བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་གོ་སྒྲིག་བྱས་པའི་དུས་འཁོར་དབང་ཆེན་ཐེངས་༣༤དེ་འདི་ལོའི་ཕྱི་ཟླ་༡་ཚེས་༣ནས་༡༤བར་རྡོ་རྗེ་གདན་དུ་༧གོང་གི་མཆོག་གིས་གནང་མུས་སུ་ཡོད་སྐབས་དང་བསྟུན། རྒྱ་གཞུང་གིས་ཟླ་གཅིག་གི་གོང་དུ། དགོན་གྲོང་གཉིས་ལ་ཡོད་པའི་བོད་མི་རྣམས་དུས་དབང་ལ་དངོས་ཤུགས་བརྒྱུད་གསུམ་ནས་མཇལ་བཅར་དང་ཆ་ཤས་ལེན་མི་ཆོག་པའི་བཙན་བཀའ་བཏང་འདུག
རྒྱ་ནག་དབང་སྒྱུར་གྲལ་རིམ་གྱི་བོད་ས་བཅད་བགོས་ལྟར་ན། ཡོན་ནན་ཞིང་ཆེན་གྱི་བདེ་ཆེན་རྫོང་མི་དམངས་སྲིད་གཞུང་ཞེས་པའི་ངོས་ནས་ས་ཁུལ་དེའི་བོད་མི་སུ་ཞིག་དངོས་ཤུགས་བརྒྱུད་གསུམ་གང་རུང་ནས་དུས་འཁོར་དབང་ཆེན་དང་འབྲེལ་བ་བྱས་པ་ལྟ་བུ་བྱུང་ན་དེར་བསྟུན་གྱི་ཁྲིམས་འགལ་ཉེས་ཆད་གཅོད་རྒྱུ་ཡིན་པའི་ཡིག་ཆ་སྔ་ཕྱི་གཉིས་སྤྲད་འདུག་ཅིང་། ཡིག་ཆ་དང་བོ་དེ་ནི་སྔར་ལོའི་ཕྱི་ཟླ་༡ནང་། བདེ་ཆེན་རྫོང་གི་སྤྱི་བདེ་ལས་ཁུངས་དང་རྫོང་ཆོས་ལུགས་ལས་དོན་གཉིས་ཀྱི་ངོས་ནས་ཆེད་བཟོ་ཐོག སྐབས་དེར་ཕྱི་རུ་སོང་ཟིན་པའི་ནང་མི་ལ་གོང་གི་བརྡ་སྦྱོར་ཡི་གེ་སྤྲད་དེ། གང་མགྱོགས་ཕྱི་རུ་སོང་བའི་མི་དེ། ཏཱ་ལའི་ཕྱོགས་ཁག་གིས་ཁྲིམས་འགལ་ཐོག་སྤེལ་བཞིན་པའི་ཆོས་ལུགས་བྱེད་སྒོ་དེའི་ཆ་ཤས་མི་ལེན་པ་བྱ་ཐུབ་དགོས་ཞེས་བཙན་བཀའ་དང་སྦྲགས། བཀའ་ཟློག་བྱེད་མཁན་སུ་བྱུང་ཞིབ་འཇུག་གི་ཐོ་གཞུང་ནག་པོའི་ནང་དུ་བླུག་རྒྱུ་དང་། སྐྱིན་གསབ་དང་ཁྱིམ་ཐོ་སོགས་མེད་པ་བཟོ་ངེས་ཞེས་ས་གནས་སྲིད་གཞུང་གིས་ཉེན་བརྡ་སྤྲད་ཅིང་། ཡང་བཀའ་ཟློག་བྱེད་མཁན་དེ་ཉིད་གྲྭ་བཙུན་ཡིན་ཚེ། རྒྱལ་གཞུང་གི་གཞུང་འབྲེལ་ནང་བའི་མཐུན་ཚོགས་ཞེས་པའི་ཚོགས་མི་ནས་ཕྱིར་ཕུད་བྱ་ངེས་ཞེས་བཤད་འདུག
ཡང་ཡིག་ཆ་གཉིས་པ་དེས། བོད་མི་སུ་ཞིག་གིས་ཁྲིམས་འགལ་ཆོས་ལུགས་བྱེད་སྒོ་དེ། དུས་དབང་དང་འབྲེལ་བའི་སྒྲ་དང་པར། བརྙན་སོགས་དྲ་རྒྱ་བརྒྱུད་ནས་ལྟ་ཉན་དང་བརྒྱུད་གཏོང་བྱ་མི་ཆོག་ཅེས་བོད་མི་མང་ཚོགས་སྤྱི་ལ་ཉེན་བརྡ་སྤྲད་པ་ཞིག་ཆགས་འདུག
རྒྱ་གཞུང་གི་<མི་དམངས་བདེ་འཇགས་ཁྲིམས་>ཞེས་པའི་དོན་ཚན་༥༥ལྟར། བཀའ་ཟློག་མཁན་གྱི་སྐྱེ་བོ་སུ་ཡིན་ལ་ཁྲིམས་འགལ་འདུ་འཛོམས་ཀྱི་ཉེས་ཆད་ཅེས་པའི་ཉེས་འཛུགས་ཀྱི་ཉིན་གྲངས་༡༠ནས་༡༥བར་སྲིད་འཛིན་བཀག་ཉར་བྱ་རྒྱུ་ཞེས་དང་། དེ་ལྟ་བུ་དོན་ཚན་༥༥བའི་ནང་དུ། “སྐྱེ་བོ་སུ་ཞིག་གིས་སྲིད་གཞུང་གི་བཀའ་ཚིག་མ་རྩིས་པར་ཁྲིམས་འགལ་འདུ་འཛོམས་སྐོང་བའམ་ཆ་ཤས་ལེན་གང་ཡིན་ན། སྲིད་འཛིན་བཀག་ཉར་ཉིན་གྲངས་༡༠ནས་༡༥ཡིན་”ཞེས་གསལ་ཡོད། ཡང་དེ་ལས་ཉེན་འཚབ་ཆེ་བའི་རིགས་བྱུང་ཚེ། ཁྲིམས་དེའི་དོན་ཚན་༢༩༦་སྤྱི་བའི་བརྟན་ལྷིང་བཤིག་པ་ཞེས་པའི་ཉེས་བཙུགས་འོག འབྲེལ་ཡོད་མི་དེ་ཁྲིམས་ཆད་ལོ་༥་དང་། <<ཉེས་ཁྲིམས་>>ཀྱི་དོན་ཚན་༡༠༣དེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་པ་ཞེས་པའི་མིང་འོག་ནས། ཁྲིམས་ཆད་ལོ་༡༥འམ། དེ་ལས་ཉེན་འཚབ་ཅན་ལ་ཚེ་བཙོན་ནས་སྲོག་ཁྲིམས་ཀྱི་ཉེས་ཆད་གཅོད་ཀྱི་ཡོད་ཐོག ཆབ་སྲིད་ཐོབ་ཐང་འཕྲོག་པ་གཙོས། དམ་དྲག་སྣ་མང་ཞིག་བྱས་ཀྱི་ཡོད་འདུག
དེ་ལྟ་བུ་<མི་དམངས་བདེ་འཇགས་ཁྲིམས་>ཀྱི་དོན་ཚན་༢༩༦་ནང་དུ། “སྐྱེ་བོ་སུ་ཞིག་གིས། འདུ་འཛོམས་དང་ངོ་རྒོལ་སོགས། ཁྲིམས་ལྟར་སྲིད་གཞུང་ལ་ཆོག་མཆོན་མ་ཞུ་བའམ། སྲིད་གཞུང་གི་བཀའ་འཁྲོལ་མེད་བཞིན་གོ་སྒྲིག་ཞུ་བ། ཡང་བཀའ་མངགས་ལྟར་མ་ཡིན་པར། འགོ་བཙུགས་དང་མཇུག་བསྡུས་དུས་ཚོད་ཏག་ཏག་མ་ཡིན་པ་དང་། ས་ཆ་དང་ལམ་སོགས་ཆོག་མཆན་མེད་སར་གོ་སྒྲིག་ཞུས་པའམ། བཀའ་ལ་མ་བརྩིས་པར་ཆེད་དུ་གོ་སྒྲིག་ཞུས་ནས་སྤྱི་ཚོགས་ཀྱི་འགྲོ་ལུགས་ལ་བརྡབ་གསིག་ཐེབས་པ་བྱུང་ཚེ། འབྲེལ་ཡོད་མི་སྣ་ལ་འགན་ཡོད་ཙང་། འབྲེལ་ཡོད་སྐྱེ་བོ་དེར་ཁྲིམས་ཆད་ལོ་༥ཡིས་དུས་བཀག་བཙོན་འཇུག་དང་། ཉེས་ཅན་པའི་མིང་འོག་ནས་ཆབ་སྲིད་ཐོབ་ཐང་འཕྲོག་རྒྱུ་དང་། སྟངས་འཛིན་དང་དམ་དྲག་རིགས་གཞན་ཁག་ཀྱང་ཡོད་པ་ཡིན་” ཞེས་དང་།
ཡང་ཉེས་ཁྲིམས་ཀྱི་དོན་ཚན་༡༠༣ནང་། “སྐྱེ་བ་སུ་ཞིག་གིས་འདུ་འཛོམས་གོ་སྒྲིག་བྱས་པ་བརྒྱུད་ནས་རྒྱལ་ཁབ་ཁ་བྲལ་དང་མེས་རྒྱལ་གཅིག་གྱུར་དང་མཐུན་སྒྲིལ་ལ་བརྡབ་གསིག་ཐེབས་ཚེ། འབྲེལ་ཡོད་གོ་སྒྲིག་འགོ་བྱེད་དེའི་ཉེས་པ་འཚབ་ཆེན་བསགས་པ་ཡིན་པས། ཚེ་བཙོན་དང་། ཡང་ན་ལོ་༡༠ཡི་དུས་བཀག་བཙོན་འཇུག་བྱ་རྒྱུ་དང་། དེའི་ཆ་ཤས་ལེན་མཁན་གཙོ་གྲས་རྣམས་ལའང་། ཡང་ཉུང་ན་ལོ་༣དང་། མང་ན་ལོ་༡༠་ཁྲིམས་ཆད་གཅོད་རྒྱུ་མཚོན། ཆ་ཤས་ལེན་མཁན་གཞན་པ་ཙམ་གྱི་ལོ་༣ཡི་ཁྲིམས་ཆད་དང་། ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་རྒྱུ་དང་དམ་དྲག་གཞན་ཁག་ཡོད་པ་” འཁོད་ཅིང་། ཡང་ཉེས་ཁྲིམས་ཀྱི་ནང་དུ་གསལ་བའི་ཁ་བྲལ་ལ་ངན་སྐུལ་ཞེས་པ་དོན་ཚན་གྱི་ནང་དོན་ཡང་གོང་འཁོད་དོན་ཚན་༡༠༣དང་གཅིག་མཚུངས་ཡིན།
འདི་ལོའི་ཕྱི་ཟླ་༣ནང་། ཨ་མདོ་ཀན་ལྷོའི་རྨ་ཆུའི་རྫོང་སྲིད་གཞུང་གི་འགོ་བྱེད་དང་བདེ་འཇགས་མི་སྣ་ཁག་ཅིག རང་ལུས་མེར་བསྲེགས་ཀྱི་དོན་ཚན་མཐའ་མ་བྱུང་སའི་ས་ཁུལ་དང་ཁ་ཐག་ཉེ་བའི་དགོན་པར་ཡོང་དེ། དགོན་པའི་འབྲེལ་ཡོད་འཛིན་སྐྱོང་མི་སྣའམ་དགེ་བསྐོས་སོགས་ལ་དགོན་པའི་གྲྭ་བ་རྣམས་ཀྱི་སྤྱོད་ལམ་དང་བྱེད་བབ་ལ་སྟངས་འཛིན་དང་ལྟ་རྟོག་ནན་པོ་བྱ་དགོས་སྐོར་གྱི་ཉེན་བརྡ་དང་། ༢༠༡༦ཟླ་༡༡་ཚེས་༡ནས་། ༢༠༡༧ཟླ་༡ཚེས་༡བར། ས་གནས་དེ་ནས་ཕྱི་ལོ་༢༠༠༨ལོར་ཞི་རྒོལ་གྱི་ཆ་ཤས་ལེན་མཁན་བོད་མི་སུ་ཡིན་གྱི་མིང་གཞུང་ས་གནས་བདེ་འཇགས་ལས་ཁུངས་ལ་བརྩི་འབུལ་ཟིན་དགོས་ཞེས་ནན་བསྐུལ་བྱས་འདུག་པ་མ་ཟད། མང་ཚོགས་ངོས་ནས་དྲ་རྒྱ་དང་ཁ་པར་སོགས་བརྒྱུད་ནས་དུས་དབང་གི་སྒྲ་དང་བརྙན། གནས་ཚུལ་སོགས་ལ་ལྟ་ཉན་དང་བརྒྱུད་གཏོང་བྱ་མི་ཆོག་པའི་བཙན་བཀའ་གཏོང་འདུག་པས། གནས་ཚུལ་འདི་དག་བརྒྱུད་བདེ་ཆེན་དུ་ལག་བསྟར་བྱེད་བཞིན་པའི་ཡིག་ཆ་དེ་མཚུངས་སུ་གཞན་ཁག་ཏུ་བཀོད་ཁྱབ་དང་མངགས་གཏོང་བྱས་ཡོད་པ་བསྟན་འདུག་ལ། རྒྱ་ནག་གཞུང་འབྲེལ་གྱི་སྒོ་ནས་ཁོང་ཚོའི་ངོས་ནས་བོད་མི་རྣམས་དུས་དབང་ལ་འགྲོ་རྒྱུར་བཀག་འགོག་བྱས་མེད་ཅེས་པའི་སྐད་ཆ་དེའང་སྐྱག་རྫུན་ཡིན་པ་བདེན་དཔང་བྱས་ཡོད།
ཡང་བོད་ནང་གི་ཆོས་དད་རང་དབང་ལ་དམ་དྲག་དང་བཀག་སྡོམ་བྱེད་ཤུགས་ཆེ་བའི་ཐད་ལ། ཉེ་ལམ་ཕྱི་ཟླ་༡ཚེས་༩ཉིན། སྤྱི་ཚོགས་བརྒྱུད་ལམ་སྐད་འཕྲིན་ཞེས་པ་ནས་ཕྱི་ཕྱོགས་ལ་གྱར་བའི་སྒྲ་སྒམ་ཞིག་བརྒྱུད། རོང་བོ་དགོན་ཆེན་ནས་ཡིན་པའི་གྲྭ་བ་རྒན་གྲས་འཇིགས་མེད་བློ་གྲོས་ཞེས་པས། རྒྱ་གཞུང་གིས་བོད་མི་དུས་འཁོར་དབང་ཆེན་ལ་འགྲོ་རྒྱུར་བཀག་སྡོམ་བྱས་པ་དེེར་སྐྱོན་བརྗོད་དྲག་པོ་བྱས་འདུག གྲྭ་འཇིགས་མེད་བློ་གྲོས་ཀྱིས།
ངས་སྐད་ཆ་གང་བཤད་པ་དེ་བཤད་མི་རུང་བ་ཤེས་ཀྱི་ཡོད། གལ་སྲིད་སུ་ཞིག་གིས་ང་རང་འཇུ་བཟུང་བྱེད་འདོད་ཚེ། བྱེད་རྐྱང་བྱེད། ༧གོང་ས་མཆོག་གིས་གསུང་ཆོས་གནང་གི་ཡོད་པ་ཡིན། བོད་མིའི་སྤུན་ཟླ་ཕོ་མོ་༡༠༠ལྷག་གིས་བོད་ཀྱི་རྩ་དོན་ཆེད་དུ་རང་ལུས་མེར་བསྲེགས་གནང་ཡོད། དེ་དག་གི་ཆེད་དུ་ང་རང་གི་ངོས་ནས་མྱ་ངན་གྱི་མཆོད་མེ་འབུལ་བཞིན་ཡོད་ཅིང་། དེའི་ཆེད་དུ་ངུ་རྒྱུ་བྱུང་ཞིང་ངུ་ཀི་ཡོད། ང་ཚོའི་བོད་མི་རྣམས་ལ་རང་དབང་མེད། འདི་ནི་ང་ཚོའི་ལས་དབང་ཡིན། ང་ཚོའི་སྤུན་ཟླ་གང་མང་ཡུལ་གྱར་བྱས་ནས་བསྡད་ཡོད་ཅིང་། ང་ཚོ་ལ་༧གོང་ས་མཆོག་གི་བཀའ་ཆོས་ཉན་རྒྱུ་གོ་སྐབས་མེད་པ་ཡིན། ང་ཚོ་ཅི་ཕྱིར་ཡར་ལངས་བྱེད་མ་ཐུབ་པ་རེད། ངའི་རེ་བ་ལ་ཁྱེད་ཅག་ཀྱང་ང་དང་ལྷན་དུ་ངུ་འབོད་བྱ་རྒྱུ་དེ་ཡིན་ལ། ཁྱེད་ཅག་གིས་ཀྱང་ངས་གང་བཤད་དག་བཤད་ཐུབ་པའི་རེ་བ་ཡོད། གཞན་གྱི་དབང་སྒྱུར་འོག་ཏུ་འདུག་རྒྱུ་ནི་ང་ཚོའི་ལས་དབང་ཡིན་སྲིད་མོད། ང་ཚོ་ཞི་བར་འདུག་ཆོག་པའི་ཐོབ་ཐང་སྤྲོད་དགོས། ང་ཚོར་དྲག་གནོན་བཞག་ཤོག (ངུ་ཤུམ་) ང་ཚོ་མི་དམངས་ཚང་མ་གང་སར་འཇིགས་སྐྲག་གིས་ཁེངས་འདུག བོད་ཕྱི་ནང་དུ་གྱར་བའི་ཕ་མ་བུ་ཕྲུག་ཐུག་འཕྲད་ཀྱི་གོ་སྐབས་མེད་དོན་འདི། ཁྱེད་ཀྱིས་དེའི་ཐད་དུ་བསམ་བློ་ཞིག་གཏོང་ཨེ་མྱོང་། ངས་ང་ཚོ་ལ་རང་དབང་བྱུང་ཞིང་ལྷན་འཛོམས་ཀྱི་ཉིན་མ་ཞིག་ཤར་བའི་སྨོན་ལམ་རྒྱག་གི་ཡོད། ༧གོང་ས་མཆོག ༧གོང་ས་མཆོག ༧གོང་ས་མཆོག
གྲྭ་འཇིགས་མེད་བློ་གྲོས་ཀྱིས་དེ་སྔ། ཕྱི་ལོ་༢༠༡༢ཟླ་༡༢ནང་དུ། མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གླིང་གིས་གོ་སྒྲིག་བྱས་པའི་ཉིན་གསུམ་རིང་གི་ཚོགས་འདུ་ཞིག་གི་སྐབས་སུ་བཤད་པའི་སྐད་ཆའི་སྒྲ་སྒམ་ཞིག་ཀྱང་དེང་འདིར་སྤྱི་ཚོགས་བརྒྱུད་ལམ་དང་སྐད་འཕྲིན་ཁག་ཏུ་འགྲོ་བཞིན་འདུག་ཅིང་། སྐད་ཆ་དེའི་ནང་དུ་ཁོང་གིས། རྒྱ་གཞུང་གིས་༧གོང་མ་མཆོག་ལ་འཛིན་པའི་སྲིད་ཇུས་སྐོར་ལ་དམིགས་བསལ་གྱི་གསལ་འདོན་དང་། རྒྱ་གཞུང་གིས་ཆ་རྐྱེན་གང་མང་མེད་པའི་སྒོ་ནས་༧གོང་ས་མཆོག་བོད་དུ་ཕེབས་བཅུག་དགོས་ཞེས་བློ་ཁག་ཆེན་པོས་བཤད་ཡོད།
ཡང་ཁོང་གིས། “བོད་མི་རྣམས་ཀྱིས་སོ་སོའི་ཕ་མ་ལས་ཀྱང་རྩ་བའི་བླ་མར་དད་གུས་བྱེད་ཀྱི་ཡོད་པས། ཁོང་གི་སྐུ་པར་བཤམ་དུ་མི་བཅུག་པ། དེ་ལས་ལྷག་གི་ཆོས་དད་རང་དབང་ཞེས་པ་ཞིག་ལ་ལོངས་སུ་སྤྱོད་རྒྱུ་མེད་པ་ཡིན་ལ། དེ་དགག་པའི་དབང་གིས་རང་ལུས་མེར་བསྲེགས་བསྟུད་མར་བྱུང་གི་ཡོད་རེད་”ཅེས་བཤད། ཟབ་སྦྱོང་དེའི་སྐབས་སུ་༧གོང་ས་མཆོག་དང་འབྲེལ་བའི་གནས་ཚུལ་ཤིག་ལ་གླེང་སློང་དང་བརྒྱུད། ཁོང་གིས་རྒྱ་གཞུང་གིས་ཏཱ་ལའི་བླ་མ་ནི་ཁ་བྲལ་བ་ཞིག་དང་རང་ལུས་མེར་བསྲེགས་ལ་བརྒྱུད་བསྐུལ་བྱས་པ་ཡིན་ཚུལ་སོགས་ཀྱི་རྒྱ་གཞུང་དྲིལ་བསྒྲགས་དང་ལེན་ལས་ལྡོག་སྟེ། ༧གོང་ས་མཆོག་ནི་རྒྱལ་སྤྱིའི་ངོས་ལེན་ཡོད་པའི་འཚེ་མེད་ཞི་བ་དང་ཞི་བདེ་ཡི་འདེད་དཔོན་ཡིན་པ་ཡོངས་གྲགས་ཁས་ལེན་ཞུ་ཡི་ཡོད་སྐོར་སོགས་བཤད་ཡོད།
ཟབ་སྦྱོང་འཛིན་གྲྭའམ་ཚོགས་འདུ་དེ་ནི། རྨ་ལྷོ་རྫོང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་གོ་སྒྲིག་བྱས་པ་ཞིག་ཡིན་ཞིང་། དེར་མི་རིགས་ཆོས་ལུགས་ལས་ཁུངས། དགོན་པ་དོ་དམ་ཅུའུ་དང། ཞང་དང་གྲོང་བརྡལ་གྱི་འགོ་བྱེད། དགོན་སྡེ་འདྲ་མིན་གྱི་བླ་མ་དང་དགེ་འདུན་པ་གང་མང་ཞིག་ཚོགས་བཅར་འདུ་སྐོང་བྱས་པ་ཞིག་ཡིན་འདུག་ལ། ཟབ་སྦྱོང་དེའི་སྐབས་སུ་བགྲོ་གླེང་དང་གྲོས་བསྡུར་བྱ་དགོས་པའི་བརྗོད་གཞི་ཁག་ནི། ༼ཏང་གི་ཏཱ་ལའི་བླ་མར་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མེད་༽ཅེས་པ་དང་། ༼རྒྱ་གཞུང་གི་གྲངས་ཉུང་མི་རིགས་སྟེང་འཛིན་པའི་སྲིད་ཇུས།༽ ༼མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་། ༽ ༼རང་ལུས་མེར་བསྲེགས་ཀྱི་རང་བཞིན་དང་གནོད་འཚབ་༽སོགས་ཀྱི་སྐོར་རེད་འདུག
དམ་དྲག་ཡིག་ཆ་ལག་བསྟར་དང་སྦྲགས་ནས། རྒྱ་གཞུང་གིས་བོད་ཀྱི་རྒྱལ་མཚམས་ས་ཚིགས་ཁག་ཀྱང་། ཁ་བྲལ་རིང་ལུགས་དང་འཇིགས་སྐུལ་རིང་ལུགས་པས་རྒོལ་རྡུང་ཉེན་འཚབ་ཡོད་ལུགས་ཀྱི་དམ་དྲག་བྱེད་འགོ་ཚུགས་ཤིང་། དེ་ནི་ཁག་དཀྲི་བྱེད་སྟངས་ཙམ་ལས། དོན་དངོས་སུ་བོད་མི་རྣམས་རྒྱལ་མཚམས་བརྒལ་ནས་དུས་དབང་ལ་མཇལ་བཅར་བྱ་རྒྱུར་དམ་དྲག་བྱེད་ཆེད་དུ་ཡིན། ཡང་རྒྱ་གཞུང་ལ་དེབ་སྐྱེལ་བྱས་ཟིན་པའི་་སྐད་འཕྲིན་གྱི་ཚོགས་པའི་མ་ལག་ནང་དུ། དབྱིན་ཡིག་དང་རྒྱ་ཡིག བོད་ཡིག་དང་ཧིན་རྡི་གང་ཡིན་ལྟོས་མེད་ཀྱི། དུས་འཁོར་དབང་ཆེན་ཞེས་པའི་ཚིག་འབྲི་འདི་ཉིད་གཏན་འགོག་བྱེད་ཟིན་ཡོད་འདུག དེ་ནི་རྒྱ་གཞུང་གིས་བོད་ནང་གི་བོད་མི་རྣམས་ཀྱིས་༧གོང་ས་མཆོག་གི་བཀའ་ཆོས་ལྟ་ཉན་འགོག་སྟངས་ཤིག་ཆགས་ཡོད།
འདི་ག་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ངོས་ནས། རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་བོད་མིའི་ཆོས་ལུགས་དང་དད་མོས་རང་དབང་ལ་དམ་དྲག་བྱེད་ཀྱི་ཡོད་པར་ངོ་རྒོལ་དང་སྦྲགས། དེ་ལྟ་བུ་ཁྲིམས་མཐུན་མ་ཡིན་ཞིང་རྩ་ཁྲིམས་དང་འགལ་བའི་སྒོ་ནས་བོད་མིའི་ཆོས་དད་ལ་རྡོག་རྩིས་གཏོང་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད།
བོད་མི་རྣམས་ལ་མཚོན་ན། ༧གོང་ས་མཆོག་གི་ཚེ་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་དང་། ཆོས་ཀྱི་དབུ་འཁྲིད་ཡིན་ཞིང་། དེ་ལྟ་བུ་བོད་མིའི་སེམས་ཀྱི་དཀྱིལ་སྙིང་དང་། ༧གོང་ས་མཆོག་གི་གལ་ཆེན་རང་བཞིན་ལ་བརྩི་སྲུང་དང་བསམ་ཤེས་མ་བྱས་པའི་སྒོ་ནས། རྒྱ་གཞུང་གིས་ཆོས་དད་རང་དབང་ལ་སྲུང་སྐྱོབ་དང་དར་སྤེལ་ཞེས་པ་ཡོང་ཡ་མེད་པ་ཤེས་དགོས་ཚོད་ཡིན།
ཆོས་དད་རང་དབང་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ <<ཡོངས་ཁྱབ་གསལ་བསྒྲགས་ཀྱི་འགྲོ་བ་མིའི་ཐོབ་ཐང་>>དང་<<སྤྱི་དམངས་དང་། ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་>>གཉིས་ཀྱི་ནང་དུ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཡིན་ཞེས་གསལ་ཡོད་ལ། རྒྱ་གཞུང་རང་གི་<<རྩ་ཁྲིམས་>>ཀྱི་ནང་དུའང་ཆོས་ལུགས་དད་མོས་བྱེད་ཆོག་པའི་ཁག་ཐེག་དང་། ལྷག་པར་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་ཡོད་པ་བཤད་འདུག
རྒྱ་ནག་དམར་ཕྱོགས་ཚོགས་པ་ལ། གཅིག་བྱས་ན་ཆོས་ལུགས་ཀྱི་གཞི་རྩའི་སྲིད་ཇུས་ཡོད་ཀྱང་། སྲིད་ཇུས་དེས་ཏང་གི་ཚོགས་མི་ཡིན་པའི་མི་གྲངས་ཡ་ས་༨༠་ཡིས་ཆོས་ལུགས་རང་དབང་ལ་བརྩི་མེད་རྡོག་རོལ་གཏོང་མིན་ལ་མ་ལྟོས་པར། ཀྲུང་ཧ་མི་དམངས་སྤྱི་མཐུན་གྱི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་རྒྱལ་འབངས་མི་སེར་ཐམས་ཅད་ཀྱི་གཞི་རྩའི་ཐོབ་ཐང་ཁག་ཐེག་ཡོད་པ་འཁོད་ཅིང་། དེ་ནི་སྲིད་གཞུང་གང་ཞིག་ཡིན་ཞིང་གཞི་རྩའི་ཐོབ་ཐང་འདི་དག་སྲུང་སྐྱོང་དང་དར་སྤེལ་བྱ་དགོས་པའི་འོས་འགན་ཆགས་ཡོད།
བོད་ནང་གི་བོད་མི་རྩོམ་པ་པོ་དམར་ལྗང་སྨྱུག་ཅེས་པ་ཁོང་གི་རྩོམ་དེབ། ༼མེས་པོའི་བང་སོ་༽ཞེས་པའི་ནང་དུ །“རྒྱལ་ཁབ་ནི་མི་སེར་སྒེར་པ་གྲུབ་ནས་བཙུགས་པ་ཞིག་ཡིན་ཡང་། རྒྱལ་ཁབ་བཙུགས་པའི་ཆེད་དུ་མི་སྒེར་བ་ཆེད་དུ་འཚོ་བ་མ་ཡིན་པས། དེའི་ཕྱིར། རྒྱལ་ཁབ་ལ་མི་སེར་གྱི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་གཡོལ་དུ་མེད་པའི་འོས་འགན་ཡོད་པ་ཡིན་” ཞེས་འཁོད་ཡོད།