རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་ཁྲིམས་འགལ་གྱི་མནར་གཅོད་བྱེད་ཐབས་རྣམས་མཚམས་འཇོག་དགོས་པའི་འབོད་སྐུལ།

Jigme_Gyatso-274x300
འཇིགས་མེད་རྒྱ་མཚོ་ལགས་རྒྱ་གཞུང་གི་བཙོན་འཇུག་མནར་གཅོད་འོག་ལ་མ་ཚུད་པའི་ཡར་སྔོན་གྱི་འདྲ་པར།

ལོ་ངོ་བཅུ་བདུན་རིང་བཙོན་འཇུག་མནར་གཅོད་མྱངས་པའི་འཇིགས་མེད་རྒྱ་མཚོ་ལགས་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༤ ཚེས་ ༣ ཉིན་ཀློད་གྲོལ་ཐོབ་ཡོད། བཙོན་འོག་ཏུ་མ་ཚུད་པའི་ཡར་སྔོན་གྱི་ཁོང་ནི་རང་ལོ་ ༣༥ སོན་པའི་ལུས་སེམས་བདེ་ཐང་ཅན་གྱི་ མི་དར་མ་ཞིག་ཡིན། ཡིན་ནའང་། ལོ་ ༡༧ རིང་རྒྱའི་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་མྱངས་པར་བརྟེན་མིག་ཤེས་ཉམས་ཏེ་གསལ་བོ་མི་མཐོང་བར་གྱུར་ཡོད་པ་མ་ཟད། སེམས་ཁམས་ཐང་པོ་མེད་པ་དང་མཁལ་མར་ན་ཚ་ཕོག་སྟེ་རྒྱུན་ལྡན་གྱི་མི་ནང་བཞིན་གཟུགས་པོ་དྲང་པོར་འགྲེང་སྟེ་འགྲོ་བསྐྱོད་མི་ཐུབ་པའི་གནས་སྟངས་འོག་ལྷུང་ཡོད།

འཇིགས་མེད་རྒྱལ་མཚོ་བཙོན་གྲོལ་མ་ཐོབ་པའི་ལོ་ ༨ གྱི་ཡར་སྔོན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་བཀག་སྡོམ་ཚོགས་ཆུང་གི་ཚོགས་མི་ཁོང་ལ་ཐུག་འཕྲད་ཆེད་བསྐྱོད་དེ། རྒྱ་ནག་གཞུང་ལ་འཇིགས་མེད་རྒྱལ་མཚོ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཤུགས་ཆེན་གནང་ཡོད་པ་རེད། དེའི་རྒྱུ་མཚན་ནི་བཙོན་འཇུག་མནར་གཅོད་འོག་ཡོད་པའི་ཁོང་ཉིད་ལ་རྒྱ་གཞུང་གིས་དྲང་བདེན་མ་ཡིན་པའི་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་སྐྱོན་གྱི་ཉེས་མེད་ཉེས་འཛུགས་ཐོག་འཇུ་བཟུང་བཙོན་འཇུག་བྱས་པ་ཞིག་ཡིན་པ་མ་ཟད། བཙོན་འཇུག་བཀག་སྡོམ་གྱི་དུས་ཡུན་རིང་གློག་རྒྱུགས་སོགས་སྤྱད་དེ་ནམ་རྒྱུན་དྲག་རྡུང་མནར་གཅོད་ཚད་མེད་བཏང་ཡོད་པ་རེད། རྒྱལ་སྤྱིའི་མནར་གཅོད་བཀག་སྡོམ་དུས་དྲན་ཉིན་མོ་བསླེབ་ལ་ཉེ་བའི་ཟླ་གསུམ་གྱི་སྔོན་ལ་ཁོང་ཀློད་གྲོལ་ཐོབ་ཡོད་ཀྱང་། བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བའི་དབང་གིས་ཁོང་གི་གཟུགས་པོའི་གནས་སྟངས་མུ་མཐུད་ཧ་ཅང་ཛ་དྲག་འོག་གནས་ཡོད།

ཕྱི་ལོ་ ༡༩༨༧ ཕྱི་ཟླ་ ༦ ཚེས་ ༢༦ ཉིན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་མནར་གཅོད་བཀག་སྡོམ་ཚོགས་ཆུང་གིས་རྒྱལ་སྤྱིའི་མནར་གཅོད་བཀག་སྡོམ་སྤྱི་ཆིངས་དངོས་སུ་གཏན་འབེབས་གནང་སྟེ། སྤྱི་ཆིངས་ཀྱི་དགོངས་དོན་གཞིར་བཟུང་རྒྱལ་ཁབ་སོ་སོའི་ནང་ཉེས་མེད་ཉེས་འཛུགས་འོག་བཙན་འཇུག་བཀག་བསྐྱིལ་དང་། བཙོན་འོག་ཏུ་མི་སྤྱོད་ལས་འདས་པའི་དྲག་སྤྱོད་གཅར་རྡུང་། འགྲོ་བ་མིའི་མཚན་མཐོང་ལ་དམའ་འབེབ་སོགས་མྱོང་བཞིན་པ་བཀག་སྡོམ་མཚམས་འཇོག་དང་། ལྷག་པར་དུ་ཁྲིམས་མཐུན་མ་ཡིན་པའི་བཙོན་ཁང་ནག་པོའི་ནང་བཅུག་སྟེ་གང་བྱུང་གཅར་རྡུང་མནར་གཅོད་གཏོང་བ་དང་། གསང་བའི་ཐོག་འཇུ་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་འགྱུར་བཞིན་པའི་གནས་སྟངས་སྐོར་མཚམས་འཇོག་དགོས་པ་ནན་སྐུལ་གནང་ཡོད་པ་མ་ཟད། ལོ་ལྟར་ཕྱི་ཟླ་ ༦ ཚེས་ ༢༦ ཉིན་ནི་རྒྱལ་སྤྱིའི་མནར་གཅོད་བཀག་སྡོམ་དུས་དྲན་ཉིན་མོར་གཏན་འབེབས་ཀྱིས་བརྩི་སྲུང་བྱེད་བཞིན་ཡོད།

རྒྱ་ནག་གཞུང་ནི་རྒྱལ་སྤྱིའི་མནར་གཅོད་བཀག་སྡོམ་སྤྱི་ཆིངས་ལ་མིང་རྟགས་འགོད་མཁན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད་པའི་ངོས་ནས་མནར་གཅོད་ཀྱི་བྱ་སྤྱོད་རིགས་བཀག་སྡོམ་དང་། རྒྱ་ནག་ནང་མནར་གཅོད་ཀྱི་བྱེད་ཐབས་དེ་རིགས་སྤྱོད་བཞིན་པའི་ཚོགས་སྡེ་ཁག་ལ་ཁྲིམས་གཅོད་ནན་མོ་གཅོད་རྒྱུའི་འོས་འགན་ཡོད། རྒྱལ་སྤྱིའི་ངོས་ཐད་ནས་བཤད་ན་མནར་གཅོད་ཀྱི་བྱེད་ཐབས་དེ་དག་ནི་མི་རིགས་རྩ་མེད་དུ་གཏོང་བའི་ལམ་ལུགས་དང་། བྲན་གཡོགས་ལམ་ལུགས་ནང་བཞིན་དང་ལེན་བྱེད་ཐབས་བྲལ་བ་ཞིག་ཡིན། རྒྱ་ནག་སྲིད་གཞུང་གིས་སྤྱི་ཆིངས་ཀྱི་ནང་དོན་ཁག་ལག་བསྟར་བྱེད་བཞིན་ཡོད་པར་བརྗོད་ཀྱིན་པ་དེ་ནི། འཛམ་གླིང་མི་མང་ལ་མགོ་སྐོར་གཏོང་བའི་ཕྱི་ཚུལ་གྱི་རྣམ་པ་ཞིག་རེད། དོན་དངོས་ཐོག་མནར་གཅོད་ཀྱི་བྱེད་ཐབས་འདི་དག་རྒྱ་ནག་ནང་མུ་མཐུད་གནས་ཡོད། རྒྱལ་སྤྱིའི་མནར་གཅོད་བཀག་སྡོམ་སྤྱི་ཆིངས་ཀྱི་དོན་ཚན་གཉིས་པའི་ནང་འཛམ་གླིང་རྒྱལ་ཁབ་ཚང་མས་མནར་གཅོད་བཀག་སྡོམ་ལག་བསྟར་བྱེད་དགོས་པ་གསལ་ཡོད། དེ་བཞིན། རྒྱ་ནག་གི་ཉེས་ཁྲིམས་ཞུ་གཏུགས་བཅའ་ཁྲིམས་དང་བཙོན་པར་དོ་དམ་ཁྲིམས་ཡིག་ནང་དུའང་། བཙོན་པ་རྣམས་ལ་སྡུག་སྦྱོང་མནར་གཅོད་གཏོང་མི་ཆོག་པ་བཀོད་ཡོད། ཡིན་ནའང་། ད་ལྟའི་ཆར་རྒྱ་ནག་ནང་མུ་མཐུད་སྡུག་སྦྱོང་མནར་གཅོད་ཀྱི་བྱེད་ཐབས་སྤྱོད་བཞིན་འདི་ནི། རྒྱལ་ཁབ་ཅིག་གིས་བཙོན་མའི་ཐོག་ལག་བསྟར་བྱེད་པའི་ཁྲིམས་ལུགས་རང་བཞིན་གྱི་འགན་ལེན་བྱ་སྤྱོད་ཅིག་རྩ་བ་ནས་མ་རེད།

རྒྱལ་ཁབ་སོ་སོའི་ནང་སྡུག་སྦྱོང་མནར་གཅོད་བཀག་སྡོམ་ཡོང་ཆེད། རྒྱལ་སྤྱིའི་མནར་གཅོད་བཀག་སྡོམ་སྤྱི་ཆིངས་ནང་འདེམ་གསེས་རང་བཞིན་གྱི་གཏན་འབེབས་མང་པོ་ཡོད་ལ། སྤྱི་ཆིངས་དོན་ཚན་ ༡༧ ནང་དུ་རྒྱལ་ཁབ་སོ་སོས་རྒྱལ་སྤྱིའི་མནར་གཅོད་བཀག་སྡོམ་འཐུས་ཚོགས་དང་མཉམ་འབྲེལ་ཐོག ཉེས་མེད་བཙོན་འཇུག་དང་བཙོན་འོག་མནར་གཅོད་མྱོང་བཞིན་པའི་གནས་སྟངས་ལ་ཞིབ་བཤེར་ལྟ་རྟོག་བྱེད་འཇུག་དགོས་པ་དང་། ཡང་ན་འབྲེལ་ཡོད་རྒྱལ་ཁབ་དང་མི་སྒེར་གྱིས་མནར་གཅོད་བཀག་སྡོམ་སྐོར་གྱི་གནས་ཚུལ་ཤེས་རྟོགས་དང་བསྡུ་རུབ་བྱེད་ཆོག་པ་བཅས་གསལ་ཡོད། ཕྱི་ལོ་ ༢༠༠༦ ལོར་མནར་གཅོད་བཀག་སྡོམ་ཚོགས་ཆུང་གི་འཐུས་མིའི་འདེམ་གསེས་རིང་བཞིན་གྱི་གཏན་འབེབས་སྒྲིག་ཡིག་ནང་། ཚོགས་ཆུང་འཐུས་མི་རྣམས་རྒྱལ་ཁབ་སོ་སོའི་ནང་བསྐྱོད་དེ་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་ལ་ཞིབ་བཤེར་དང་། འབྲེལ་ཡོད་རྒྱལ་ཁབ་ཁག་གིས་མནར་གཅོད་བཀག་སྡོམ་ཇི་ལྟར་གནང་དགོས་མིན་སྐོར་ལ་སྐུལ་འདེད་ལམ་སྟོན་གནང་ཆོག་པ་བཀོད་ཡོད།

jigmeGuri-249x300
གྲྭ་འཇིགས་མེད་མགོ་རིལ་ལགས་རྒྱ་གཞུང་གིས་སྔ་ཕྱིར་ཐེངས་བཞི་ལ་འཇུ་བཟུང་བཙོན་འཇུག་བྱས་ཤིང་། ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༨ ནས་བཟུང་གར་སོང་མེད་དུ་གྱུར། ཕྱི་ལོ་ ༢༠༠༨ ལོར་ཁོང་གིས་བོད་ནང་གི་དཀའ་སྡུག་གནས་སྟངས་སྐོར་བརྙན་དུ་ཕབ་སྟེ་རྒྱལ་སྤྱིའི་སྒང་གསལ་འདོན་བྱས་ཡོད།

ཡིན་ནའང་། རྒྱ་གཞུང་གིས་ཕྱི་ཚུལ་གྱི་རྣམ་པའི་ཐོག་ནས་རྒྱལ་སྤྱིའི་མནར་གཅོད་བཀག་སྡོམ་སྤྱི་ཆིངས་ལ་མིང་རྟགས་བཀོད་པ་ཙམ་མ་གཏོགས། དོན་དངོས་ཐོག་སྤྱི་ཆིངས་ཀྱི་ཁྲིམས་སྒྲིག་ཁག་ལག་བསྟར་རྩ་བ་ནས་གནང་གི་མེད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཆིངས་ཀྱི་ཁྲིམས་སྒྲིག་ཁག་རྩིས་མེད་རྡོག་རོལ་དང་རྒྱལ་སྤྱིའི་མནར་གཅོད་འཐུས་ཚོགས་སྣང་ཆུང་དུ་བཏང་ཡོད། རྒྱལ་སྤྱིའི་མཉམ་འབྲེལ་རང་བཞིན་རྩིས་མེད་གཏོང་བའི་རྒྱ་གཞུང་གི་བྱ་སྤྱོད་དེ་རིགས་ཀྱིས། རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་ངན་པ་བཞག་སྟེ་རྒྱལ་སྤྱིའི་མནར་གཅོད་འཐུས་ཚོགས་ཀྱི་ནུས་པར་འགོག་རྐྱེན་དང་། མནར་གཅོད་བཀག་སྡོམ་གྱི་རྒྱལ་སྤྱིའི་འབྲེལ་ཡོད་སྒྲིག་ཡིག་ཁག་བརྒྱུད་དེ་ཉེས་མེད་ཁྲིམས་གཅོད་དང་བཙོན་འོག་མནར་གཅོད་བཀག་སྡོམ་བྱེད་པར་རྒྱབ་འགལ་བྱས་ཡོད།

ནམ་རྒྱུན་རྒྱ་གཞུང་གིས་ཁ་བཤད་ཀྱི་ངོས་ལེན་དང་ཕྱི་ཚུལ་གྱི་རྣམ་པ་ཙམ་ལས། དོན་དངོས་ཐོག་མནར་གཅོད་བཀག་སྡོམ་ལག་བསྟར་བྱ་རྒྱུ་འགོག་རྐྱེན་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་མནར་གཅོད་བཀག་སྡོམ་གྱི་འབྲེལ་ཡོད་མཉམ་འབྲེལ་ལས་དོན་ཁག་དང་ལེན་བྱེད་ཀྱི་མེད། དེར་བརྟེན། རྒྱ་གཞུང་གིས་དོན་དངོས་ཐོག་ཇི་ལྟར་བྱེད་ཀྱིན་ཡོད་མེད་དེ། བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་མྱངས་བའི་བཙོན་པ་རྣམས་ཀྱི་ལུས་སེམས་ཀྱི་གནས་སྟངས་ལས་གསལ་བོར་བསྟན་ཡོད་པ་རེད།

མནར་གཅོད་བཀག་སྡོམ་སྤྱི་ཆིངས་ཁྲོད་གསལ་བའི་མནར་གཅོད་ཀྱི་གོ་དོན་ནི། ཆེས་གདུགས་རྩུབ་ཆེ་བ་དང་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཅིག་སྟེ། བཀག་གཅུན་ཁང་དུ་བཅུག་ཡོད་པའི་བཙོན་པ་རྣམས་ལ། དུས་རྒྱུན་ཁྲིམས་མཐུན་མ་ཡིན་པའི་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་བཞིན་པའི་རིགས་ལ་ངོས་འཛིན་གནང་གི་ཡོད།

བོད་ནང་དུ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཀྱི་བྱ་སྤྱོད་འདི་རིགས་སྤྱོད་བཞིན་པ་ནི་རྒྱུན་ལྡན་གྱི་གནས་སྟངས་ཤིག་ཏུ་གྱུར་ཡོད། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རེ་སྙེགས་བྱེད་བཞིན་པའི་བོད་མི་རྣམས་ལ། བོད་ནང་གནས་སྡོད་རྒྱ་གཞུང་དམག་དཔུང་དང་ཉེན་རྟོག་དམག་མིས་གསང་བའི་སྒོ་ནས་བོད་མི་རྣམས་འཇུ་བཟུང་བཙོན་འཇུག་བྱེད་པ་དང་། ལྷག་པར་དུ་བཀག་ཉར་འོག་ཚུད་པའི་བཙོན་པ་རྣམས་ཀྱི་ནང་མི་དང་གཉེན་ཉེ་གྲོགས་པ་རྣམས་ལ་གར་གྱི་གནས་སྟངས་སྐོར་གསང་བ་བྱས་ཏེ། ཁོ་ཚོ་རྒྱུན་རིང་པོར་གར་སོང་ཆ་མེད་དུ་འགྱུར་བཞིན་ཡོད་པ་མ་ཟད། གར་ཡོད་ཀྱི་གནས་ཚུལ་རྩད་གཅོད་གནང་མཁན་ནང་མི་རྣམས་ལ་འཇིགས་སྐུལ་དང་འཇུ་བཟུང་བྱ་རྒྱུ་ཡིན་པའི་ཉེན་བརྡ་གཏོང་གི་ཡོད་པ་རེད།

འཇིགས་མེད་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་གི་བཀག་ཉར་དང་འདྲི་གཅོད་ཀྱི་བརྒྱུད་རིམ་ཁྲོད་མྱངས་པའི་མནར་གཅོད་དཀའ་སྡུག་དེ་དག་ནི། རྒྱ་ནག་གཞུང་ལ་མཚོན་ནས་བཤད་ན་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཆགས་ཡོད། དེའི་རྒྱུ་མཚན་ནི་རྒྱ་གཞུང་གི་བཙོན་ཁང་ནང་བོད་མི་བཙོན་པ་རྣམས་ཀྱིས་རྟག་ཏུ་གཅར་རྡུང་མནར་གཅོད་མྱོང་བཞིན་ཡོད། དཔེར་ན། གློག་རྒྱུག་དང་མེ་མདའི་ཞབས་གཞུག་སོགས་སྤྱད་དེ་གང་བྱུང་གཅར་རྡུང་བྱེད་པ་དང་། ཉིན་མཚན་མེད་པར་གཉིད་ཁུག་མི་འཇུག་པ། བཙོན་མའི་ལུས་རྒྱབ་དང་ཁ་ནང་། རྐང་ལག མཚན་མ་སོགས་ལུས་པོའི་གསང་གནད་ཁག་ཏུ་གློག་རྒྱུག་བཙུགས་ཏེ་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་བ། ཆུ་ཚོད་མང་པོའི་རིང་ལ་ལག་པ་དང་མཐེ་བོང་བསྡམས་ཏེ་གནམ་ལ་འདོགས་པ། སྔོན་ཆད་ཀྱི་རྨ་ཤུལ་རྙིང་པའི་ཐོག་ཏུ་བསམ་བཞིན་རྡུང་རྡེག་བྱས་ཏེ་ཟུག་གཟེར་སློང་བ། ཁེར་རྐྱང་དུ་ཉི་འོད་མི་མཐོང་བའི་བཀག་གཅུན་ཁང་དུ་ཟླ་བ་མང་པོར་བཀག་བསྐྱིལ་བྱེད་པ། ལྷག་པར་དུ་དམར་རྐྱེན་དུ་ཕུད་དེ་རྐང་ལག་འགུལ་སྐྱོད་བྱེད་མ་བཅུག་པར་མལ་ཁྲིའི་སྟེང་བདུན་ཕྲག་ཁ་ཤས་རིང་བཅུག་སྡོམ་བྱེད་པ་བཅས་ནི་རྒྱ་གཞུང་གི་བཙོན་ཁང་ནང་བོད་མི་རྣམས་ཀྱི་ནམ་རྒྱུན་མྱོང་བཞིན་པའི་གནས་ཚུལ་ཞིག་ཆགས་ཡོད།

དུས་རྒྱུན་བོད་མི་ཚོར་བཀག་ཉར་དང་གཅར་རྡུང་བྱས་པར་བརྟེན་གཟུགས་པོ་ཡོངས་ལ་རྨ་ཁས་ཁེངས་ཡོད། རྒྱ་གཞུང་གིས་བཙོན་ཁང་ནང་བཙོན་པ་ཚོར་སྤྱོད་བཞིན་གཅར་རྡུང་ཡོ་ཆས་དག་དཔེ་མཚོན་ཙམ་བརྗོད་ན། མནར་གཅོད་སྟག་སྒ་བེད་སྤྱོད་བཏང་བ་ཡིན་ན་ལུས་ཡོངས་ལ་རྨ་བཟོ་བ་མ་ཟད། གཟུགས་པོའི་ཤ་གནད་ཡོད་ཚད་འཁུམས་ཏེ་ལུས་པོ་འགུལ་དཀྱོག་མི་ཐུབ་པ་ཆགས་འགྲོ་བཞིན་ཡོད། ཁ་ཐུར་དུ་དཔྱངས་ཏེ་གནམ་ལ་འདོགས་པའི་བྱེད་ཐབས་དེས་རྐང་ལག་གི་ཚིགས་སློག་པ་དང་རུས་པར་ཆག་སྐྱོན་བཟོ་བཞིན་ཡོད། གློག་ཆས་ཀྱི་གཅར་རྡུང་ཡོ་ཆས་བེད་སྤྱོད་བཏང་བ་དེས་མཁལ་མ་སོགས་ཀྱི་བྱེད་ནུས་ཉམས་ཏེ་གཟུགས་པོར་གཅོང་ནད་འབྱུང་གི་ཡོད། དེར་མ་ཟད་བཀག་ཉར་གྱི་དུས་ཡུན་ཁྲོད་སྨན་བཅོས་མཐུན་རྐྱེན་དུས་ལྟར་མ་སྦྱར་བའི་དབང་གིས། བོད་མི་མང་པོ་ཞིག་ལ་གློ་བ་དང་མཆིན་པའི་ན་ཚ་སོགས་འགོས་ནན་གྱི་ནད་རིགས་མང་པོ་འབྱུང་བཞིན་ཡོད། དེ་ལས་ཀྱང་ཡ་ང་བ་ཞིག་ནི་བོད་མི་བཙོན་པ་མང་པོ་ཞིག་བཀག་ཉར་བཙོན་འཇུག་བྱས་རྗེས་གཏན་དུ་ཕྱིར་ཡོང་མེད་པ་ཆགས་བཞིན་ཡོད།

བཙོན་གྲོལ་ཐོབ་པའི་བོད་མི་རྣམས་ལ་མཚོན་ནའང་བཀག་ཉར་བྱས་པའི་བརྒྱུད་རིམ་ཁྲོད་དུ་ལུས་སེམས་གཉིས་ཀར་རྡུང་རྡེབ་ཚད་མེད་བཏང་བའི་དབང་གིས་སེམས་ཁམས་རྒྱུན་ལྡན་མི་ཡིན་པའི་དབང་བོ་སྐྱོན་ཅན་ཆགས་ཡོད། དོན་དམ་དུ་འདི་ནི་རྒྱ་གཞུང་གིས་བོད་མིར་མནར་གཅོད་གཏོང་བའི་དམིགས་ཡུལ་ཞིག་ཀྱང་རེད། དུས་ཡུན་གང་མང་ཞིག་ལ་མནར་གཅོད་མྱངས་བའི་དབང་གིས་བོད་མི་མང་པོ་ཞིག་གི་སེམས་ལ་རང་བཞིན་གྱིས་འཇིགས་སྣང་གི་ཚོར་བའི་ཁེངས་ཡོད་པ་མ་ཟད། བཙོན་པ་མང་པོ་ཞིག་བཙོན་གྲོལ་ཐོབ་རྗེས་རང་ཉིད་ཀྱི་འཚོ་བའི་མདུན་ལམ་ལ་རེ་བ་མེད་པ་ཆགས་བཞིན་ཡོད།

Sonam_Choedon_Puruna
ཨ་ནེ་བསོད་ནམས་ཆོས་སྒྲོན་ལགས་ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་འོག་མི་སྤྱོད་ལས་འདས་པའི་ཉེས་རྡུང་མནར་གཅོད་བཏང་བར་བརྟེན་རིག་འཚོ་མ་ཟིན་པར་གྱུར་ཡོད།

ཡིན་ནའང་། རྒྱ་གཞུང་གི་ཡ་ང་བའི་བྱེད་ཐབས་འདི་དག་གིས་བོད་མི་རྣམས་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་རེ་སྙེགས་བྱེད་བཞིན་པའི་སྙིང་སྟོབས་ཉམས་དམས་སུ་གཏོང་ཐུབ་མེད། འཇིགས་མེད་རྒྱ་མཚོར་ནས་བཤད་ནའང་ཁོང་རང་ལ་ཁྲིམས་ཐག་བཅད་དེ་ལོ་གཉིས་ཀྱི་རྗེས་སུ། ཁོང་གིས་བཙོན་ཁང་ནང་རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱས་པར་བརྟེན། ཁོང་དང་མཉམ་དུ་ངོ་རྒོལ་གནང་མཁན་བཙོན་པ་བརྒྱད་བཙོན་ཁང་དུ་གཅར་རྡུང་མནར་གཅོད་འོག་འདས་གྲོངས་སུ་བཏང་ཡོད་ལ། གཞན་པའི་བཙོན་པ་ཉེར་བདུན་ལ་རིམ་པ་མི་འདྲ་བའི་ཁྲིམས་ཆད་ཇེ་ལྕི་རུ་བཏང་ཡོད། ཡིན་ནའང་། སླར་ཡང་ལོ་དྲུག་པའི་ཕྱིན་པའི་རྗེས་སུ་འཇིགས་མེད་རྒྱ་མཚོ་དང་ཁོང་གི་བཙོན་རོགས་ཁ་ཤས་ཀྱིས་བཙོན་ཁང་ནང་བསྐྱར་དུ་རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་དང་། ༸གོང་མཆོག་ལ་གཡོ་བ་མེད་པའི་དད་མོས་ཡོད་པ་དེ་གསལ་བོར་ཕྱི་ལ་བཏོན་ཡོད་པ་རེད། ཡིན་ནའང་། ཁོང་ཚོ་ལ་བྱུང་ངེས་པའི་མཇུག་འབྲས་ནི་སྔར་བཞིན་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་རྒྱུ་དེ་ཡིན་པ་བཤད་མ་དགོས་པ་ཞིག་རེད།

འདི་ལྟ་བུའི་མུན་ནག་དང་ཁྲག་དྲི་བྲོ་བའི་ལོ་ཟླའི་ནང་། ཁོང་ཚོས་མི་རིགས་ལ་བཅིངས་པའི་ལར་ཞེན་དང་སྙིང་སྟོབས་ནི་ནམ་ཡང་ཉམས་མེད་ལ། རྒྱ་ནག་སྲིད་གཞུང་གིས་བོད་ཀྱི་འཚེ་མེད་འཐབ་རྩོད་ཐོག་འཛིན་པའི་གདུག་རྩུབ་ཀྱི་བྱེད་ཐབས་དེ་དག་ནི། དོན་དུ་རྒྱ་ནག་སྲིད་གཞུང་གི་སྟོབས་ཤུགས་མངོན་པ་མ་ཡིན་པར། རྒྱ་གཞུང་གི་ནུས་མེད་ཨུ་ཐུག་གི་རྣམ་པ་དེ་མཚོན་གྱི་ཡོད། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ཡོད་ཀྱི་གནས་ཚུལ་ཙམ་གླེང་བ་དང་ ༸གོང་ས་མཆོག་གི་སྐུ་པར་བཤམས་པ་ཙམ་གྱིས་ཀྱང་། བོད་མི་རྣམས་བཀག་ཉར་དང་བཙོན་འཇུག་བྱེད་བཞིན་པ་དེས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ཡ་ང་སྙིང་རྗེ་མེད་པའི་གནས་སྟངས་དེ་མངོན་ཡོད།

དེ་རིང་ནི་རྒྱལ་སྤྱིའི་མནར་གཅོད་བཀག་སྡོམ་དུས་དྲན་ཉིན་མོ་ཡིན། དེ་བས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཡར་ལངས་ཏེ་མནར་གཅོད་མྱངས་དང་མྱོང་བཞིན་པའི་བཙོན་པ་དེ་དག་ལ་བརྡ་ལན་གསལ་བོ་ཞིག་སྤྲོད་དགོས། རྒྱུ་མཚན་ནི་ཁོང་ཚོས་མྱངས་པའི་གཅར་རྡུར་མནར་གཅོད་རྣམས་ནམ་ཡང་བརྗེད་ཐབས་བྲལ་ཞིག་ཆགས་ཡོད། མནར་གཅོད་མཚམས་འཇོག་དང་མནར་གཅོད་བྱེད་ཐབས་དག་རྩ་མེད་གཏོང་དགོས་པ་ནི། རྒྱལ་སྤྱིའི་མནར་གཅོད་བཀག་སྡོམ་སྤྱི་ཆིངས་གཏན་འབེབས་དང་དེ་རིང་དུས་དྲན་ཉིན་མོ་འདི་བརྩི་སྲུང་ཞུ་དགོས་པའི་ཐུན་མོང་གི་དམིགས་ཡུལ་ཉག་གཅིག་རེད། དེ་བཞིན། འཇིགས་མེད་རྒྱ་མཚོ་དང་ཁོང་ནང་བཞིན་རྒྱ་ནག་གི་བཙོན་འོག་ཏུ་མནར་གཅོད་མྱངས་དང་མྱོང་བའི་བཙོན་པ་རྣམས་ཀྱིས་སྙིང་ནས་རེ་ཞིང་མིག་གིས་མཐོང་འདོད་པའི་རེ་བ་ཉག་གཅིག་ཀྱང་ཡིན།

དེ་བཞིན། གདུག་རྩུབ་ཆེ་བའི་མནར་གཅོད་ཀྱི་བྱེད་ཐབས་འདི་རིགས་རྒྱ་ནག་ནང་དུ་རྩ་བ་ནས་བཀག་འགོག་དང་། མི་མང་པོར་རྒྱ་ནག་སྲིད་གཞུང་གི་མནར་གཅོད་འདི་རིགས་ཀྱི་གནོད་འཚེ་མི་ཐེབས་ཆེད་དུ། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ངེས་པར་དུ་རྒྱ་གཞུང་ལ་གནོན་ཤུགས་སྤྲད་དེ་སྐྱོ་གར་འདི་དག་བསྐྱར་དུ་མི་འབྱུང་བ་བྱ་དགོས། ལྷག་པར་དུ་ད་ལོ་སྤྱི་ཟླ་ ༡༠ པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་ཐོབ་ཐང་གནས་སྟངས་ལྟ་རྟོག་ཚོགས་ཆེན་སྟེང་། རྒྱ་ནག་གཞུང་གིས་དེ་སྔོན་རྒྱལ་སྤྱིའི་ཁྲིམས་དོན་ཁག་ཁས་ལེན་བྱས་ཡོད་པ་རྣམས་ལག་བསྟར་བྱེད་འཇུག་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་རང་འགུལ་ཐོག་ནས་མནར་གཅོད་བྱེད་ཐབས་འདི་རིགས་མཚམས་འཇོག་དང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ནང་གཏན་འབེབས་བྱས་པ་ཁག་ཕུད་པའི་བཀག་སྡོམ་མནར་གཅོད་རིགས་མཐའ་གཅིག་ཏུ་མཚམས་འཇོག་བྱེད་འཇུག་དགོས་ལ། རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་འབྲེལ་ཡོད་མི་སྣ་རྒྱ་ནག་ནང་རང་དབང་ཐོག་ཡོང་བཅུག་སྟེ་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ལྟ་རྟོག་ཞིབ་འཇུག་དང་། བོད་དང་རྒྱ་ནག་ནང་ཡོད་པའི་བཙོན་ཁང་ནག་པོ་ཡོངས་རྫོགས་གཏན་དུ་སྒོ་རྒྱག་དགོས་པ་ཁག་ལེན་བྱེད་འཇུག་དགོས།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས།
ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༦ ཚེས་ ༢༦ ཉིན་ལ།

to top