བོད་མི་ཞི་རྒོལ་བ་བཞིས། བོད་ལ་རང་དབང་དགོས། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པོ་ཤོག་དང་༧གོང་ས་མཆོག་བོད་ལ་ཕེབས་བཅུག་དགོས་སོགས་ཀྱི་སྐད་འབོད་བྱས་པར་བརྟེན། རྒྱ་གཞུང་གིས་ཉེ་ཆར་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་བྱས་པའི་ཉེས་བཙུགས་ཀྱི་ཁྲིམས་ཐག་བཅད་འདུག
ལོ་སྔོན་མར། ཨ་མདོ་རྔ་བའི་གྲོང་ཁྱེར་གྱི་གཞུང་ལམ་དུ་དགེ་འདུན་པ་བཞིས་དུས་ཚོད་མ་འདྲ་བའི་ནང་། ༧གོང་ས་མཆོག་གི་སྐུ་པར་འཕྱར་ཅིང་ཞི་བའི་སྐད་འབོད་བྱས་( འདི་ག་ལྟེ་གནས་ཁང་གིས་གནས་ཚུལ་འདིའི་སྐོར་བཏོན་ཟིན་)ཡོད།
ཀིརྟི་དགོན་པ་ནས་ཡིན་པའི་དགེ་འདུན་པ་བཞི་བོ་རེ་རེ་ལ་རྒྱ་གཞུང་གིས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཁོང་ཚོ་བཞི་གང་བྱུང་འཇུ་བཟུང་བཙན་འཁྲིད་རྗེས། ཟླ་བ་བཅུའི་རིང་ནང་མི་དང་ཕྱི་ཕྱོགས་ལ་འབྲེལ་བ་གང་ཡང་མ་བྱུང་ཞིང་། ནང་མི་ཡིས་ཁོང་ཚོའི་སྐོར་གྱི་གནས་ཚུལ་དང་ཁྲིམས་ར་འཚོགས་ཡོད་མེད་སོགས་གང་ཡང་ཤེས་རྟོགས་བྱུང་མི་འདུག བོད་ནང་དུ་བོད་མིའི་སྟེང་། རྒྱ་གཞུང་ཉེན་རྟོག་ཁང་གི་ལས་བྱེད་ཀྱིས་ཕྱི་ལ་འབྲེལ་བ་རྩ་བྲལ་གྱི་སྒོ་ནས་བཀག་ཉར་དང་ཉེན་སྲུང་གང་མང་མེད་པའི་བཅར་རྡུང་བྱེད་རྒྱུ་ནི་ཧ་ཅང་རྒྱུན་ལྡན་ལྟ་བུ་རེད།
ཀིརྟི་དགོན་པའི་བློ་རིག་འཛིན་གྲྭའི་སློབ་མ་དང་དགུང་ལོ་༢༣ཡིན་པའི་བློ་བཟང་། ཕྱི་ལོ་༢༠༡༥ཟླ་༩ཚེས་༡༠ཉིན་ས་གནས་སྤྱི་བདེ་མི་སྣས་བཀག་ཉར་བྱས་ཤིང་། ཕྱི་ལོ་༢༠༡༦ཟླ་༧ཚེས་༡༩ཉིན་གཞི་ནས། རྔ་བ་ཁུལ་ནས་བར་ཐག་་མ་ལེ་༢༡༧ ན་ཡོད་པའི་མའོ་ལྦུན་རྫོང་གི་ཁྲིམས་ཁང་གིས་གསང་བའི་སྒོ་ནས་ཁྲིམས་ར་ཚོགས་ནས་ལོ་གསུམ་གྱི་ཁྲིམས་ཐག་བཅད་འདུག་ཀྱང་། ཁོང་གི་ནང་མི་དང་སྤུན་མཆེད་སོགས་ལ་ཁྲིམས་ར་འཚོགས་སྐོར་གྱི་བརྡ་ལན་བྱས་མི་འདུག
ཉིན་མ་དེ་ག་རང་ལ་གོང་གི་ཁྲིམས་ཁང་དེ་གས། དགེ་འདུན་པ་ཨ་གྲགས་ཞེས་པ་ཞིག་ལ་ཁྲིམས་ཐག་ལོ་གསུམ་བཅད་འདུག དགུང་ལོ་༢༡ཡིན་པའི་ཨ་གྲགས་སྔ་ལོ་༢༠༡༥ཟླ་༩ཚེས་༡༠ཉིན་འཇུ་བཟུང་བཀག་ཉར་བྱས་འདུག
ཕྱི་ལོ་༢༠༡༦ཟླ་༨ཚེས་༤ཉིན་གཞི་ནས་ཁོང་གི་གཉེན་ཉེ་རྣམས་ཀྱིས་ཨ་གྲགས་ཁྲེན་ཏོའི་དང་ཉེ་བའི་མན་ཡེང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་ཤེས་རྟོགས་བྱུང་འདུག
དགུང་ལོ་༢༢ཡིན་པའི་དགེ་འདུན་པ་འཇམ་དཔལ་རྒྱ་མཚོ་སྔ་ལོ་༢༠༡༥ཟླ་༩་ཚེས་༩ཉིན། གོང་བཞིན་གྱི་ཞི་རྒོལ་བྱས་པ་ལ་བརྟེན་ནས་འཇུ་བཟུང་བཀག་ཉར་གྱི་འདི་ལོ་ཕྱི་ཟླ་༨་ཚེས་༡ཉིན་ཁྲིམས་ཐག་བཅད་འདུག ཁྲིམས་ཐག་བཅད་རྗེས། མའོ་ལྦུན་རྫོང་གི་བཀག་ཉར་ཁང་ནས་ཡུན་རིང་ཕྱི་ལ་འབྲེལ་བ་གང་ཡང་བྱེད་དུ་མ་བཅུག་པའི་དགེ་འདུན་པ་ཁོང་བདེ་ཡེང་བཙོན་ཁང་དུ་གནས་སྤོར་གཏོང་ཡོད་ཚོད་འདུག
དགུང་ལོ་༢༠ཡིན་པའི་དགེ་འདུན་པ་བློ་བཟང་སྐལ་བཟང་ཡང་། སྔར་ལོ་ཕྱི་ཟླ་༩ཚེས་༧ཉིན་ཁོང་མི་སྒེར་ཁེར་རྐྱང་ཞི་རྒོལ་བྱས་ནས་འཇུ་བཟུང་བཀག་ཉར་རྗེས་གར་སོང་ཆ་མེད་བྱུང་ཞིང་། ཟླ་འདིའི་ཟླ་མགོ་ཙམ་ལ། ཁོང་གི་ནང་མི་དང་གཉེན་ཉེ་རྣམས་ཀྱིས་ཁོང་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་པ་བརྒྱུད་གཞི་ནས་དེ་སྔ་གསང་བའི་སྒོ་ནས་མའོ་ལྦུན་རྫོང་གི་བཀག་ཉར་ཁང་དུ་ཟླ་བ་མང་བོར་བཀག་ཉར་བྱས་འདུག་པ་ཤེས་རྟོགས་བྱུང་འདུག དེང་འདིར་དགེ་འདུན་པ་ཁོང་ཟི་ཁྲོན་ཞིང་ཆེན་གྱི་ཧོང་ཞི་མཁར་གྲོང་གི་མན་ཡེང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག
འདི་ག་ལྟེ་གནས་ཁང་ལ་དེ་སྔོན་བརྙན་ཐུང་ཞིག་ལག་སོན་བྱུང་བའི་ནང་དུ། དགེ་འདུན་པ་བློ་བཟང་སྐལ་བཟང་འཇུ་བཟུང་བཙན་འཁྲིད་བྱས་སྐབས། བོད་མི་མང་བོ་ཞིག་དེ་མུར་མཐའ་རུ་སྐོར་ཁྲོད། ལོ་ན་ཅུང་ཟད་མཐོ་བའི་བུད་མེད་ཅིག་ཉེན་རྟོག་ཁང་གི་ཕྱོགས་སུ་བསྐྱོད་ནས་ངོ་རྒོལ་བྱས་པ་མཐོང་ལ།ཡང་མཚོན་ཆ་ཁྱེར་བའི་དྲག་ཆས་ཉེན་རྟོག་པས་བོད་མིའི་སྟེང་དྲག་རྡུང་དང་། མི་ཚོགས་རྗེས་འདེད་བྱེད་ཀྱིན་འདུག སྐབས་དེར་རྒྱབ་ཕྱོགས་ནས་བུད་མེད་ཅིག་གིས་གདུང་འབོད་ཆེན་པོས་༧གོང་ས་མཆོག་ལ་སྨོན་ལམ་དང་ཉེན་རྟོག་པས་བོད་མི་ཚོ་བསྡད་དུ་མི་བཅུག་པའི་སྨྲེ་སྔགས་འདོན་གྱིན་པ་ཐོས་ཐུབ།
དགེ་འདུན་པ་བློ་བཟང་སྐལ་བཟང་ནི་བློ་བཟང་བསྟན་པའི་ཚ་བོ་ཡིན་ལ། བློ་བཟང་བསྟན་པས་ཕྱི་ལོ་༢༠༡༤ཟླ་༡༡ནང་མི་སྒེར་ཁེར་རྐྱང་གི་ཞི་རྒོལ་བྱས་པར་བརྟེན་ནས་བཙོན་འཇུག་བྱས་ཡོད་པ་མ་ཟད། ཁོང་གི་ཨ་ཞང་ཚེ་དཔོག་མགོན་པོ་དང་ཆོས་འཕེལ་གཉིས་ཀྱིས་ཀྱང་ཕྱི་ལོ་༢༠༠༨ཟླ་༣ས་རྔ་བའི་ས་བྱི་ཞི་རྒོལ་ཁྲོད་མཉམ་ཞུགས་བྱས་པ་ལ་བརྟེན་ནས་བཙོན་འཇུག་ཁྲིམས་ཐག་ལོ་དྲུག་དང་བཞི་བར་བཅད་ཡོད་པ་ཡིན།
འདི་ལོའི་ཕྱི་ཟླ་༧ནང་། རྒྱ་གཞུང་གིས་རྔ་བ་ཁུལ་གྱི་དགོན་མ་ལག་༤༢ལ་གྱོད་དཔེ་ཞེས་པའི་ཁྲིམས་སྒྲིག་གི་ཡིག་ཆ་ཞིག་བགྲེམས་སྤེལ་བྱས་པ་དེའི་ནང་དུ། བོད་ཁུལ་གྱི་སྨྲ་བརྗོད་རང་དབང་ཁྲིམས་འགལ་ཡིན་པ་གསལ་ཡོད། ཡང་མི་སྒེར་ཁེར་རྐྱང་གི་ཞི་རྒོལ་མཚོན། འགྲོ་བ་མིའི་ཐོང་ཐང་དོན་གཉེར་སྲུང་སྐྱོབ་མཁན་དང་འགྲོ་བ་མིའི་གཞི་རྩའི་ཐོང་ཐང་ལོངས་སུ་སྤྱོད་མཁན་ཡོངས་ལ་༼ཁ་བྲལ་ལ་ངན་སྐུལ་༽ཞེས་པའི་ནག་ཉེས་བཙུགས་ཀྱི་ཡོད་པ་རེད།
ཁ་བྲལ་ལ་ངན་སྐུལ་ཞེས་པའི་ཁྲིམས་སྒྲིག་དེ་ནི། ཕྱི་ལོ་༡༩༩༧ལོར། རྒྱ་ནག་གི་<<ཉེས་ཁྲིམས་>>དོན་ཚན་༡༠༣བསྐྱར་བཅོས་དང་བསྟུན་ནས་ཁ་སྣོན་བྱས་པ་ཞིག་ཡིན་ལ། དོན་ཚན་འདིའི་ནང་དུ་གསལ་པའི་ནག་ཉེས་རིགས་ལ་ཁྲིམས་བཅད་དུས་ཡུན་གཏན་འབབ་ནི། མང་མཐའ་ལོ་ལྔ་བཙོན་འཇུག་དང་། དུས་ཐུང་བཀག་ཉར། ལྟ་རྟོག་འོག་གི་བཙོན་གྲོལ་དང་། ཆབ་སྲིད་ཀྱི་དབང་ཆ་འཕྲོག་པ་བཅས་རེད།
འདི་ག་ལྟེ་གནས་ཁང་གི་ཆབ་སྲིད་བཙོན་པ་ཐོ་འགོད་སྡེ་ཚན་གྱིས། ཕྱི་ལོ་༢༠༡༤ ནས་ད་བར་མི་སྒེར་ཁེར་རྐྱང་གི་ཞི་རྒོལ་གནང་མཁན་མི་གྲངས་༢༨ ལག་སོན་བྱུང་ཁྲོད། བུད་མེད་༦་དང་། དགེ་འདུན་པ་༡༤། མི་སྐྱ་༨བཅས་རེད།
མི་སྒེར་ཁེར་རྐྱང་ཞི་རྒོལ་བྱུང་སའི་ས་ཁུལ་ནི་ཨ་མདོ་རྔ་བ་ཆགས་འདུག་ལ། ས་ཁུལ་འདི་ནི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་མང་ཤོས་བྱུང་སའི་ས་ཁུལ་ཞིག་ཀྱང་ཆགས་ཡོད།
འདི་ག་ལྟེ་གནས་ཁང་གི་ངོས་ནས། གོང་གི་གྲངས་ཀར་མ་ཚུད་པའི་བོད་མི་གང་མང་ཞིག་གིས། རྒྱ་གཞུང་གི་ཚད་ལས་འགལ་བའི་བཙད་ཤེད་དང་དྲག་གནོན་ལ་གོང་མཚུངས་ཀྱི་ལས་འགུལ་བརྩམས་པ་དང་བསྟུན་ནས། འཇུ་བཟུང་བཀག་ཉར་བྱེད་ཡོད་ཀྱང་། ང་ཚོས་ད་སྔ་ཤེས་རྟོགས་ཐུབ་ཐབས་མེད་པར་ལུས་ཡོད་པའི་ཡིད་ཆེས་བྱེད་ཀྱིན་ཡོད།