟར་དྲང་བདེན་གྱི་སྒོ་ནས་ཞིབ་བཤེར་ཐག་གཅོད་དང་། རིན་པོ་ཆེའི་གདུང་ཐལ་ཕྱིར་ནང་མིར་གང་མགྱོགས་རྩིས་སྤྲོད་དགོས་པ་ནན་སྐུལ་ཞུ་བཞིན་ཡོད།
ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༧ ཚེས་ ༡༦ ཉིན་ནང་ཆུ་ཚོད་ ༧ ཙམ་ལ། ཟི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་གྱི་འདབས་འབྲེལ་ཏཱ་ཀྲུའུ་གྲོང་ཁྱེར་ཏཱ་ཀྲོག་རྫོང་དུ་ཡོད་པའི་ཁྲོན་ཏུང་བཙོན་ཁང་ནང་། བོད་རིགས་དགེ་འདུན་པ་གྲངས་ ༡༨ དང་སྤུན་གཉེན་གྲངས་ ༡༤ བཅས་བོད་མི་ ༣༢ རིན་པོ་ཆེའི་སྐུ་ཕུང་མཇལ་བར་ཁྲིད་དེ་ཁོང་ཚོ་སྐུ་ཕུང་ལ་མཇལ་བཅུག་རྗེས། རྒྱ་གཞུང་གིས་རིན་པོ་ཆེའི་སྐུ་ཕུང་གློག་འཕྲུལ་ཐོག་པུར་བསྲེགས་བྱེད་དུ་ཁྱེར་ཡོད་པ་དང་། སྐུ་ཕུང་ལ་མཇལ་ཁར་བཅར་མཁན་བོད་མི་དེ་ཕྱིར་འཕུད་བཏང་ཡོད་འདུག རིན་པོ་ཆེའི་གདུང་ཐལ་ཕྱིར་ནང་མིར་རེག་ཐབས་སུ་ནང་མི་ཉེ་འབྲེལ་མི་ ༤ ཡིས་དེ་གར་མུ་མཐུད་སྒུག་སྡོད་བྱས་ཡོད་ཀྱང་། ད་ལྟའི་བར་དུ་གདུང་ཐལ་ཕྱིར་ནང་མིར་རྩིས་སྤྲོད་བྱས་ཡོད་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག
རིན་པོ་ཆེའི་སྐུ་ཕུང་ལ་མཇལ་བར་བསྐྱོད་མཁན་ཚོས་བརྗོད་པ་ལྟར་ན། རིན་པོ་ཆེའི་ཞལ་མདངས་བཟང་བ་དང་དབུ་སྐྲ་དཀར་པོ་ཐ་འཐོར་ལས་མེད་པ། སྐུ་གཟུགས་ཀྱི་བབ་བཅས་ལ་བལྟས་ན་དེ་ཙམ་སྐུ་བགྲེས་མེད་པ་རེད། ཡིན་ནའང་། ཕྱག་སེན་དང་ཞལ་མཆུ་གཉིས་ནག་པོ་ཆགས་འདུག་པར་བལྟས་ན། རིན་པོ་ཆེ་ལ་དུག་དྲངས་ནས་གྲོངས་ཡོད་པའི་རྣམ་པ་འདུག་ཅེས་དོགས་སློང་བྱེད་བཞིན་ཡོད་འདུག
རྒྱ་གཞུང་གིས་རིན་པོ་ཆེ་སྐུ་གྲོངས་རྐྱེན་སྐོར་ལ་གསལ་བཤད་གང་ཡང་བྱས་མི་འདུག དེ་བཞིན། ནང་མིར་རིན་པོ་ཆེའི་སྐུ་ཕུང་ལ་བརྟག་དཔྱད་གང་ཡང་བྱེད་བཅུག་མེད་པ་རེད། ཐ་ན། སྨན་པས་བརྟག་དཔྱད་བྱས་པའི་དཔང་ཡིག་ཙམ་ཡང་སྟོན་རྒྱུ་མེད་པ་ཆགས་འདུག དེ་ལྟར་རིན་པོ་ཆེ་ནང་མི་རྣམས་ཀྱི་ཁོང་སྐུ་འཚོ་བཞུགས་ཐོག་མཇལ་རྒྱུའི་རེ་བ་སྟོང་བར་གྱུར་པ་མ་ཟད། ས་གནས་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་རིན་པོ་ཆེའི་སྐུ་ཕུང་ལ་མཇལ་རྒྱུའི་རེ་བ་དང་དགོས་འདུན་ཞུ་གཏུགས་མཐའ་དག་ཀྱང་འབྲས་མེད་དུ་གྱུར་ཡོད།
དེར་བརྟེན། འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་རྒྱལ་སྤྱིའི་སྒང་རྒྱ་ནག་ནི་ཁྲིམས་ཀྱིས་སྐྱོང་བའི་རྒྱལ་ཁབ་ཅིག་ཡིན་ཚུལ་སྒྲོག་བཞིན་པ་ལྟར། རྒྱ་གཞུང་རང་ཉིད་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ཁག་གཞིར་བཟུང་། རིན་པོ་ཆེའི་ནང་མི་གཉེན་འབྲེལ་དག་གིས་ཁོང་གྲོངས་རྐྱེན་ཐད་བརྟག་དཔྱད་བྱ་དགོས་པའི་ཞུ་གཏུགས་སྙན་ཞུ་ཕུལ་བ་ལྟར། རྒྱ་གཞུང་གིས་རིན་པོ་ཆེ་གྲོངས་རྐྱེན་གྱི་དོགས་གཞིའི་ཐད་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་སྒོ་ནས་དུས་འགྱངས་མི་བྱེད་པར་འཕྲལ་དུ་ཞིབ་བཤེར་བརྟག་དཔྱད་བྱ་དགོས་དང་། རིན་པོ་ཆེའི་འདས་རྗེས་ཚད་ལྡན་གྱི་སྨན་པས་སྐུ་ཕུང་ལ་བརྟག་དཔྱད་བྱས་པའི་ངོས་སྦྱོར་དཔང་ཡིག་རྣམས་ཁོང་གི་ནང་མིར་མཁོ་སྤྲོད་བྱ་དགོས། དེ་བཞིན། བཙོན་ཁང་གི་འབྲེལ་ཡོད་མི་སྣས་རིན་པོ་ཆེའི་གདུང་ཐལ་ཁོང་གི་ནང་མི་དང་དགོན་པ་གང་རུང་ལ་ངེས་པར་རྩིས་སྤྲོད་བྱ་དགོས་པ་བཅས་ནན་སྐུལ་བྱེད་བཞིན་ཡོད།
གཞན་ཡང་། རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་འདས་རྐྱེན་ནང་མིར་གསལ་ཁ་མ་བཟོས་པ་དང་། ནང་མིའི་ངོས་ནས་སྐུ་ཕུང་ཞུགས་འབུལ་དུས་འགྱངས་ཀྱི་དགོས་འདོན་ཡང་། དེར་ཉན་འཇོག་མ་བྱས་པར་བྲེལ་མྱུར་ངང་མེར་བསྲེགས་བ་བཏང་ཡོད། དེ་མིན། རིན་པོ་ཆེའི་ནང་མི་དང་དད་ལྡན་མང་ཚོགས་ཀྱིས་ཁོང་གི་གདུང་ཐལ་རྩིས་སྤྲོད་དགོས་པའི་རེ་སྐུལ་གྱིས་ངང་སྒུག་བྱས་ཏེ་བསྡད་ཡོད་ཀྱང་། རྒྱ་གཞུང་གིས་ད་ལྟའི་བར་གདུང་ཐལ་ནང་མིར་རྩིས་སྤྲོད་བྱས་མེད་པ་རེད། དེ་བཞིན། རྒྱ་གཞུང་གིས་རིན་པོའི་འདས་རྐྱེན་ཐག་གཅོད་ཀྱི་བརྒྱུད་རིམ་ཆ་ཚང་རྩིང་པོ་དང་གསང་བ། དུས་ཐུང་བྲེལ་མྱུར་ངང་སྒྲུབ་ཡོད་པའི་བྱ་སྤྱོད་ལ་བརྟེན་ནས། འདི་ག་ལྟེ་གནས་ཁང་གིས་རྒྱ་གཞུང་གི་བྱེད་བབས་ཐད་དོགས་སློང་བྱེད་བཞིན་ཡོད།
རྒྱ་གཞུང་གི་ <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙོན་ཁང་གི་བཅའ་ཁྲིམས>> ཞེས་པའི་དོན་ཚན་ ༥༥ པའི་ནང་། “ཉེས་ཅན་པ་བཙོན་འཇུག་གི་དུས་སྐབས་སུ་འདས་གྲོངས་ཕྱིན་པ་དག་ལ། བཙོན་ཁང་གིས་ངེས་པར་ཉེས་ཅན་པའི་ནང་མི་དང་མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་བཅས་དུས་ཐོག་བརྡ་སྦྱོར་གཏོང་དགོས། ཉེས་ཅན་པ་ན་ཚའི་རྐྱེན་གྱིས་འདས་གྲོངས་ཕྱིན་པའི་རིགས་ལའང་བཙོན་ཁང་གིས་སྨན་ཁང་གི་བརྟག་དཔྱད་ངོས་འཛིན་དཔང་ཡིག་སྤྲོད་དགོས། ་་་་་་་ ཉེས་ཅན་པའི་འདས་རྐྱེན་ཐད་ནང་མིར་དོགས་སློང་བྱུང་ཚེ་མི་དམངས་ཞིབ་དཔྱོད་ཁང་ལ་ཞུ་གཏུགས་བྱ་ཆོག ཉེས་ཅན་པའི་འདས་རྐྱེན་རྒྱུན་ལྡན་མིན་ཚེ་མི་དམངས་ཞིབ་དཔྱོད་ཁང་གིས་ངེས་པར་དུ་དུས་ཐོག་ཞིབ་དཔྱོད་བྱས་ཏེ་འདས་རྐྱེན་གསལ་འདོན་དཔང་སྐྱེལ་བྱ་དགོས།” ཞེས་བཀོད་ཡོད། དེ་བཞིན། རིན་པོ་རིན་པོ་སྐུ་སྲིང་སྒྲོལ་དཀར་ལགས་ཀྱིས་ཕྱི་ཚེས་ ༡༥ ཉིན་དོན་ཚན་ལྔ་ཅན་གྱི་ཞུ་གཏུགས་ཡི་གེ་སྤྲད་དེ། རིན་པོ་ཆེའི་འདས་རྐྱེན་ཐད་སྨན་པའི་བརྟག་དཔྱད་དཔང་ཡིག་ནང་མིར་མཁོ་སྤྲོད་དགོས་པའི་རེ་སྐུལ་བཏོན་ཡོད་པ་རེད། ཡིན་ནའང་། ཁྲོན་ཏུང་བཙོན་ཁང་གིས་ཐོག་དང་པོར་སྨན་པའི་བརྟག་དཔྱད་དཔང་ཡིག་སྤྲོད་རྒྱུ་ངེས་ལེན་བྱས་ཡོད་ཀྱང་མཐའ་མ་དེར་མཁོ་སྤྲོད་བྱས་མེད་པ་རེད།
ཉེ་ཆར་རྒྱ་གཞུང་གིས་གསར་དུ་གཏན་འབེབས་བྱས་པའི་ <<བཙོན་ཁང་གི་ཉེས་ཅན་པ་འདས་གྲོངས་ཐག་གཅོད་གཏན་འབེབས>> ཞེས་པའི་བཅའ་ཁྲིམས་ཀྱི་དོན་ཚན་ ༩ པའི་ནང་། “མི་དམངས་ཞིབ་དཔྱོད་ཁང་ལ་བཙོན་ཁང་གིས་ཉེས་ཅན་པ་འདས་གྲོངས་ཀྱི་སྙན་ཞུ་འབྱོར་རྗེས། ངེས་པར་དུ་མི་སྣ་མངགས་གཏོང་སྒོས་ཡུལ་དངོས་ལ་སོང་སྟེ་འབྲེལ་ཡོད་ལས་དོན་སྒྲུབ་དགོས།” ཞེས་དང་། ལྷག་པར་དོན་ཚན་ ༩ པའི་ནང་གསེས་ ༢ ནང་། འདས་གྲོངས་ཕྱིན་པའི་ཉེས་ཅན་པའི་ནང་མིས་བཙོན་ཁང་གི་ཞིབ་བཤེར་མཐའ་སྡོམ་ལ་དོགས་སློང་བྱས་པ་ཡིན་ན། མི་དམངས་ཞིབ་དཔྱོད་ཁང་ལ་ཞུ་གཏུགས་བྱ་དགོས་པ་དང་། མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་རྗེས་བརྟག་དཔྱད་བྱ་དགོས་མཐོང་ཚེ་མི་དམངས་ཞིབ་དཔྱོད་ཁང་ཞིབ་བཤེར་བྱ་དགོས་པ་བརྗོད་ཡོད།
དེ་བཞིན། དོན་ཚན་ ༡༢ པའི་ནང་། “བཙོན་ཁང་དང་མི་དམངས་ཞིབ་དཔྱོད་གིས་གོ་སྒྲིག་ལྟར་ཕུང་པོར་བརྟག་དཔྱད་བྱེད་སྐབས། ངེས་པར་དུ་འདས་གྲོངས་ཕྱིན་པའི་ཉེས་ཅན་པའི་ནང་མིར་བརྡ་བརྒྱབ་ཏེ་བརྟག་དཔྱད་ཀྱི་ཡུལ་དངོས་སུ་ཡོང་འཇུག་དགོས།” ཞེས་དང་། དོན་ཚན་ ༡༤ པའི་ནང་ཉེས་ཅན་པའི་ནང་མིའི་ངོས་ནས་མི་དམངས་ཞིབ་དཔྱོད་ཁང་གི་བརྟག་དཔྱད་མཇུག་འབྲས་ལ་དོགས་སློང་དང་ཡིད་ཆེས་བྱ་མ་ཐུབ་པ་ཡིན། བརྟག་དཔྱད་མཇུག་འབྲས་ཀྱི་བརྡ་སྦྱོར་འབྱོར་རྗེས་ཀྱི་ཉིན་གསུམ་ནང་ཡིག་ཐོག་ནས་སྙན་ཞུ་ཕུལ་ཏེ་རིམ་པ་གོང་མིའི་མི་དམངས་ཞིབ་དཔྱོད་ཁང་ལ་ཞུ་གཏུགས་བྱ་ཆོག་པའི་སྐོར་བཀོད་ཡོད་ལ། དོན་ཚན་ ༡༩ པའི་ནང་། “འདས་རྐྱེན་གསལ་བོ་ཐག་གཅོད་བྱུང་བའི་རྗེས་ཀྱི་ཉིན་ ༡༥ ནང་ཚུད་དུ་ཕུང་པོ་མེར་བསྲེགས་བྱ་དགོས།” ཞེས། འདས་རྐྱེན་ཁ་གསལ་ཐག་གཅོད་མ་བྱུང་བར་ཕུང་པོ་མེར་བསྲེགས་བྱ་མི་ཆོག་པ་གསལ་བོར་བསྟན་ཡོད། ཡིན་ནའང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོའི་ནང་མིའི་ངོས་ནས། བཙོན་ཁང་གིས་རིན་པོ་ཆེའི་སྐུ་ཕུང་ནང་དུ་གདན་འདྲེན་བྱེད་མ་བཅུག་པ་དང་འདས་རྐྱེན་གསལ་བརྗོད་ར་སྤྲོད་མ་བྱས་པའི་ཐད་ནས། ཁོང་གི་འདས་རྐྱེན་ཐད་དོགས་སློང་ཡོད་པ་བརྗོད་དེ། སྐུ་ཕུང་ལ་བརྟག་དཔྱད་ཞིབ་འཇུག་དགོས་པའི་ཞུ་གཏུགས་བྱས་ཀྱང་། བཙོན་ཁང་གིས་ཁྲིམས་འགལ་གྱི་སྒོ་ནས་འཕྲལ་དུ་རིན་པོ་ཆེའི་སྐུ་ཕུང་མེར་བསྲེགས་བཏང་སྟེ། འདས་རྐྱེན་ལ་ཞིབ་འཇུག་བརྟག་དཔྱད་ཀྱི་རྒྱུ་ཆ་མེད་པ་བཟོས་ཡོད་པ་རེད།
དོན་ཚན་ ༡༦ པའི་ནང་ “ཉེས་ཅན་པའི་འདས་རྐྱེན་ཁ་གསལ་ཐག་གཅོད་བྱུང་རྗེས། བཙོན་ཁང་གིས་ <འདས་གྲོངས་དཔང་ཡིག> སྤྲོད་དགོས།” ཞེས་དང་། དོན་ཚན་ ༢༠ པའི་ནང་། “ཕུང་པོ་མེར་བསྲེགས་མ་བྱས་སྔོན་ལ། བཙོན་ཁང་གིས་ངེས་པར་དུ་མེར་བསྲེགས་ཀྱི་དུས་ཚོད་དང་ས་གནས་བཅས། འདས་པོ་ཉེས་ཅན་པའི་ནང་མིར་བརྡ་ལན་སྤྲོད་དགོས། དེར་མ་ཟད། འདས་པོ་ཉེས་ཅན་པའི་ནང་མིར་ལྟ་ཞིབ་བྱེད་འཇུག་དགོས།” དེ་བཞིན། དོན་ཚན་ ༢༤ པའི་ནང་། “འདས་པོ་ཉེས་ཅན་པ་དེ་གྲངས་ཉུང་མི་རིགས་ཡིན་མཁན་རིགས་ལ། ཕུང་པོ་ཐག་གཅོད་ཐད་ནས་ངེས་པར་མི་རིགས་ཀྱི་གོམས་སྲོལ་ལ་བརྩི་བཀུར་བྱས་ཏེ། འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་ལེགས་པོ་བྱ་དགོས།” ཞེས་གསལ་ཡོད། ཡིན་ནའང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ནང་མིར་རྒྱ་གཞུང་གིས་འདས་གྲོངས་དཔང་ཡིག་གང་ཡང་སྤྲད་མེད་པ་མ་ཟད། ནང་མིས་ངོས་ནས་བོད་པའི་འདས་མཆོད་སྒྲུབ་སྟངས་གོམས་སྲོལ་ལྟར། རིན་པོ་ཆེའི་སྐུ་གདུང་ཕྱིར་རང་ཡུལ་གདན་ཞུས་ཀྱིས་སྐུ་ཕུང་ཞུགས་འབུལ་དང་འདས་མཆོད་སྒྲུབ་རྒྱུའི་དགོས་འདུན་རིམ་པར་བཏོན་ཡང་། རྒྱ་གཞུང་གིས་དགོས་འདུན་དེ་དག་ཡ་མེད་དུ་བཏང་པར་མ་ཟད། རིན་པོ་ཆེའི་སྐུ་ཕུང་མེར་བསྲེགས་བྱ་སར་རིན་པོ་ཆེའི་ནང་མི་ཡོང་བཅུག་མེད་པ་རེད། བྱ་སྤྱོད་འདི་ནི་རྒྱ་གཞུང་གི་རྩ་ཁྲིམས་ནང་མི་དམངས་ལ་ཆོས་དད་རང་དབང་ཡོད་སྐོར་བཀོད་པའི་ཁས་ལེན་ལའང་རྒྱབ་འགལ་ཆགས་ཡོད།
དོན་ཚན་ ༡༨ པའི་ནང་དུ། “བཙོན་ཁང་གིས་འགན་ཁུར་ཏེ་ཉེས་ཅན་པའི་ཕུང་པོ་མེར་བསྲེགས་ཀྱི་འབྲེལ་ཡོད་འགྲོ་ལུགས་ཡིག་ཆ་བཟོས་དགོས་པ་དང་། ཕུང་པོ་མེར་བསྲེགས་ཁང་གིས་བཙོན་ཁང་གི་ <འདས་གྲོངས་དཔང་ཡིག> དང་ <མེར་བསྲེགས་བརྡ་ཡིག> གཞིར་བཟུང་མེར་བསྲེགས་དགོས་པ་དང་། དེར་མ་ཟད་ <འདས་གྲོངས་དཔང་ཡིག> དང་ <མེར་བསྲེགས་བརྡ་ཡིག> རྣམས་ཡིག་ཚགས་སུ་ཉར་འཇོག་བྱ་དགོས།” ཞེས་དང་། དོན་ཚན་ ༢༡ པའི་ནང་། “ཕུང་པོ་མེར་བསྲེགས་བཏང་རྗེས། འདས་པོ་ཉེས་ཅན་པའི་ནང་མིར་རུས་ཐལ་རྩིས་ལེན་ཡིག་ཆའི་སྟེང་མིང་རྟགས་བཀོད་བཅུག་སྟེ་རུས་ཐལ་རྩིས་སྤྲོད་བྱ་དགོས།༽ ཞེས་བཀོད་ཡོད། ཡིན་ནའང་། རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ནང་མི་དང་། ཁོང་གི་རྗེས་འཇུག་དགེ་ཕྲུག་དང་དད་ལྡན་མང་ཚོགས་ཀྱི་ངོས་ནས་གདུང་ཐལ་ཕྱིར་ནང་མིར་རྩིས་སྤྲོད་ཀྱི་རེ་སྐུལ་བྱས་ཏེ་མུ་མཐུད་ངང་སྒུག་བྱས་ཡོད་ཀྱང་། རྒྱ་གཞུང་གིས་ད་ལྟའི་བར་རིན་པོ་ཆེའི་གདུང་ཐལ་ནང་མིར་རྩིས་སྤྲོད་བྱས་མེད་པ་རེད། ཁྲོན་ཏུང་བཙོན་ཁང་གི་བྱེད་བབས་འདི་མཐའ་དག་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཁོ་ན་ཞིག་ཆགས་ཡོད་མ་ཟད། ཁྲིམས་ལུགས་ཀྱི་ཐད་ལ་རྒྱུས་མངའ་ཆེན་པོ་མེད་པའི་བོད་རིགས་གཞི་རིམ་མང་ཚོགས་རྣམས་བསམ་བཞིན་བརྙས་བཅོས་དང་མཐོང་ཆུང་བྱས་པ་ཞིག་ཀྱང་ཆགས་ཡོད།
དེར་བརྟེན། དོན་ཚན་ ༢༨ པའི་ནང་། “བཙོན་ཁང་དང་ལས་བྱེད་མི་སྣས་ལས་འགན་ལག་བསྟར་གྱི་སྐབས་སུ། ཁྲིམས་འགལ་གྱི་ཐོག་ནས་མཚོན་ཆ་དང་ཉེན་རྟོག་ཡོད་བྱད་རིགས་བེད་སྤྱོད་བྱས་པ་དང་། ཉེས་ཅན་པར་གཅར་རྡུང་དང་མནར་གཅོད་བཏང་པ། མི་གཞན་པར་སྐུལ་སློང་གིས་གཅར་རྡུང་དང་མནར་གཅོད་གཏོང་འཇུག་པ་སོགས་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཉེས་ཅན་པ་འདས་གྲོངས་ཕྱིན་པའི་རིགས་ལ་ཁྲིམས་དང་སྒྲིག་གཞི་ལྟར་ཆད་གཅོད་དང་། ནག་ཉེས་བསགས་ཡོད་མཁན་རིགས་ཁྲིམས་ལྟར་ཉེས་དོན་ཁྲིམས་བཤེར་བྱ་དགོས། དེར་མ་ཟད་བཙོན་ཁང་གིས་ <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གུན་གསབ་བཅའ་ཁྲིམས>> ལྟར་གུན་གསབ་སྤྲོད་དགོས།” ཞེས་དང་། དོན་ཚན་ ༢༧ པའི་ནང་། “ཉེས་ཅན་པ་འདས་གྲོངས་ཐད་ཞིབ་བཤེར་ཐག་གཅོད་བྱེད་པའི་ལས་དོན་ཁྲོད། མི་དམངས་ཉེན་རྟོག་པ་དང་ཞིབ་དཔྱོད་མི་སྣ་དང་། དེ་བཞིན། སྨན་ཁང་གི་བརྟག་དཔྱད་དང་དཔང་བསྐྱེལ་སོགས་དང་འབྲེལ་ཡོད་ལས་བྱེད་མི་སྣས་ངེས་པར་དུ་ཁྲིམས་ལུགས་དང་གཏན་འབེབས་གཞིར་བཟུང་ལས་འགན་སྒྲུབ་དགོས། ལས་འགན་བརྩི་སྲུང་མ་བྱས་པ་དང་དབང་ཆ་ལོག་སྤྱོད་བྱས་པ། སྒེར་དོན་ཆེད་སྒྲིག་འགལ་བྱས་པ་སོགས་ཁྲིམས་འགལ་བྱ་སྤྱོད་རིགས་ལ། ཁྲིམས་དང་སྒྲིག་གཞི་གཞིར་བཟུང་ཆད་གཅོད་དང་། ནག་ཉེས་བསགས་མཁན་ལ་ཁྲིམས་ལྟར་ཉེས་ཁྲིམས་ཐག་གཅོད་བྱ་དགོས།” ཞེས་བཀོད་པ་ལྟར། རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་འདས་རྐྱེན་ཐད། དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་སྒོ་ནས་ཁྲིམས་བཤེར་བྱས་ཏེ། བཙོན་ཁང་ནང་རིན་པོ་ཆེ་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་སྟེ་རྐྱེན་འདས་སུ་གཏོང་མཁན་དང་། དེ་བཞིན། རིན་པོ་ཆེའི་འདས་རྐྱེན་འགེབ་སྲུང་བྱེད་མཁན་ཁྲིམས་འགལ་ནག་ཉེས་བསགས་མཁན་དག་ལ། ཁྲིམས་ལུགས་གཞིར་བཟུང་ཉེས་དོན་ཁྲིམས་བཤེར་གྱིས་ཁྲིམས་གཅོད་བྱ་དགོས་པའི་ཐད། འདི་ག་ལྟེ་གནས་ཁང་གིས་རྒྱ་གཞུང་ལ་ནན་སྐུལ་བྱེད་བཞིན་ཡོད།
དེ་བཞིན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱ་གཞུང་གིས་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་བཏང་སྟེ་རྐྱེན་འདས་སུ་བཏང་བར་མ་ཟད། ཐད་ན། ནང་མིས་རེ་སྐུལ་ལྟར་ཁོང་གི་སྐུ་ཕུང་བརྟག་དཔྱད་ཞིབ་འཇུག་ཙམ་ཡང་མ་བྱས་པར་འཕྲལ་དུ་མེར་བསྲེགས་དང་། མེར་བསྲེགས་བཏང་རྗེས་གདུང་ཐལ་ནང་མིར་རྩིས་སྤྲོད་བྱེད་ཀྱིན་མེད་པ་བཅས་ཀྱི་བྱ་སྤྱོད་འདི་རིགས་ནི། མཐའ་གཅིག་ཏུ་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་ཁྲིམས་མེད་ལུགས་མེད་ཀྱི་ཡ་ང་བའི་བྱ་སྤྱོད་འབའ་ཞིག་ཆགས་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ངོས་ནས། རིན་པོ་ཆེ་ཁོང་གི་འདས་རྐྱེན་ལ་བརྟག་དཔྱད་ཞིབ་འཇུག་དང་གདུང་ཐལ་ནང་མིར་རྩིས་སྤྲོད་དགོས་པའི་ཐད། རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཤུགས་ཆེན་བྱེད་བཞིན་ཡོད།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ནང་མིས་རྒྱ་གཞུང་ལ་བཏོན་པའི་དགོས་འདུན་དོན་ཚན་ཁག
བསྐྱར་དུ་ཞིབ་འཇུག་དགོས་པའི་ཞུ་ཡིག
༡༽ དེ་རིང་བཙོན་ཁང་ཕྱོགས་ནས་སྨན་པའི་བརྟག་དཔྱད་དཔང་ཡིག་མང་པོ་ཞིག་བཀླགས་སོང་། ང་ཚོས་དཔང་ཡིག་གི་ངོ་བཤུས་དགོས་ཞུ་དུས། སྔ་དྲོར་བཙོན་ཁང་ཕྱོགས་ནས་ངོས་ལེན་བྱས་བྱུང་། ངོས་ལེན་བྱེད་དེ་ནི་མིང་ལ་ཧཱོང་ཟེར་བའི་བཙོན་ཁང་གི་དམར་ཤོག་དྲུང་ཆེ་ཞིག་རེད། ཡིན་ནའང་། ཉིན་རྒྱབ་སྤྲོད་རྒྱུ་མིན་སྐོར་བརྗོད་བྱུང་།
༢། སྐུ་ཕུང་ནང་དུ་འཁྱེར་མ་ཆོག་པ་དེ་ལ་བརྟེན་ནས། འདས་པོའི་འཆི་རྐྱེན་དེ་བཙོན་ཁང་ཕྱོགས་དང་འབྲེལ་བ་ཡོད་པ་ང་ཚོས་དོགས་པ་བྱེད་ཀྱི་ཡོད། འདས་པོའི་སྐུ་ཕུང་ནང་དུ་འཁྱེར་མ་ཆོག་པ་དེ་ཁྲིམས་ལུགས་གང་དུ་གཏན་འབེབས་ཡོད་པ་འགྲེལ་བཤད་གསལ་པོ་དགོས།
༣༽ གལ་སྲིད་བཙོན་ཁང་ཕྱོགས་ནས་འདས་རྐྱེན་ལ་ལན་འདེབས་གསལ་པོ་ཞིག་མེད་ན། ང་ཚོས་གསར་འགོད་པ་དང་འབྲེལ་ཡོད་མི་སྣ་ལ་གནས་ཚུལ་འདི་ཞིབ་འཇུག་མཐར་ཕྱིན་བྱེད་དགོས་པའི་ཞུ་སྐུལ་བྱ་རྒྱུ་ཡིན། གལ་སྲིད་ཕུང་པོ་ནང་དུ་འཁུར་བཅུག་ན། གནད་དོན་འདིའི་སྐོར་ལ་ང་ཚོས་རྙོག་གླེང་བྱེད་ཀྱི་མིན། དེ་ནི་ང་ཚོ་སྤུན་གཉེན་དང་དད་ལྡན་མང་ཚོགས་ཡོངས་ཀྱི་རེ་འདུན་ཉག་ཅིག་ཡིན།
༤༽ རིན་པོ་ཆེ་སྐུ་འདས་ཚར་བའི་རྗེས་སུ་ཁྱོད་ཚོས་ང་ཚོ་ཁྲིན་ཏུའུ་རུ་ཡོད་པ་ཤེས་བཞིན་དུ། དུས་ཐོག་ང་ཚོར་བརྡ་ལན་མི་སྤྲོད་པའི་རྒྱུ་མཚན་ཅི་ཞིག་ཡིན། ད་དུང་བཙོན་ཁང་གིས་རིན་པོ་ཆེ་འདས་པའི་དུས་ཚོད་བསྒྲགས་པ་དེ་གཅིག་མཚུངས་མ་རེད། འགའ་རེས་ཆུ་ཚོད་ ༢ གྱི་སྟེང་དང་། འགའ་རེས་ཆུ་ཚོད་ ༤ པའི་སྟེང་ཡིན་པར་བརྗོད་ཀྱི་འདུག
༥༽ བཙོན་ཁང་ཕྱོགས་ནས་གལ་སྲིད་སྐུ་ཕུང་ལ་མ་བལྟས་པ་ཡིན་ན། གཏན་འབེབས་ཟིན་པའི་དུས་ཚོད་ནང་སྐུ་ཕུང་ཞུགས་འབུལ་བྱ་རྒྱུ་ཡིན་ཞེས་ང་ཚོར་བཤད་སོང་། བཙོན་ཁང་ཕྱོགས་དང་འབྲེལ་ཡོད་སྡེ་ཚན་ནས་འདས་པོའི་འདས་རྐྱེན་གྱི་སྐོར་ལན་འདེབས་གསལ་བཤད་བློ་ཁ་ཚིམས་པ་ཞིག་མ་བྱས་པའི་སྔོན་དུ། འདས་པོའི་སྐུ་ཕུང་ཞུགས་འབུལ་བྱེད་ཆོག་པ་དེ་འབྲེལ་ཡོད་ཁྲིམས་དང་སྒྲིག་གཞི་གང་གི་ནང་གསལ་ཡོད་པ་རེད་དམ།
ཞུ་འབུལ་མཁན་སྒྲོལ་དཀར།
དོན་ཚན་ལྔ་པའི་ཁ་སྣོན། ད་ལོ་གསར་དུ་གཏན་འབེབས་བྱས་པའི་<< བཙོན་འོག་ཉེས་ཅན་པ་འདས་གྲོངས་ཐད་ཀྱི་ཐག་གཅོད་གཏན་འབེབས >> དོན་ཚན་ ༡༩ པའི་ནང་གཏན་འབེབས་བྱས་དོན། “འདས་རྐྱེན་གཏན་འབེབས་ཁ་གསལ་བྱས་ནས་ཉིན་ ༡༥ ནང་ཚུན་སྐུ་ཕུང་ཞུགས་འབུལ་བྱེད་དགོས། འདས་པོ་ཉེས་ཅན་པའི་སྤུན་གཉེན་གྱིས་ཞུགས་འབུལ་ཕར་འགྱངས་དགོས་པའི་རེ་བ་ཡོད་ན། བཙོན་ཁང་ཕྱོགས་ལ་ཞུ་ཡིག་འབུལ་དགོས།” ཞེས་གསལ་ཡོད་པ་ལྟར། ང་ཚོ་སྤུན་གཉེན་ཚོའི་ངོས་ནས་སྐུ་ཕུང་ཞུགས་འབུལ་ཕར་འགྱངས་དགོས་པའི་ཞུ་ཡིག་ཕུལ་གྱི་ཡོད་ལ། བཙོན་ཁང་ཕྱོགས་ནས་བྲེལ་འཚབ་ངང་ནས་སྐུ་ཕུང་ཞུགས་འབུལ་བྱ་རྒྱུར་ང་ཚོས་ངོས་ལེན་རྩ་བ་ཉིད་ནས་མེད།
སྒྲོལ་དཀར་གྱི་རེ་སྐུལ།