༢༠༡༢ ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཁོངས་སུ་བོད་མིའི་ཕྱི་བསྐྱོད་ལམ་ཡིག་ཕྱིར་བསྡུ་བྱས་ཏེ་བོད་མི་རྣམས་ཕྱི་ཕྱོགས་སུ་འགྲོ་བསྐྱོད་མི་ཐུབ་པའི་བཀག་སྡོམ་བཟོས་ཡོད། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༩ ཉིན་བོད་རང་སྐྱོང་ལྗོངས་ཀྱིས་འགྲེམས་བསྒྲགས་བྱས་པའི་བོད་མིའི་ཕྱི་བསྐྱོད་ལམ་ཡིག་བཀག་སྡོམ་ཐད་ཀྱི་ཡིག་ཆ་ཞིག་འདི་ག་ལྟེ་གནས་ཁང་ལ་ལག་སོན་བྱུང་བའི་ནང་། རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཁོངས་སུ་བོད་མི་ཚང་མའི་འགྲོ་བསྐྱོད་རང་དབང་རྡོག་རོལ་བཏང་ཡོད། དེར་མ་ཟད། ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་སྔར་ལས་ལྷག་པར་འགྲོ་བསྐྱོད་བཀག་སྡོམ་ཤུགས་ཆེ་རུ་བཏང་སྟེ། བོད་མི་རྣམས་ཆོས་ལུགས་བྱེད་སྒོ་དང་གནས་ཆེན་ཁག་ཏུ་མཆོད་འཇལ་ཆེད་བསྐྱོད་རྒྱུར་ཡང་བཀག་སྡོམ་བྱས་ཡོད།
རྒྱ་གཞུང་ནི་ <<ཆབ་སྲིད་དང་སྤྱི་དམངས་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས>> ལ་མཚན་རྟགས་བཀོད་དེ་ངོས་འཛིན་བྱེད་མཁན་ཚོགས་མི་རྒྱལ་ཁབ་གྲས་ཀྱི་གཅིག་ཆགས་ཡོད་པའི་ངོས་ནས། སྤྱི་ཆིངས་དེའི་དོན་ཚན་ ༡༢ པའི་ནང་གསེས་ཚན་པ་ ༢ པའི་ནང་། རྒྱལ་ཁབ་ཀྱི་ཁྲིམས་མཐུན་སྤྱི་དམངས་རྣམས་རྒྱལ་ཁོངས་སུ་རང་དབང་སྒོས་འགྲོ་བསྐྱོད་དང་གནས་སྡོད་ཀྱི་ཐོབ་ཐང་ཡོད་པ་མ་ཟད། སྤྱི་དམངས་མི་སུ་ཞིག་ཡིན་ཡང་སོ་སོའི་རྒྱལ་ཁོངས་ཚུད་པའི་རྒྱལ་ཁབ་གང་རུང་ནས་ཀྱང་ཁ་འབྲལ་རྒྱུའི་རང་དབང་ཡོད་པ་གསལ་བོར་བཀོད་ཡོད། དེ་བཞིན། འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྷན་ཚོགས་ཀྱི་སྤྱིར་བཏང་འགྲེལ་བརྗོད་ཡིག་ཆ་ཨང་ ༢༧ པའི་ནང་། དུས་ཚོད་ཀྱི་ཚད་བཀག་དང་དམིགས་ཡུལ་གང་རུང་ལ་ཁག་དཀྲི་བྱས་ཏེ་རྒྱལ་སྤྱིའི་ནང་འགྲུལ་བསྐྱོད་ཐད་བཀག་འགོག་བཟོ་མི་ཆོག་པའི་ཐད་འགྲེལ་བརྗོད་བྱས་ཡོད། གལ་སྲིད། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་བའི་སྒྲིག་ལམ། སྤྱི་བའི་འཕྲོད་བསྟེན་དང་བཟང་སྤྱོད། མི་གཞན་གྱི་ཐོབ་ཐང་དང་རང་དབང་བཅས་སྲུང་སྐྱོབ་ཁོ་ནའི་ཆེད་དུ་དགོས་ངེས་ཚད་བཀག་བཟོ་ཆོག་པ་མ་གཏོགས། གཞན་སྲིད་གཞུང་གི་ངོས་ནས་འགྲུལ་བསྐྱོད་ལ་བཀག་སྡོམ་བྱེད་པ་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་ཚབས་ཆེན་ཞིག་ཏུ་ངོས་འཛིན་བྱས་ཡོད།
བོད་རང་སྐྱོང་ལྗོངས་ཀྱིས་ཁྲིམས་སྒྲིག་གཏན་འབེབས་ཀྱི་སྒོ་ནས་བོད་མིར་ཕྱི་བསྐྱོད་ལམ་ཡིག་རག་རྒྱུར་བཀག་སྡོམ་བྱས་པ་དེས། བོད་མི་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་འགྲོ་བསྐྱོད་རང་དབང་ཐད་ཚད་བཀག་ཆེན་པོ་ཐེབས་ཡོད། བཀག་སྡོམ་ཁྲིམས་སྒྲིག་ཡིག་ཆ་དེའི་དོན་ཚན་དང་པོའི་ནང་། དུས་ཡུན་མ་རྫོགས་པའི་ཕྱི་བསྐྱོད་ལམ་ཡིག་ཚུད་པའི་བོད་མིའི་ཕྱི་བསྐྱོད་ལམ་ཡིག་ཡོངས་རྫོགས་ཕྱིར་བསྡུ་བྱས་ཏེ། བོད་མི་རྣམས་ལ་འདྲི་གཅོད་ཞིབ་བཤེར་ནན་མོ་བརྒྱུད་ནས་གློག་རྡུལ་ཅན་གྱི་ཕྱི་བསྐྱོད་ལམ་ཡིག་གསར་པ་ཞུ་དགོས་ཀྱི་ཡོད། ཕྱི་བསྐྱོད་ལག་ཁྱེར་དེ་རག་རྒྱུར་ཞིབ་བཤེར་འདྲི་རྟོག་རིམ་པ་ ༡༠ ཙམ་བརྒྱུད་དགོས་ཀྱི་ཡོད་པ་རེད། ས་གནས་ཀྱི་ཉེན་རྟོག་ཁང་དུ་སྙན་ཞུ་ཕུལ་ཏེ་དྲི་ཞིབ་བྱས་རྗེས། ས་གནས་ཞང་དང་རྫོང་། ས་ཁུལ། རང་སྐྱོང་ལྗོངས་བཅས་རིམ་པ་བཞིན་བརྒྱུད་ནས་ཞིབ་བཤེར་འདྲི་རྟོག་བྱ་དགོས་ཀྱི་ཡོད། དེར་མ་ཟད། སྐབས་རེར་ས་གནས་ཉེན་རྟོག་སྡེ་ཁག་གི་འགག་སྒོ་འགྲོ་འོང་དོ་དམ་ལས་ཁུངས་ཀྱིས་ཞིབ་བཤེར་དང་། དེ་ནས་ལས་ཁུངས་དེ་གའི་མགོ་གཙོ་ཡིས་ཞིབ་བཤེར་བྱས་རྗེས། རིམ་པས་ས་གནས་ཞང་དང་རྫོང་། ས་ཁུལ། རང་སྐྱོང་ལྗོངས་བཅས་བརྒྱུད་ནས་ཞིབ་བཤེར་བྱ་དགོས། ཡིན་ནའང་། དོ་སྣང་བྱ་དགོས་པ་ཞིག་ལ་བཀག་སྡོམ་སྒྲིག་གཞི་དེའི་ནང་ཞིབ་བཤེར་བྱ་ཕྱོགས་ཐད་ཆ་རྐྱེན་མང་པོ་ཞིག་བཏོན་ཡོད་པ་མ་གཏོགས། མི་སྒེར་གང་དེར་ཕྱི་བསྐྱོད་ལམ་ཡིག་ཅི་ལྟར་རག་ཐུབ་མིན་དང་། ཕྱི་བསྐྱོད་ལམ་ཡིག་དེ་དུས་བཀག་ག་ཚོད་ནང་རག་གི་ཡོད་མེད། གལ་སྲིད་ལམ་ཡིག་མ་རག་ཚེ་ཞུ་གཏུགས་ཐོབ་ཐང་ག་རེ་ཡོད་མེད་སོགས་རྒྱ་གཞུང་གིས་གཅིག་ཀྱང་བཀོད་མི་འདུག
བོད་མི་སུ་ཞིག་ལ་ཕྱི་བསྐྱོད་ལམ་ཡིག་རག་པ་ཡིན་ན། སྔོན་ལ་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་ལ་གནོད་པའི་ལས་ཀ་ཅི་ཡང་མི་སྒྲུབ་པའི་ཁས་ལེན་གན་རྒྱ་འཇོག་དགོས་ཀྱི་ཡོད་པ་རེད། གལ་སྲིད་ཁྲིམས་འགལ་གྱི་བྱ་སྤྱོད་གང་རུང་ཁྲོད་མཉམ་ཞུགས་བྱས་པ་ཡིན་ན་ཕྱི་བསྐྱོད་ལམ་ཡིག་ཕྱིར་བསྡུ་རྩིས་མེད་བཟོ་བཞིན་ཡོད། རྒྱ་གཞུང་གི་ཉེས་ཁྲིམས་དོན་ཚན་ ༧ པའི་ནང་། སྤྱི་དམངས་རྣམས་ཕྱི་རྒྱལ་ཡུལ་གྲུར་འགྲོ་བསྐྱོད་ཆོག་པའི་སྐོར་ཁྲིམས་ལུགས་ཐོག་ངོས་ལེན་གཏན་འབེབས་བྱས་ཡོད། སྤྱིར་བཏང་རྒྱ་གཞུང་གི་ཉེས་ཁྲིམས་ནང་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་དང་། ལྷག་པར་དུ་རྒྱལ་ཁབ་ཀྱི་གསང་བ་དང་ངན་སྐུལ་ཞེས་པའི་ནག་ཉེས་དེ་རིགས་ཁ་གསལ་གང་ཡང་བཀོད་མེད་སྟབས། སྤྱི་ཡོངས་ཀྱི་ཐོག་ནས་བོད་མིའི་ཕྱི་བསྐྱོད་ཐོབ་ཐང་ལ་ཚད་བཀག་བཟོ་བཞིན་ཡོད། དེ་ལ་བརྟེན་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གཞན་དག་སྟེ། སྨྲ་བརྗོད་དང་འདུ་འཛོམས་རང་དབང་སོགས་ལ་བཀག་སྡོམ་ཐེབས་བཞིན་ཡོད། དཔེར་ན། རྒྱ་གཞུང་ལ་བསྐྱོན་བརྗོད་བྱས་པ་དང་ཆོས་ལུགས་བྱེད་སྒོའི་འདུ་འཛོམས་ལ་མཉམ་ཞུགས་སོགས་ཀྱི་རང་དབང་ཡང་བཙན་འཕྲོག་བྱེད་ཀྱིན་ཡོད་པ་རེད། <<ཆབ་སྲིད་དང་སྤྱི་དམངས་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས>> དོན་ཚན་ ༡༢ ནང་གསེས་ ༣ པའི་ནང་། རྒྱལ་ཁབ་སོ་སོའི་སྲིད་གཞུང་གི་ངོས་ནས་སྤྱི་དམངས་རྣམས་ཕྱིའི་ཡུལ་གྲུ་ཁག་ནང་འགྲོ་བསྐྱོད་ཐད་བཀག་སྡོམ་གྱིས་འགྲོ་བ་མིའི་ཐོབ་ཐང་གཞན་དག་རྡོག་རོལ་གཏོང་མི་ཆོག་པ་གཏན་ལ་ཕབ་ཡོད།
རྒྱ་གཞུང་གིས་ཁྲིམས་ལུགས་གཏན་འབེབས་ཀྱི་ཐོག་ནས་མི་སྒེར་གྱི་ཕྱི་བསྐྱོད་ལམ་ཡིག་བཀག་སྡོམ་བཟོས་པ་དེ་ནི། གོང་གསལ་རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱབ་འགལ་ཆགས་ཡོད། རྒྱ་གཞུང་གི་བཀག་སྡོམ་ཁྲིམས་སྒྲིག་ཡིག་ཆ་དེའི་དོན་ཚན་གསུམ་པའི་ནང་། བོད་མི་རྣམས་ཕྱིའི་ཡུལ་གྲུ་ཁག་ནང་བསྐྱོད་ནས་ཕྱིར་རྒྱལ་ནང་དུ་ལོག་རྗེས་ཉིན་བདུན་ནང་ཚུད་ལམ་ཡིག་ཕྱིར་འབྲེལ་ཡོད་ལས་ཁུངས་ལ་རྩིས་སྤྲོད་དགོས་པ་དང་། དེ་བཞིན་ཉེན་རྟོག་སྡེ་ཁག་གི་འགན་ལེན་མི་སྣས་ཕྱི་བསྐྱོད་བྱེད་མཁན་བོད་མི་ཚོར་འདྲི་གཅོད་བྱ་དགོས་ཀྱི་ཡོད། ཡིན་ནའང་། བོད་མི་དེ་དག་ལ་ཕྱི་བསྐྱོད་ལམ་ཡིག་དེ་ཕྱིར་ག་དུས་རག་མིན་གསལ་ཁ་གང་ཡང་མེད་པ་དང་། འདྲི་གཅོད་ཀྱི་དུས་ཡུན་རིང་ཐུང་དང་འདྲི་གཅོད་ཀྱི་ནང་དོན་གང་ཡིན་སྐོར་ཡང་གསལ་པོ་མེད་པ་རེད།
རྒྱ་གཞུང་གི་གཏན་འབེབས་བྱས་པའི་ཁྲིམས་སྒྲིག་ཡིག་ཆ་དེ་ཡིས་བོད་མི་རྣམས་འཛམ་གླིང་ཡུལ་གྲུ་ཁག་ནང་འགྲོ་བསྐྱོད་ཐད་བཀག་སྡོམ་ཐེབས་ཀྱིན་ཡོད། ཁྲིམས་སྒྲིག་ཡིག་ཆ་དེའི་ནང་ཕྱི་བསྐྱོད་ལམ་ཡིག་ཕྱིར་བསྡུ་དང་གསར་པ་རག་རྒྱུར་ཞིབ་བཤེར་དྲི་རྟོག་རིམ་པ་མང་པོ་བརྒྱུད་དགོས་པ་དེ་ཡིས་བོད་མི་ཚང་མའི་འགྲོ་བསྐྱོད་རང་དབང་ཐད་ཚད་བཀག་ཆེན་པོ་བཟོ་བཞིན་ཡོད། སྤྱིར་རྒྱ་གཞུང་གིས་ཁྲིམས་སྒྲིག་གཏན་འབེབས་ཏེ་དག་བརྒྱུད་ནས། རྒྱ་གཞུང་རང་གི་དམིགས་ཡུལ་བསྒྲུབ་པར་ཡིན་གཅིག་མིན་གཅིག་བོད་མི་ཚོའི་ལམ་ཡིག་ཡོངས་རྫོགས་ཕྱིར་བསྡུ་བྱས་ཏེ། སླར་ཡང་ལམ་རིག་གསར་པ་བཟོ་རུ་བཅུག་ནས་ཁོ་ཚོའི་འགྲོ་འོང་བཀག་རྒྱ་བཟོ་དགོས་ཀྱིན་མེད་པར། རྒྱ་གཞུང་གི་ངོས་ནས་ལམ་ཡིག་རྣམས་དུས་ཚོད་མ་རྫོགས་བར་དུ་ངང་སྒུག་བྱས་ཏེ། ལམ་ཡིག་རྣམས་དུས་ཡུན་རྫོགས་རྗེས་གཞི་ནས་གློག་རྡུལ་ལམ་ཡིག་གསར་པ་བཟོ་རུ་བཅུག་ན། ཕྱོགས་གཉིས་ཀར་དཀའ་རྙོག་ལས་ཚེགས་ཉུང་བའི་དགོས་པ་ཆེན་པོ་ཡོད། དེར་མ་ཟད། བལ་ཡུལ་ནང་ཡོད་པའི་བོད་མི་རྣམས་ལ་མཚོན་ནའང་། ཕྱི་བསྐྱོད་ལམ་ཡིག་རྙིང་པ་རྣམས་ཕྱིར་བསྡུ་བྱས་པར་བརྟེན་ནས། ལམ་ཡིག་གསར་པ་མ་རག་བར་དུ་ཕྱིར་བོད་ནང་ལོག་མ་ཐུབ་པར་བལ་ཡུལ་ནང་ཁེགས་ནས་སྡོད་དགོས་བྱུང་ཡོད།
བོད་མིའི་ཕྱི་བསྐྱོད་ལམ་ཡིག་ཐད་བཀག་སྡོམ་ནན་མོ་བྱས་པའི་རྐྱེན་གྱིས་བོད་མིའི་འགྲོ་བསྐྱོད་རང་དབང་རྡོག་རོལ་ཐེབས་བཞིན་ཡོད། རྒྱ་གཞུང་གིས་བྱ་སྤྱོད་དེ་དག་ལ་བརྟེན་ནས་བོད་མི་རྣམས་ཀྱི་འདུ་ཤེས་ཁྲོད་ཕྱི་བསྐྱོད་ལག་ཁྱེར་ཐོབ་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་ཡོད་པའི་ཚོར་བ་རང་བཞིན་གྱིས་སླེབས་ཡོད། དེ་བཞིན། རྒྱ་གཞུང་གི་གཞུང་ཞབས་ལས་བྱེད་རྣམས་སྒེར་དོན་ཆེད་ཕྱིའི་ཡུལ་གྲུ་ཁག་ནང་བསྐྱོད་པར། དམིགས་བསལ་གནས་ཚུལ་གྱི་འོག་ནས་མ་གཏོགས་སྤྱི་བཏང་གི་ཆ་ནས་ཕྱི་བསྐྱོད་ལམ་ཡིག་སྤྲོད་མི་ཆོག་པ་གཏན་འབེབས་བྱས་འདུག རྒྱ་གཞུང་གིས་ཕྱི་བསྐྱོད་ལམ་ཡིག་སྤྲོད་སྟངས་ཐད་ཁྲིམས་སྒྲིག་གསར་བ་བཟོས་བཞིན་པ་དེས། བོད་མི་རྣམས་ལ་ཕྱི་བསྐྱོད་ཐད་དཀའ་ངལ་འཕྲད་བཅུག་སྟེ་འགྲོ་བསྐྱོད་རང་དབང་རྡོག་རོལ་གཏོང་བཞིན་ཡོད། བོད་མི་རྣམས་ཕྱི་རྒྱལ་ཡུལ་གྲུ་ནང་བསྐྱོད་ནས་ཕྱིར་རྒྱལ་ནང་ལོག་རྗེས་ཕྱི་བསྐྱོད་ལམ་ཡིག་ཕྱིར་བསྡུ་བྱེད་བཞིན་པ་དང་། ཕྱི་བསྐྱོད་ལམ་ཡིག་ཐོབ་རྒྱུར་དྲི་རྟོག་བརྒྱུད་རིམ་མང་པོ་ཞིག་བརྒྱུད་དགོས་བཅས་ལ་བརྟེན་ནས། བོད་མི་སྤྱི་དམངས་རྣམས་རྒྱལ་སྤྱིའི་ཡུལ་གྲུ་ཁག་ནང་འགྲོ་བསྐྱོད་ཐད་བཀག་སྡོམ་ཆེན་པོ་ཐེབས་བཞིན་ཡོད། བོད་མི་རིགས་ལ་འཕྲད་ཀྱིན་པའི་དཀའ་ངལ་དེ་རིགས་རྒྱ་རིགས་རྣམས་ལ་འཕྲད་ཀྱིན་ཡོད་པ་མ་རེད། དེ་བས། རྒྱ་གཞུང་གི་ངོས་ནས་ཆེད་དུ་དམིགས་ནས་བོད་མི་རྣམས་ལ་ཕྱི་བསྐྱོད་ལམ་ཡིག་སྤྲོད་རྒྱུར་བཀག་སྡོམ་དང་ཞིབ་བཤེར་ནན་མོ་བྱེད་བཞིན་པ་དེས། བོད་མི་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་འགྲོ་བསྐྱོད་ཀྱི་རང་དབང་ཐོབ་ཐང་བརྡལ་བཤིག་བཏང་ཡོད། རྒྱ་གཞུང་གིས་བཀག་སྡོམ་ཁྲིམས་སྒྲིག་ཡིག་ཆ་དེ་བཟོས་ནས་འདས་པའི་ལོ་གཅིག་ལྷག་གི་རིང་། གཞུང་འབྲེལ་ཕྱོགས་བསྐྱོད་མ་ཚུད་པའི་གཞན་ཨ་རི་དང་ཉི་ཧོང་སོགས་ནང་སློབ་སྦྱོང་ཆེད་ཕྱོགས་བསྐྱོད་སོགས་ཀྱིས་མཚོན་པའི་བོད་མི་རྣམས་ལ་སྒེར་ངོས་ཀྱི་ཕྱི་བསྐྱོད་ཐོབ་ཐང་གཅིག་ཀྱང་རག་མེད་པ་རེད།
ཕྱི་ལོ་ ༢༠༡༢ ལོའི་བཀག་སྡོམ་ཁྲིམས་སྒྲིག་ཡིག་ཆ་དེ་འགྲེམས་སྒྲིག་བྱས་པའི་མཇུག་འབྲས་ནི། བོད་རང་སྐྱོང་ལྗོངས་ནང་བོད་མི་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་འགྲོ་བསྐྱོད་བཀག་འགོག་ཐེབས་པ་དེ་ཆགས་ཡོད། དེར་མ་ཟད། བོད་མི་དེ་རྣམས་ས་མཚམས་ཁུལ་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་དག་ལ་མཉམ་ཞུགས་ཆེད་དུའང་འགྲོ་མི་ཆོག་པ་བཟོས་ཡོད། ལྷག་པར་དུ་འབྲི་རུ་རྫོང་ལ་ཆ་མཚོན་པ་ཡིན་ན། བོད་མི་རྣམས་སོ་སོའི་ས་གནས་རྫོང་གི་ཕྱི་ལོགས་སུའང་རང་དབང་འགྲོ་བསྐྱོད་མི་ཆོག་པ་བཟོས་ཡོད། བོད་མིའི་འགྲོ་བསྐྱོད་རང་དབང་གི་ཐོབ་ཐང་རྣམས་རྒྱ་གཞུང་གིས་ཁྲིམས་སྒྲིག་གཏན་འབེབས་ཀྱི་ཐོག་ནས་བཙན་འཕྲོག་བྱེད་བཞིན་པའི་གནས་སྟངས་དེས། རྒྱ་གཞུང་གིས་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུ་ཡིན་པར་སྒྲོག་བཞིན་པའི་ཁས་ལེན་དམ་བཅའ་དང་རྒྱབ་འགལ་དུ་འགྲོ་བཞིན་པ་གསལ་སྟོན་བྱས་ཡོད།