ཉེ་ལམ་ཕྱི་ཟླ་ ༦ པའི་ཚེས་ ༡༧ ཉིན་གཉན་པོ་གཡུ་རྩེ་ལྗོངས་ཁུལ་སྲུང་སྐྱོབ་དོ་དམ་ལས་ཁུངས་ཟེར་བའི་བཀོད་ཁྱབ་ནང་དུ་མདོ་སྨད་མགོ་ལོག་ཆིག་སྒྲིལ་རྫོང་ཁོངས་སོག་རུ་གྲོང་དུ་ཆགས་པའི་བོད་ཡུལ་གྱི་བླ་རི་གྲགས་ཅན་ཤར་གཉན་པོ་གཡུ་རྩེའི་ས་ཁུལ་དུ་ཚོགས་སྒེར་སུ་ཞིག་ཀྱང་འགྲོ་མི་ཆོག་པའི་བཙན་བཀའ་བཏང་འདུག
དོན་ཚན་ལྔ་ཅན་གྱི་བཀོད་ཁྱབ་དེས་སྤྱི་སྒེར་སུ་ཡིན་རུང་ཆོག་མཆན་མེད་པར་གཉན་པོ་གཡུ་རྩེར་རང་བྱུང་ཉམས་ལེན་དང་སྐྱེ་ཁམས་ཞིབ་འཇུག་སོགས་ཀྱི་ཆེད་དུ་འགྲོ་མི་ཆོག་པ་གསལ་ཞིང་བཀོད་ཁྱབ་དང་འགལ་ཚེ་ཁྲིམས་ལྟར་ཉེས་ཆད་གཅོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་བ་མ་ཟད་བཀོད་ཁྱབ་དེས་མི་ཚོར་ཆོག་མཆན་མེད་པའི་བྱ་སྤྱོད་མཐོང་ན་བཀག་འགོག་དང་རྩིས་སྤྲོད་དགོས་པའི་སྐུལ་མ་བྱས་འདུག
མགོ་ལོག་གཉན་པོ་གཡུ་རྩེ་ནི་མགོ་ལོག་གི་བླ་རི་རྩ་ཆེ་ཤོས་དེ་ཡིན་པ་མ་ཟད་བོད་ཁམས་ཡོངས་ཀྱི་གནས་རྩ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པས་དེར་འགྲོ་སྐྱོད་མི་ཆོག་པའི་བཀོད་ཁྱབ་བཏང་བ་དེས་ལོ་ངོ་བརྒྱ་ཕྲག་མང་པོར་རྒྱུད་འཛིན་བྱས་པའི་བོད་ཀྱི་ཡུལ་ལྷ་གསོལ་མཆོད་བྱ་རྒྱུའི་ཆོས་ཕྱོགས་ཀྱི་བྱ་བར་བཀག་བསྡོམས་བྱས་པ་ཆགས་ཡོད། མགོ་ཡུལ་གྱི་བོད་མི་མང་པོས་ཐེངས་འདིའི་བཀོད་ཁྱབ་དེས་བསམ་བཞིན་དུ་བོད་མི་ཚོའི་ཡུལ་ལྷ་བསྟེན་གསོལ་བྱ་རྒྱུའི་ཆོས་ཕྱོགས་ཀྱི་བྱ་བར་བཀག་བསྡོམས་བྱས་ནས་བོད་མི་འདུ་འཛོམས་བྱ་བར་བཀག་བསྡོམས་བྱས་ཡིན་པར་ཡིད་ཆེས་བྱེད་བཞིན་འདུག
གཉན་པོ་གཡུ་རྩེ་ནི་མཐའ་རུ་མཚོ་དང་མཚེའུ་ ༣༦༠ ཙམ་གྱིས་བསྐོར་ཞིང་ཡུལ་ཀྱི་བཀོད་པ་ཤིན་ཏུ་ཉམས་དགའ་ལ་ཆུ་ཚན་རང་འབབ་ལྡན་པ་བོད་ཡུལ་གྱི་དད་ལྡན་སྐྱེས་པོ་སྟོང་ཕྲག་མང་པོའི་དད་པའི་རྟེན་ཞིང་ཞིག་ཏུ་བརྩི་བཞིན་ཡོད།
ཕྱི་ལོ་ ༡༩༩༢ ལོའི་ཟླ་ ༧ པའི་ཚེས་ ༡༧ ཉིན་གུང་ཐང་སྐུ་ཕྲེང་དྲུག་པ་ཚང་གི་སྐུ་མདུན་ནས་མགོ་ལོག་ཨ་སྐྱོང་ཁང་རྒན་དང་ཨ་སྐྱོང་ཁང་གསར་གཉིས་ཀྱིས་ཡུན་རིང་གི་འཐབ་འཁྲུག་མཚམས་བཞག་ནས་གཡུ་རྩེའི་མཚོ་འགྲམ་དུ་འགྲིག་མཐུན་བྱས་ཤིང་འདུམ་སྒྲིག་སྐབས་སུ་གུང་ཐང་ཚང་གི་སྐུ་རགས་ལ་རྩེར་བཏགས། དེ་ནས་བཟུང་ཨ་སྐྱོང་ཚོ་པ་གཉིས་ཀས་ལོ་རེའི་བོད་ཟླ་དྲུག་པར་རྒྱུན་ཆད་མེད་པར་ལ་རྩེ་བསྟོད་ཅིང་བསང་མཆོད་བྱས་ནས་ཡུལ་ལྷ་བསྟེན་གསོལ་དང་འཆམ་རྒྱུན་སྐྱོང་བྱས།
སྔོན་ཆད་གཉན་པོ་གཡུ་རྩེར་ལོ་ལྟར་ཡུལ་སོ་སོ་ནས་བོད་མི་སྟོང་ཕྲག་མང་པོ་གནས་མཇལ་དུ་ཡོང་གི་ཡོད་ཀྱང་ཕྱི་ལོ་ ༢༠༡༨ ལོ་མཙ་ནས་བཟུང་རྒྱ་ནག་གཞུང་གིས་‘རང་བྱུང་སྐྱེས་ཁམས་སྲུང་སྐྱོབ་’ཀྱི་མིང་ཐོག་ནས་འགྲོ་འོང་ལ་ཚོད་འཛིན་ནན་པོ་བྱས་པར་བརྟེན་གནས་མཇལ་བའི་གྲངས་ཚད་ཧ་ཅང་ཇེ་ཉུང་དུ་སོང་ཡོད། རྒྱ་ནག་གཞུང་གིས་མགོ་ལོག་གཉན་པོ་གཡུ་རྩེ་དེ་ཉིད་གཙང་གསུམ་འབྱུང་རང་བྱུང་སྐྱེས་ཁམས་སྲུང་སྐྱོབ་ས་ཁུལ་དུ་བཅུག་རྒྱུའི་དམིགས་ཡུལ་བཟུང་ཡོད། གཙང་གསུམ་འབྱུང་ཁུངས་རང་བྱུང་སྐྱེས་ཁམས་ཁྲོད་དུ་བོད་ཡུལ་གྱི་ཡུལ་ཤུལ་དང་མགོ་ལོག རྨ་ལྷོ། མཚོ་ལྷོ་སོགས་ཁུལ་བཞི་དང་རྫོང་ཁག་ ༢༡ ཙམ་ཚུད་ཡོད། ས་ཁུལ་དེ་ནས་ལོ་ལྟར་ཆུ་རྡོག་གཟུགས་མི་ཊར་དུང་ཕྱུར་ ༦༠༠ ཙམ་བཏོན་ནས་ཕྱོགས་སོ་སོའི་ས་བབ་དམའ་སར་བཞུར་བཞིན་ཡོད་པས་རྒྱ་ནག་གཞུང་གིས་གཙང་གསུམ་འབྱུང་ཁུངས་སྐྱེས་ཁམས་ས་ཁུལ་ལ་‘ཨེ་ཤི་ཡའི་ཆུ་མཛོད་’ཅེས་འབོད་བཞིན་ཡོད། ཧ་ཅང་འཇིགས་སླ་ཤིང་རིན་ཐང་ཆེ་བའི་བོད་ཀྱི་སྣོད་བཅུད་ཁམས་ལ་སྲུང་སྐྱོབ་ཚུལ་བཞིན་ཐོབ་ན་ཤིན་དགའ་འོས་པ་ཞིག་ཡིན་མོད་འོན་ཀྱང་རྒྱ་གཞུང་སྐྱེས་ཁམས་སྲུང་སྐྱོབ་ཀྱི་ལས་གཞི་དག་གི་དམིགས་ཡུལ་ནི་བཟོ་ལས་དར་ཆེ་བའི་རྒྱ་ནག་གྲོང་ཁྱེར་ཁག་གི་ཆུའི་དགོས་མཁོ་བསྐོང་ཆེད་དུ་བོད་ཀྱི་ཆུ་བོ་ཆེ་ཁག་གི་ཁ་ཕྱོགས་བསྒྱུར་རྒྱུ་དང་རང་བྱུང་གཏེར་ཁ་བདག་བཟུང་བྱས་རྒྱུ་དེ་ཡིན་པ་མངོན་གསལ་ཇེ་དོད་དུ་གྱུར་ཡོད། ད་བར་སྐྱེས་ཁམས་སྲུང་སྐྱོབ་ཀྱི་མིང་ཐོག་ས་གནས་བོད་མི་རྣམས་ཀྱི་འཚོ་གནས་ལ་བསམ་ཡུལ་ལས་འདས་པའི་དོ་ཕོག་བཏང་ཡོད་པ་མ་ཟད་བོད་མི་ཚོའི་ཆོས་ལུགས་དད་མོས་རང་དབང་ལའང་འདི་ལྟར་རྡོག་རོལ་ཐེབས་བཞིན་ཡོད།
ཉེ་དུས་བོད་ནང་གི་ཆོས་ཕྱོགས་ཀྱི་བྱ་བ་མང་པོར་རྒྱ་གཞུང་གིས་བཀག་བསྡོམས་བྱེད་བཞིན་པའི་སྒང་ནས་བསང་གསོལ་སོགས་ལ་ལྷག་ཏུ་བཀག་འགོག་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༢༢ ལོར་གསེར་རྟ་ནས་ཡིན་པའི་ཕྱུག་དར་དང་། རྒྱལ་ལོ། འབའ་མོ། ཀོ་རི་སོགས་བསང་གསོལ་བཏང་བའི་རྐྱེན་གྱིས་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་རྗེས་ཉེས་རྡུང་དྲག་པོ་བཏང་ནས་ཕྱུག་དར་དམར་གསོད་བཏང་བ་དང་། གཞན་རྣམས་ལ་ལོ་གཉིས་རེའི་བཅོན་འཇུག་ཁྲིམས་ཆད་བཏང་ཡོད། དེ་མིན་ཆོས་ལུགས་བྱེད་སྒོ་སྤེལ་བའི་རྐྱེན་གྱིས་འཇུ་བཟུང་བྱས་པའི་བོད་མི་ཧ་ཅང་མང་པོ་བྱུང་ཡོད།
ཕྱི་ལོ་ ༢༠༢༢ དང་ ༢༠༢༣ ལོའི་ནང་རྒྱ་ནག་གཞུང་གིས་‘དྲྭ་ལམ་ཆོས་ལུགས་ཆ་འཕྲིན་ཞབས་ཞུ་སྟངས་འཛིན་བྱེད་ཕྱོགས་’ཟེར་བའི་སྒྲིག་ཁྲིམས་དང་“ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་བྱེད་ཐབས་”ཟེར་བའི་ཁྲིམས་ཡིག་གསར་པ་གཉིས་དངོས་སུ་ལག་བསྟར་བྱས་པས་བོད་ནང་གི་ཆོས་ལུགས་དད་མོས་རང་དབང་གི་མཁའ་དབུགས་སྔར་ལས་ཀྱང་གུ་དོག་ཏུ་ཕྱིན་ཡོད།
ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༡ པོའི་ནང་དུ་མཚོ་སྔོན་ཞིང་ཆེན་དུ་རྒྱ་གཞུང་གིས་བོད་མི་ཚོས་དྲྭ་ཐོག་གི་ཆོས་ལུགས་འཆད་ཁྲིད་སོགས་ཀྱི་ཚོགས་པ་བཀག་བསྡོམས་བྱེད་པའི་བཀོད་ཁྱབ་བཏང་ཞིང་དེ་རིགས་ཀྱི་ཚོགས་པ་མུ་མཐུད་རྒྱུན་སྐྱོང་བྱས་པ་ཡིན་ཚེ་ཞིབ་གཅོད་དང་བཀག་ཉར་བྱ་སྲིད་པའི་ཉེན་བརྡ་བཏང་ཡོད། ལོ་དེའི་ཕྱི་ཟླ་ ༣ ཚེས་ ༡ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་“དྲྭ་ལམ་གྱི་ཆོས་ལུགས་ཆ་འཕྲིན་ཞབས་ཞུ་སྟངས་འཛིན་བྱེད་ཕྱོགས་”ཟེར་བའི་སྒྲིག་ཁྲིམས་གསར་དུ་ལག་བསྟར་བྱས་ཤིང་སྒྲིག་ཁྲིམས་དོན་ཚན་ ༡༧ པར་ཆོས་ལུགས་ལས་དོན་ལྷན་ཁང་ནས་དྲྭ་ལམ་གྱ་ཆོས་ལུགས་ཆ་འཕྲིན་ཞབས་ཞུ་སྒྲུབ་རྒྱུའི་ཆོག་མཆན་མེད་པར་མི་སྒེར་རམ་ཚོགས་སྡེ་གང་གིས་ཀྱང་ཆོས་ལུགས་ཀྱི་སྒྲ་དང་བརྙན་པར། ཡི་གེ་སོགས་དྲྭ་ལམ་དུ་སྤེལ་བའམ་བརྒྱུད་འགོད་བྱ་མི་ཆོག་པར་གསལ། སྒྲིག་ཁྲིམས་དེས་དྲྭ་ལམ་ཆོས་ལུགས་ཀྱི་བྱེད་སྒོ་དོ་དམ་ཆེད་དུ་ཆོས་ལུགས་ལས་དོན་ལྷན་ཁང་དང་། དྲྭ་རྒྱའི་ཆ་འཕྲིན་ལས་ཁུངས། བཟོ་ལས་དང་བརྡ་འཕྲིན་ལྷན་ཁང་། སྤྱི་བདེ་ལྷན་ཁང་། རྒྱལ་ཁབ་བདེ་འཇགས་ལྷན་ཁང་བཅས་ལ་ལས་འགན་སྐུལ་ཡོད་པ་མ་ཟད་ལས་ཁུངས་དེ་དག་ལ་སྒྲིག་ཁྲིམས་ཀྱི་ནང་དོན་གསེད་དཀྲོལ་བྱ་རྒྱུའི་དབང་ཚད་ཀྱང་སྤྲད་འདུག
ལས་ཁུངས་དེ་དག་མཉམ་རུབ་ཐོག་དྲྭ་ལམ་གྱི་ཆོས་ལུགས་བྱེད་སྒོ་དོ་དམ་དང་སྟངས་འཛིན་སྔར་ལྷག་བྱ་ཆེད་དུ་དྲྭ་ལམ་གྱི་ཆོས་ལུགས་བྱེད་སྒོར་ལྟ་རྟོགས་བྱེད་མཁན་གྱི་མི་སྣ་ཕོན་ཆེན་གསར་བསྐོ་བྱས་ཏེ་སྦྱོང་བརྡར་སྤྲོད་བཞིན་པ་མ་ཟད། དམངས་ཚོགས་ཁྲོད་དུ་“སྒྲིག་འགལ་”གྱི་དྲྭ་ལམ་གྱི་ཆོས་ལུགས་བྱེད་སྒོ་རིགས་འབྱུང་བ་མཐོང་ཚེ་གནས་ཚུལ་མཁོ་སྤྲོད་བྱས་ན་བྱ་དགའ་སྤྲོད་རྒྱུ་ཡིན་པ་དང་གནས་ཚུལ་སྤྲོད་མཁན་གྱི་མིང་སོགས་གསང་བ་བྱ་རྒྱུ་ཡིན་ཚུལ་སོགས་གསལ་བསྒྲགས་བྱས་འདུག