རྒྱ་གཞུང་གིས་བོད་མི་རྣམས་༧གོང་ས་མཆོག་མཇལ་བཅར་གྱི་འགྲོ་སྐྱོད་རང་དབང་ལ་སྔར་ལྷག་བཀག་སྡོམ་བྱེད་འགོ་ཚུགས་འདུག

བདུན་ཕྲག་སྔོན་མའི་ནང་དུ། བལ་ཡུལ་ནས་རྒྱ་གར་དུ་གནས་མཇལ་དུ་ཡོང་བཞིན་པའི་བོད་མི་༤༡་ལ་རྒྱ་གར་དུ་ཡོང་ཆོག་པའི་ཡིག་ཆ་ཏག་ཏག་མེད་པའི་དབང་གིས། བལ་རྒྱ་གཉིས་ཀྱི་ས་མཚམས་དང་རྒྱ་གར་གྱི་གནས་ཆེན་ཁག་ཏུ་སླེབས་རྒྱུར་སྤྱི་ལེ་༡༠ཡོད་པའི་ས་ཆ་རྡེན་གྷ་ཏི་ཞེས་པ་ནས་བལ་ཡུལ་གྱི་ཉེན་རྟོག་པས་འཇུ་བཟུང་བཀག་ཉར་བྱས་འདུག
སྤྱི་ཚེས་༡༤ནས་ཕྱི་ཚེས་༡༦བར་ཉིན་གསུམ་རིང་བཀག་ཉར་འཐེབ་པའི་བོད་མི་༤༡ཁྲོད་དུ། མི་གྲངས་༣༩ཡིས་རྒྱ་གཞུང་གི་ཕྱི་སྐྱོད་ལག་ཁྱེར་ཁུར་མཁན་དང་རྒྱ་གར་གྱི་སྡོད་གནས་ལག་ཁྱེར་ཡོད་མཁན་བོད་མི་༢་བཅས། སྔ་ཕྱི་བལ་ཡུལ་གཞུང་དང་གནས་སྤོ་འགྲོ་འོང་ལས་ཁུངས་(Department of Immigration. )ངོས་ནས་ཡར་མར་རྩིས་སྤྲོད་ཀྱི་སྒོ་ནས་ཚང་མ་དངོས་སུ་གློད་གྲོལ་བྱུང་འདུག

བལ་ཡུལ་དུ་འཛིན་བཟུང་བྱས་པའི་སྔ་ཕྱི་རུ་བོད་མི་གནས་མཇལ་བ་རྣམས་ཀྱི་དཀའ་ངལ་སྣ་མང་ཞིག་འཕྲད་འདུག
རྒྱ་གཞུང་གིས་བོད་མི་རྒྱ་གར་དུ་གནས་མཇལ་དང་ལྷག་པར་དུས་འཁོར་དབང་ཆེན་ལ་ཡོང་རྒྱུར་ལ་བསྟུད་མར་དམ་དྲག་དང་སུན་གཙེར་ཇེ་ཆེར་འགྲོ་མུས་ཡོད། ༧གོང་ས་མཆོག་གི་རྒྱ་གར་གྱི་པྷེ་ཧར་ཞེས་པའི་བྱང་ཤར་དུ་ཡོད་པའི་རྡོ་རྗེ་གདན་དུ་ཡོང་འགྱུར་གྱི་ལོ་༢༠༡༧ཟླ་༡པའི་ཚེས་༣ནས་༡༤བར་དུས་དབང་གནང་གི་ཡོད།

བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཧོར་རན་(HURON )ནས་རྒྱུས་ལོ་བྱས་པ་ལྟར་ན། རྒྱ་གཞུང་གིས་གལ་སྲིད་བོད་མི་རྣམས་ལ་རྒྱ་གར་དུ་སོང་ཆོག་པའི་ཕྱི་སྐྱོད་ལག་ཁྱེར་ཡོད་པ་ཤེས་རྟོགས་བྱུང་ཚེ། ཕར་ལོག་རྗེས་ཁྲིམས་ཆད་ཟླ་༦ནས་ལོ་༥ གཅོད་ངེས་རེད་ཅེས་བཤད་འདུག
passport

བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཧོར་རན་(HURON )ངོས་ནས་ཀ་ཐི་མན་ཌུ་རུ་ཡོད་པའི་གནས་སྤོས་འགྲོ་འོང་ལས་ཁུངས་ལ་བོད་མི་རྣམས་བཀག་ཉར་ཁང་དུ་མངགས་གཏོང་མི་ཡོང་བའི་རེ་བསྐུལ་ཞུས་མིན་ལ་མ་ལྟས་པར། ཕྱི་ཚེས་༡༥་ཉིན་རྒྱབ་ཆུ་ཚོད་བཞི་དང་ཕྱེད་ཀའི་སྟེང་། འགྲོ་འོང་ལས་ཁུངས་ཀྱི་ངོས་ནས་བོད་མི་གནས་མཇལ་བའི་ཁྲོད་ནས་སྐྱེས་པ་༢༤ རྡ་ལི་པྰ་ཛེར་སྰ་ཀྲོག་ཧོར་( Dilibazar Sadakhor)བཀག་ཉར་ཁང་དུ་བསྐྱལ་ཞིང་། དེའི་ཁྲོད་ཀྱི་བུད་མེད་༡༧་འགྲོ་འོང་ལས་ཁུངས་སུ་བཀག་ནས་བཞག་འདུག

ཟླ་འདིའི་ཕྱི་ཚེས་༡༦ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༦དང་སྐར་མ་༡༥ སྟེང་། བོད་ནས་ཡོང་བའི་བོད་མི་༣༩རྣམས་བལ་ཡུལ་གྱི་རྒྱ་མིའི་གཞུང་ཚབ་ཁང་གི་འབྲེལ་ཡོད་ལས་བྱེད་ཡོང་ནས་ལག་ཁྱེར་ར་འཕྲོད་ཀྱིས་གློད་གྲོལ་བྱས་འདུག་ལ། ཕྱི་ཚེས་༡༧ཉིན་རྒྱ་གར་གྱི་གཞུང་ཚབ་མི་སྣས་རྒྱ་གར་གྱི་ལག་ཁྱེར་ཁྱེར་བའི་བོད་མི་གཉིས་ར་འཕྲོད་ཁག་ཐེག་སྒོ་ནས་གློད་གྲོལ་བྱུང་འདུག

དེའང་བལ་ཡུལ་གཞུང་ལ་རྒྱ་ནག་གི་ཤུགས་རྐྱེན་བསྟུད་མར་ཇེ་ཆེ་རུ་འགྲོ་བཞིན་པ་དང་། ལྷག་པར་བལ་བོད་ས་མཚམས་ཀྱི་བདེ་འཇགས་ས་ཚིགས་ལྟ་སྲུང་ཁང་གང་རྒྱག་ལ་རྒྱ་གཞུང་ངོས་ནས་འགྲོ་གྲོན་ལྷུག་གཏོང་བྱས་དབང་གིས། སྔ་ཕྱི་རུ་བོད་མི་༧གོང་ས་མཆོག་མཇལ་བཅར་དུ་ཡོང་མཁན་ཆོས་ཞུ་བ་དང་གནས་མཇལ་བ། སློབ་སྦྱོང་བྱེད་དུ་འོང་བ་སུ་ཡིན་ལ་བལ་ཡུལ་བརྒྱུད་རྒྱ་གར་དུ་ཡོང་མཁན་རྣམས་བལ་དམག་གིས་འཇུ་བཟུང་གིས་ཕར་རྒྱ་མིར་རྩིས་སྤྲོད་བྱས་པ་བྱུང་ཡོད་ལ། ལྷག་པར་
ཕྱི་ལོ་༢༠༡༢ལོར་བོད་ནས་རྒྱ་གར་དུ་དུས་འཁོར་དབང་ཆེན་ཞུ་རུ་ཕེབས་པ་རྣམས་ཕར་བོད་དུ་ལོག་རྗེས། རྒྱ་གཞུང་གིས་བོད་མི་བརྒྱ་ཕྲག་མང་བོ་བཀག་ཉར་དང་ཚ་འདྲི་མཚོན། “ཁྱེད་ཚོ་དུས་འཁོར་དབང་ཆེན་ལ་བཅར་ནས་བསམ་བློ་འཕྲོག་བརླག་ཏུ་ཕྱིན་འདུག་”ཅེས་ཟླ་བ་མང་བོའི་རིང་བཀག་ཉར་བྱས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲད་ཡོད།

ཕྱི་ལོ་༢༠༡༢ཟླ་༤་དང་། དུས་འཁོར་དབང་ཆེན་གྱི་རྗེས་སུ། བོད་རང་སྐྱོང་ལྗོངས་ཞེས་པའི་ངོས་ནས་ཕྱི་སྐྱོད་ལག་ཁྱེར་ཐད་ལ་༼ལམ་སྟོན་ཁྲིམས་འཆར་༽(guiding opinions’) ཅེས་པ་དངོས་སུ་འགྲེམས་སྤེལ་གྱིས། བོད་མི་ཕྱི་ཕྱོགས་ལ་འགྲོ་སྐྱོད་ཀྱི་ཕྱི་སྐྱོད་ལག་ཁྱེར་ཞུ་ཕྱོགས་དང་སྤྲོད་རྒྱུར་སྒྲིག་གཞི་གསར་བཟོ་དང་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་ཡོད། དེ་ནི་རྒྱལ་སྤྱིའི་དམ་ཡིག་ཁག་ལྟར་ན་མི་སུ་ལ་འགྲོ་འོང་རང་དབང་ཡོད་དགོས་པའི་གནད་དོན་དང་འགལ་བ་ཞིག་ཆགས་ཡོད།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་ཁུངས་ལྡན་འབྱོར་གསལ་ལྟར་ན། ཟི་ཁྲོན་ཞིང་ཆེན་ནས་ཡིན་ཞིང་རྒྱ་གར་ལ་གནས་མཇལ་ཞུ་རུ་ཡོང་མཁན་བོད་མི་ཚོའི་སྟེང་སྔར་ལས་དམ་དྲག་ཆེ་མིན་ལ་མ་ལྟས་པར། བར་ལམ་དངོས་སུ་རྒྱ་གར་ལ་སླེབས་ཟིན་མཁན་རེ་ཟུང་གི་ནང་མིར། རྒྱ་གར་སླེབས་མཁན་ཁོང་ཚོ་ཕྱི་ཟླ་༡༢ཚེས་༢༠ ནང་ཚུན་དུ་ཚུར་ལོག་དགོས་པའི་བཙན་བཀའ་གཏོང་འདུག་པ་མ་ཟད། ནང་མིའི་ངོས་ནས་ཁོང་ཚོ་ཕར་ལོག་ངེས་པའི་ཁག་ཐེག་གི་མཚན་རྟགས་འཁོད་དགོས་པ་དང་དེ་ལྟར་མ་བྱས་ཚེ་ལས་གནས་ནས་ཕྱིར་འབུད་གཏོང་ངེས་ལ་སོགས་ཀྱི་འཇིགས་སྐུལ་བྱས་འདུག ཡང་དེ་སྔ་ནས་ཐོངས་ཆེན་རག་ཟིན་པའི་བོད་མི་གྲངས་༦༠ལྷག་ཙམ་ཡོད་ལ། ཉེ་ལམ་ས་གནས་སྲིད་གཞུང་གི་ངོས་ནས་ཁོང་ཚོར་འཆར་ལོ་༢༠༡༧ཟླ་༢་སྔོན་ཚུན་ལ་རྒྱ་གར་དུ་འགྲོ་མི་ཆོག་པའི་ཁས་ལེན་མཚན་རྟགས་བསྡུས་འདུག ཁོང་ཚོའི་ཁྲོད་དུ་རེ་འགས་རྒྱ་གར་དུ་འགྲོ་རྒྱུའི་གནམ་གྲུའི་འཛིན་བྱང་ཉོས་ཟིན་པ་ཕྱིར་འཐེན་བྱ་དགོས་བྱུང་འདུག

དེ་ལྟར་རྒྱ་གཞུང་གིས་བོད་ཆོལ་གསུམ་ས་ཁུལ་ཁྱོན་ཡོངས་ཀྱི་བོད་མིའི་ཐོངས་ཆེན་རྣམས་ཕྱིར་བསྡུས་བྱེད་མུས་སུ་ཡོད་གྲས་སུ། ཨ་མདོ་རྨ་ཆུ་ནས་ཡིན་པའི་བོད་མི་ཞིག་ལ་དེ་སྔ་ནས་ཐོངས་ཆེན་ཡོད་པ་ཉེ་ལམ་ས་གནས་སྲིད་གཞུང་གིས་བཙན་ཤེད་ཀྱིས་ཡར་བསྡུ་བྱས་ཐོག “གལ་སྲིད་མི་སྤྲོད་ཚེ་ཐོ་གཞུང་ནག་པོའི་ནང་དུ་བླུག་གི་ཡིན་”ཞེས་སྡིགས་ར་སྐུལ་འདུག

དེའི་ཐད་དོ་བདག་མི་དེས་”ང་ལ་དུས་ཡུན་ལོ་ལྔ་ཅན་གྱི་ཐོངས་ཆེན་ཡོད་པ་བཞིན་ད་ལོའི་དགུན་ཁར་རྒྱ་གར་ལ་འགྲོ་འཆར་ཡོད་ཀྱང་། ཡིན་ན་ཡང་། ཉེ་ལམ་ས་གནས་ཞང་གི་ཞང་དཔོན་དང་སྡེ་དཔོན་གཉིས་ཀྱིས་ང་ལ་ཐོངས་ཆེན་ཡར་སྤྲོད་དགོས་ཟེར། ཁོང་ཚོས་གལ་སྲིད་ངས་མ་སྤྲད་ཚེ། ང་རང་ཐོ་གཞུང་ནག་པོའི་ནང་དུ་བླུག་གི་ཡིན་ཟེར་ “ཞེས་བཤད། ཡང་ཨ་མདོ་རྔ་བ་ས་ཁུལ་གྱི་བོད་མི་གང་མང་ལ་ཐོངས་ཆེན་ཕྱིར་སྤྲོད་དགོས་པ་དང་། གལ་སྲིད་བཀའ་ལྟར་མ་བྱས་ཚེ། ཚེ་གང་བོར་ཕྱི་ཕྱོགས་ལ་འགྲོ་སྐལ་མི་བསྟར་ཅེས་འཇིགས་སྐུལ་བྱས་པ་སོགས། རྒྱ་གཞུང་གིས་ཕྱོགས་ནས་བོད་མི་རྣམས་རྒྱ་གར་དུ་འགྲོ་རྒྱུར་བཀག་འགོག་དང་དང་ལྷག་པར་ཕྱི་ཟླ་༡༡་དང་༡༢ བཅས་ཟླ་ངོ་འདི་གཉིས་ལ་དམིགས་བསལ་གྱི་དམ་དྲག་བྱེད་མུས་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་<<འགྲོ་བ་མིའི་ཡོངས་ཁྱབ་གསལ་བསྒྲགས་>>ཀྱི་དོན་ཚན་༡༣ནང་དུ། གང་ཟག་སུ་ཡིན་ཡང་རུང་། ཚང་མ་རྒྱལ་ཁབ་གང་རུང་ནས་ཕྱི་རུ་ཐོན་ཆོག་ལ་དེ་མཚུངས་སུ་ཕྱིར་ལོག་ཀྱང་ཆོག་པའི་ཐོབ་ཐང་ཡོད་ཅེས་གསལ་ལ། ཐོབ་ཐང་འདི་ག་རང་<<སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་>>གི་དོན་ཚན་༡༢་ནང་དུ་ནན་པོ་སྒོ་ནས། མི་ཐམས་ཅད་ལ་རྒྱལ་ཁོངས་དེའི་ས་ཁུལ་གང་རུང་དུ་ཁྲིམས་མཐུན་གྱི་སྒོ་ནས་འདུག་ཆོག་ལ། ས་ཁུལ་དེའི་ནང་ཚུད་ཀྱི་ས་གནས་གང་དུ་འགྲོ་དབང་དང་། འདུག་དབང་འདེམས་ཆོག་པའི་ཐོབ་ཐང་ཡོད། ཡང་རྒྱལ་ཁབ་གང་རུང་ནས་བྲལ་འགྲོ་ཆོག་པ་མ་ཟད། རང་ཉིད་འདུག་སའི་རྒྱལ་ཁོངས་ནས་ཐོན་པའི་ཐོབ་ཐང་ཡོད་གསལ་འདོན་བྱས་འདུག

ཡང་དོན་ཚན་༡༢་པར་འགྲེལ་བཤད་དོན་ཚན་༢༧ཀྱི་ནང་དུ། རྒྱལ་ཁབ་སུ་ཡིན་ཡང་རུང་། རྒྱལ་སྤྱིའི་རྒྱལ་ཁོངས་གང་དུ་འགྲོ་བསྐྱོད་བྱེད་མཁན་དེའི་དམིགས་ཡུལ་དང་འགྲོ་ནས་འདུག་ཡུན་ལ་ཚད་བཀག་དང་དམ་དྲག་བྱེད་མི་རུང་མོད། རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་མང་གི་འཕྲོད་བསྟེན། འགྲོ་བ་མིའི་བཟང་སྤྱོད་ལ་གནོད་འཐེབ་ཀྱི་གནས་སྟངས་འོག་ད་གཟོད་འགྲོ་བསྐྱོད་རང་དབང་ལ་དམ་དྲག་བྱས་འཐུས་པ་འཁོད་འདུག

འོན་ཀྱང་། རྒྱ་གར་དུ་ཆོས་ཞུ་དང་གནས་མཇལ་བྱེད་མཁན་བོད་མི་དད་ལྡན་མང་ཚོགས་ནི་རྒྱལ་ཁབ་རིམ་པའི་གནོད་འཚབ་དང་འཇིགས་དངངས་ཤིག་ཏུ་དུས་ནམ་ཡང་མི་འགྱུར་ཡང་། རྒྱ་གཞུང་རང་ཉིད་ཀྱི་བྱས་ཉེས་ལ་ངོ་གནོང་དང་དངངས་སྐྲག་ཁོ་ནས་བོད་མིར་དགྲ་འཛིན་དང་ཉེན་ཁ་ཅན་ཞིག་ཏུ་མཐོང་བ་འདི་ནི་གནས་ལུགས་དང་རྒྱུ་མཚན་ལས་བརྒལ་བའི་བྱེད་ལས་ཤིག་ཡིན་ན། འདི་ག་ལྟེ་གནས་ཁང་གིས་དེའི་ཐད་ངོ་རྒོལ་དང་། ལྷག་པར་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་ནས་བལ་དམག་གིས་བོད་མི་༣༩ཙམ་བཀག་ཉར་བྱས་པ་བརྒྱུད། བོད་མི་ཞིག་གིས་”ང་ཚོ་རྒྱ་གར་དུ་སླེབས་པ་རྒྱ་གར་དུ་སླེབས་པ་ཤེས་རྟོགས་བྱུང་ཚེ་ཁྲིམས་ཆད་ཟླ་༦་ནས་ལོ་༥གཅོད་ཅེས་”གསལ་བ་ན། གོང་འཁོད་བོད་མི་༣༩ཕར་བོད་དུ་ལོག་རྗེས་ཀྱི་གནས་སྟངས་ཐད་སེམས་འཚབ་དང་སྦྲགས། བོད་མིའི་འགྲོ་སྐྱོད་རང་དབང་ལ་བཀག་སྡོམ་བྱས་པ་ནི་ཐད་ཀར་ཆོས་དད་རང་དབང་ལ་བཀག་སྡོམ་འཐེབ་ཡོད།

བཀག་ཉར་འཐེབ་པའི་བོད་མི་རྣམས་ཀྱི་མིང་གཞུང་།

༡ བུ་ཚེ་རིང་བཀྲ་ཤིས། ༢ འཇམ་དབྱངས་གངས་སྒྲོན། ༣ གངས་ཀྱི་རྒྱན་ནོར། ༤ དབྱངས་འབུམ་རྒྱལ། ༥ ཟི་ལིང་རྒྱང་རྩེ། ༦ བཀྲ་བྷོ། ༧ དཔའ་བྷོ། ༨ འཇམ་དབྱངས་གེ་སར། ༩ ཚེ་བརྟན་རྡོ་རྗེ། ༡༠ པ་བྷེ། ༡༡ བྱམས་པ། ༡༢ བསོད་ནམས། ༡༣ ལྷ་མོ་རྒྱལ་བོ། ༡༤ རྟ་མགྲིན་རྒྱལ། ༡༥ རྡོ་རྗེ། ༡༦ ཨོ་ནོ། ༡༧ ཅིན་ཤིས་ཚེ་རིང་། ༡༨ ཆོས་གྲགས་རྒྱལ་མཚན། ༡༩ དགེ་འདུན་རྒྱ་མཚོ། ༢༠ རྟ་ལོ། ༢༡ རྒྱ་བྷོ། ༢༢ ཀ་ནན་སྒྲོལ་མ། ༢༣ ཚེ་རིང་སྐྱིད། ༢༤ མེ་ན། ༢༥ བཟང་མོ། ༢༦ ཨང་ཀིར། ༢༧ ཁྲང་ཀོ ༢༨ དཀོན་མཆོག་སྐྱབས། ༢༩ འཕགས་མོ་སྒྲོལ་མ། ༣༠ ལང་ཚོ་སྒྲོལ་མ། ༣༡ འཇམ་དབྱངས་འཚོ། ༣༢ ཚེ་རིང་སྒྲོལ་མ། ༣༣ ཁོན་ཀེ ༣༤ དོན་ཁོ། ༣༥ ཟླ་སྒྲོན་འཚོ། ༣༦ ཨ རྡོ། ༣༧ རྡོ་རྗེ་ཡོན་ཏན། ༣༨ ཡ་མ་ལྷ་མོ། ༣༩ ཝུ་ལོ། ༤༠ དགེ་འདུན་རྒྱ་མཚོ། ༤༡ འཇམ་དབྱངས་རྒྱ མཚོ།

to top