འདི་ག་ལྟེ་གནས་ཁང་གིས་ན་ནིང་དབྱར་ཀར་བོད་ནས་བཙན་བྱོལ་དུ་འབྱོར་བའི་དགུང་ལོ་ཉེར་བཞིར་སོན་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ལ་བཅར་འདྲི་བྱས་པའི་ནང་ཁོང་གིས་རང་གི་ནང་མི་ཤུལ་དུ་བཞག་ནས་གྲོགས་མོ་ཚེ་རིང་སྐྱིད་དང་ལྷན་དུ་བཙན་བྱོལ་དུ་ཡོང་རྒྱུའི་དཀའ་ཁག་ཅན་གྱི་ཐག་གཅོད་བྱས་མཐར་དཀའ་ཚེགས་ཆེན་པོ་སྤྱད་ནས་རྒྱ་གར་དུ་ཡོང་ཚུལ་སྐོར་འགྲེལ་བརྗོད་གནང་སོང་།
“རྒྱ་གཞུང་གིས་ང་རང་ལ་མ་ཉེས་ཁག་གཡོག་གིས་ཉེས་ཆད་ཅི་ཞིག་བཅད་ཀྱང་རུང་། ངའི་སེམས་ནང་སྡུག་བསྔལ་ཆེ་ཤོས་དེ་ནི་ངའི་རྐྱེན་བྱས་ནས་ངའི་ནང་མི་དང་ཡུལ་མི་ཚོར་དཀའ་ངལ་འཕྲད་པ་དེ་རེད། ཁོང་ཅག་གིས་ང་ལ་རྒྱ་གཞུང་ལ་ཁ་གཏད་ཀྱི་སྐད་ཆ་མ་ཤོད། དེས་ཕན་ལས་གནོད་མང་བ་སྐྱེལ་གྱི་འདུག་ཅེས་ཁ་ཏ་བྱས་མྱོང་། ངའི་ཉེ་འཁོར་གྱི་མི་ཚང་མའི་ཐོག་ཏུ་དམ་དྲག་ཇེ་ཆེར་འབྱུང་བཞིན་པ་དེ་ནི་ང་ལ་མཚོན་ན་དཀའ་ངལ་ཆེ་ཤོས་དེ་རེད་འདུག”
རྒྱ་གཞུང་གིས་རྣམ་སྐྱིད་ལགས་འཇུ་བཟུང་མནར་གཅོད་དང་བཙོན་འཇུག་ཁྲིམས་ཆད་ལྕི་མོ་བཅད་ཡོད་ཀྱང་ཁོ་མོར་མཚོན་ན་དེ་ལས་ཀྱང་བཟོད་ཐབས་བྲལ་བ་ནི་རང་གི་དྲང་བདེན་འཐབ་རྩོད་བྱེད་པའི་བྱ་སྤྱོད་ལ་བརྟེན་ནས་ནང་མི་སྤུན་མཆེད་དང་ཡུལ་མི་ཚོར་རྒྱ་གཞུང་གིས་དམ་དྲག་དང་སུན་བཙིར་ཇེ་ཆེར་གཏོང་བ་དེ་ཡིན་པ་རེད། དེ་འདྲའི་རྒྱུག་ལ་ལེབ་རྡུང་ལྟ་བུའི་ཉེས་ཆད་གཅོད་སྟངས་དེའི་གནོན་ཤུགས་ལ་བརྟེན་ནས་རྣམ་སྐྱིད་ལགས་གཙོས་པས་རང་དབང་དོན་གཉེར་གནང་མཁན་གྱི་བོད་མི་འཐབ་རྩོད་པ་མང་པོ་སྤྱི་ཚོགས་ཁྲོད་ཁེར་རྐྱང་དུ་ལུས་པ་ལྟ་བུའི་སྣང་ཚུལ་བསྐྲུན་བཞིན་ཡོད་པ་རེད།
ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༡༠ པའི་ཚེས་ ༢༡ ཉིན་ལོ་ན་བཅོ་ལྔ་ལས་མ་སོན་པའི་རྣམ་སྐྱིད་ལགས་དང་ཁོང་གི་སྤུན་མཆེད་གཉིས་ཀྱིས་རྔ་བ་རྫོང་ཐོག་“དཔའ་བོའི་སྲང་ལམ་”སྟེང་དུ་༧གོང་ས་མཆོག་གི་སྐུ་པར་བསྣམས་ནས་བོད་ལ་རང་དབང་དགོས་པ་དང་༧རྒྱལ་བ་རིན་པོ་ཆེ་དང་ཀིརྟི་སྐྱབས་མགོན་རྣམ་གཉིས་བོད་དུ་ཕེབས་བཅུག་དགོས་པའི་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་ཁྲོམ་སྐོར་བྱས་ནས་སྐར་མ་བཅུ་ཙམ་གྱིས་རྗེས་སུ་རྒྱ་གཞུང་ཉེན་རྟག་པས་འཇུ་བཟུང་བྱས་འདུག
ཁྲིམས་ཐག་མ་བཅད་གོང་ལོ་གཅིག་ཙམ་ལ་བཀག་ཉར་བྱས་པའི་རིང་གཉིད་ཁུག་མི་བཅུག་པ་དང་། ཟས་འདང་ངེས་མི་སྤྲོད་པ། དུས་ཡུན་རིང་པོར་ཚ་དྲོད་ལ་བཅར་བཅུག་པ། ལོགས་བཀར་ཁེར་བཅུག་བྱེད་པ་སོགས་མནར་གཅོད་ཚད་མེད་བཏང་འདུག རྣམ་སྐྱིད་ལགས་ལོ་ན་ཆུང་ཆུང་དེ་འདྲས་ཅིའི་ཕྱིར་ངོ་རྒོལ་ལས་འགུལ་སྤེལ་བ་ཡིན་ཞེས་འདྲི་བརྩད་བྱེད་པ་དང་བདུན་ཕྲག་རེ་རེའི་ནང་དུ་རྒྱ་ནག་གཞུང་ཕྱོགས་ཀྱི་དྲིལ་བསྒྲགས་གསར་འགྱུར་སྟོན་པ་དང་ཞི་ཅིན་ཕིང་གི་བསམ་བློ་ཟེར་བ་དང་རྒྱ་ཡིག་དང་རྒྱ་ནག་གི་ཁྲིམས་སོགས་སློབ་པའི་འཛིན་གྲྭ་ཚོགས་པ་མ་ཟད་གུང་ཁྲན་ཏང་བཀའ་དྲིན་ཆེན་པོ་རེད་ཟེར་བ་སོགས་ཆབ་སྲིད་ཀྱི་སློབ་གསོ་འཕྲོད་ཐབས་བྱས་འདུག
ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༡༡ པའི་ཚེས་ ༢༣ ཉིན་རྔ་བ་ཁྲོ་ཆུ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་གསང་བའི་ཁྲིམས་ར་འཚོགས་ཏེ་རྣམ་སྐྱིད་དང་བསྟན་འཛིན་སྒྲོལ་མ་གཉིས་ལ་“ཁ་བྲལ་ལ་ངན་སྐུལ་”ཞེས་པའི་ཉེས་མིང་འོག་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཆད་བཏང་།
སྐབས་དེར་ཁོང་རྣམ་གཉིས་ལོ་ན་བཅུ་དྲུག་ལས་སོན་མེད་ཀྱང་ཁྲིམས་ཁང་གིས་བསམ་བཞིན་དུ་ཁོང་གཉིས་ཀྱི་ལོ་ཚད་སྤར་ཏེ་ལོ་ན་བཅོ་བརྒྱད་ཟིན་པར་ངོས་འཛིན་བྱས་ནས་ཟི་ཁྲོན་བུད་མེད་བཙོན་ཁང་དུ་བཅུག བཙོན་འཇུག་སྐབས་ཀྱི་ཐོག་མའི་ཟླ་བ་གསུམ་གྱི་རིང་དམག་སྦྱོང་བྱེད་བཅུག་པ་དང་ཆབ་སྲིད་སློབ་གསོ་དང་རྒྱ་ནག་རྩ་ཁྲིམས་སོགས་ཀྱི་འཛིན་གྲྭར་འགྲོ་རུ་བཅུག་འདུག་ཅིང་དེ་འབྲེལ་གྱི་ངག་རྒྱུགས་སྤྲོད་དགོས་པ་དང་བཙོན་པའི་ལས་ཀ་སོགས་ཀྱི་སྦྱོང་བརྡར་ལའང་འགྲོ་དགོས་ཐུག་འདུག མ་ཟད་ཉིན་རེར་ཆུ་ཚོད་བཅུ་གཉིས་ལྷག་ཙམ་གྱི་རིང་ཟངས་སྐུད་དང་ཐ་མག་སྒམ། ལག་ཐོགས་ཆུ་ཚོད་སོགས་བཟོ་རྒྱུའི་ངལ་རྩོལ་ལྕི་མོ་བྱེད་དུ་བཅུག་འདུག
བཙོན་ཁང་ནང་དུ་འབྲས་ཐུག་སླ་པོ་རེ་དང་འཚོས་མེད་པའི་ཟ་མ་མ་གཏོགས་མི་རག་པའི་ཁར་ངལ་རྩོལ་དྲག་པོ་སྐུལ་བ་དང་། དམག་སྦྱོང་ཤུགས་ཆེར་བྱེད་དགོས་པར་བརྟེན་འཕྲོད་བསྟེན་ཐད་དཀའ་ངལ་ཆེན་པོ་འབྱུང་གི་ཡོད་པ་རེད། “བཙོན་དུ་བཅུག་པའི་རིང་ངལ་རྩོལ་ཡུན་རིང་བྱེད་དགོས་པ་དང་། དྲོད་ཚད་ཌིག་རི་ ༣༨ ལྷག་གི་ནང་དུ་ཡུན་རིང་སྡོད་དགོས་པར་བརྟེན་འཕྲོད་བསྟེན་ཐད་དཀའ་ངལ་མང་པོ་འཕྲད་ཀྱང་བཙོན་ཁང་གིས་དུས་ལྟར་སྨན་བཅོས་བྱེད་མི་བཅུག་པ་མ་ཟད་མཚམས་རེར་སྨན་རེ་སྤྲད་ཀྱང་དུས་ཚོད་ཡོལ་ཟིན་པ་དང་ནུས་པ་ཅི་ཡང་མེད་པ་རྐྱང་རྐྱང་རེད་འདུག་”ཅེས་འགྲེལ་བརྗོད་གནང་སོང་།
ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༠ པའི་ཚེས་ ༢༡ ཉིན་རྣམ་སྐྱིད་ལགས་དང་ཁོང་གི་སྤུན་མཆེད་གཉིས་བཙོན་འཇུག་དུས་བཀག་ཡོངས་སུ་ཚང་ནས་བཙོན་ནས་གློད་གྲོལ་ཐོབ་ཀྱང་། ནང་མིས་འགན་ལེན་ཡི་གེ་དགོས་ཚུལ་བཤད་ནས་བདུན་ཕྲག་གཅིག་གི་རིང་ཉེན་རྟོག་ཁང་དུ་མུ་མཐུད་བཀག་ཉར་བྱས་འདུག
བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་གཅིག་མཚུངས་ཀྱི་དཀའ་ངལ་འཕྲད་པ་བཞིན་ཁོང་རྣམ་གཉིས་དང་གཅེན་པོ་དགེ་འདུན་ཕུན་ཚོགས་བཅས་ཀྱི་ཐོབ་ཐང་ལག་འཁྱེར་དང་ཁྱིམ་ཐོ་གཉིས་ཀ་ཐོ་གཞུང་ནག་པོའི་ནང་དུ་བཅུག་འདུག་ཅིང་རྒྱ་གཞུང་གི་རོགས་སྐྱོར་གང་ཡང་ལེན་མི་ཆོག་པ་བཟོས་འདུག
ཁོང་རྣམ་གཉིས་གློད་གྲོལ་ཐོབ་པའི་རྗེས་སུ་ཡང་མུ་མཐུད་རྒྱ་གཞུང་གི་སྟངས་འཛིན་བྱས་ཏེ་འགྲོ་འོང་ལ་བཀག་བསྡོམས་ཆེས་ཆེར་བྱས་པ་དང་། སྨན་ཁང་ཚད་ལྡན་ལ་བསྟེན་གཏུག་བྱེད་པར་བཀག་འགོག་བྱས་འདུག མ་ཟད་ཁོང་གཉིས་ཀྱི་འབྲེལ་ཡོད་སློབ་ཕྲུག་ཚོ་མཐོ་སློབ་ཏུ་སློབ་འཇུག་བྱེད་པར་འགོག་རྐྱེན་བཟོས་པ་སོགས་ཉེ་མི་ཀུན་ལ་དམ་དྲག་དང་སུན་བཙིར་སྣ་ཚོགས་བྱས་ཏེ་རྒྱུག་པ་ལེབ་རྡུང་ལྟ་བུའི་ཉེས་ཆད་བཏང་འདུག
ཕྱི་ལོ་ ༢༠༡༥ ལོར་འདི་ག་ལྟེ་གནས་ཁང་གིས་རྣམ་སྐྱིད་ལགས་ཀྱི་གཅེན་པོ་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་དགེ་འདུན་ཕུན་ཚོགས་དང་བློ་བཟང་སྐལ་བཟང་གཉིས་ཀྱིས་རྔ་བ་རྫོང་ཐོག་དུ་ངོ་རྒོལ་སྐད་འབོད་བྱས་རྗེས་རྒྱ་གཞུང་ཉེན་རྟོག་པས་བཙན་ཁྲིད་བྱས་པའི་གནས་ཚུལ་སྤེལ་ཡོད། རྔ་བ་བཀྲ་ཤིས་གླིང་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་དགེ་འདུན་ཕུན་ཚོགས་ལ་ལོ་བཞི་དང་བློ་བཟང་སྐལ་བཟང་ལགས་ལ་ལོ་གསུམ་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཆད་བཏང་། སྐབས་དེར་དགེ་འདུན་ཕུན་ཚོགས་ལགས་རང་ལོ་བཅུ་བདུན་ལས་མིན་ནའང་རྒྱ་གཞུང་གིས་ལོ་གཅིག་ཡར་སྤར་ཏེ་ཁྲིམས་ཆད་བཏང་འདུག
དགེ་འདུན་ཕུན་ཚོགས་ལགས་ཕྱི་ལོ་ ༢༠༡༩ ལོར་དུས་བཀག་བཙོན་འཇུག་ཚང་ནས་གློད་གྲོལ་ཐོབ་འདུག་ཀྱང་ད་བར་དུ་གནས་ཚུལ་ཡོངས་གྲགས་བྱུང་ཐུབ་མི་འདུག རྣམ་སྐྱིད་ལགས་ཀྱིས་རང་གི་གཅེན་པོར་རྒྱའི་བཙོན་འོག་ཏུ་རྡུང་སྦྱོང་མནར་གཅོད་ཆེས་ཆེར་མྱངས་བའི་རྐྱེན་གྱིས་ལུས་ཟུང་ཧ་ཅང་སྐྱོ་པོར་གྱུར་ནས་རྔ་བ་རྫོང་སྨན་ཁང་དུ་བསྟེན་གཏུག་བྱས་ཀྱང་དྲག་སྐྱེད་མ་ཐུབ་པར་ཁྲེན་ཏུ་གྲོང་ཁྱེར་སྨན་ཁང་དུ་བསྐྱལ་དགོས་བྱུང་བ་དང་སྨན་ཁང་དུ་བརྟག་དཔྱད་བྱེད་སྐབས་ཁོང་གི་རྩིབ་མ་བཅགས་ཡོད་པ་དང་གློ་གཅོང་གི་ནད་ཕོག་ནས་སྨན་བཅོས་མ་ཐུབ་པར་ཡུན་རིང་ལྷག་ཡོད་པ་སོགས་འཕྲོད་བསྟེན་གྱི་གནས་བབ་ཧ་ཅང་ཛ་དྲག་ཅན་དུ་གྱུར་བ་ཤེས་རྟོགས་བྱུང་ཚུལ་གསུངས་སོང་། ཁོང་ལ་སྨན་བཅོས་བྱ་ཆེད་དུ་ནང་མིས་རྒྱ་སྒོར་ཁྲི་གཅིག་ལྷག་གི་འགྲོ་གྲོན་བཏང་ནའང་རྒྱ་གཞུང་གིས་གུན་གསབ་གང་ཡང་སྤྲད་མི་འདུག དེང་གི་དུས་སུའང་ད་དུང་རྩིབ་མའི་རྨས་སྐྱོན་ནད་ལོག་ཐེབས་པ་སོགས་ཀྱི་བདེ་ཐང་གི་ཐད་མུ་མཐུད་དཀའ་ངལ་འབྱུང་གི་ཡོད་པ་རེད།
དེ་དང་འདྲ་བར་བློ་བཟང་སྐལ་བཟང་ལགས་ཀྱང་འཕྲོད་བསྟེན་གྱི་གནས་བབ་ཧ་ཅང་ཞན་པོའི་ངང་ནས་གློད་གྲོལ་ཐོབ་འདུག བཙོན་དུ་བཅུག་པའི་རིང་བཙོན་སྲུང་བར་རྣམ་འགྱུར་མི་ལེགས་པ་བསྟན་ཚུལ་བཤད་ནས་ཁོང་གི་བཙོན་འཇུག་དུས་བཀག་ཟླ་བ་དྲུག་ཙམ་ཕར་འགྱངས་བྱས་པ་མ་ཟད་ལོགས་བཀར་ཁེར་བཅུག་བྱས་འདུག་ཅིང་གློད་གྲོལ་ཐོབ་སྐབས་ལུས་ཟུང་ཧ་ཅང་ཞན་པོར་གྱུར་འདུག
ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་དང་བསྟན་འཛིན་སྒྲོལ་མ་ལགས། དགེ་འདུ་ཕུན་ཚོགས་ལགས། བློ་བཟང་སྐལ་བཟང་ལགས་སོགས་ཀྱིས་མནར་གཅོད་མྱོང་བའི་བརྒྱུད་རིམ་ལྟར་རྒྱ་གཞུང་གིས་རང་གི་རྒྱལ་ཁྲིམས་དང་། རྒྱལ་སྤྱིའི་མནར་གཅོད་འགོག་པའི་སྤྱི་ཆིངས་དང་། ཆབ་སྲིད་དང་སྤྱི་དམངས་ཐོབ་ཐང་སྐོར་གྱི་སྤྱི་ཆིངས། བཙོན་པ་བཅུན་ཐབས་ཀྱི་རྩ་འཛིན་སོགས་རྩིས་མེད་རྡོག་རོལ་བཏང་ནས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་མནར་གཅོད་དྲག་པོ་བཏང་བ་དང་། བཙོན་དུ་བཅུག་རིང་ཁ་ཟས་དང་སྨན་བཅོས་ཀྱི་མཐུན་རྐྱེན་མི་སྤྲོད་པའི་གནས་ཚུལ་རྒྱུན་ལྡན་ལྟ་བུར་གྱུར་ཡོད།
རྣམ་སྐྱིད་ལགས་དང་བསྟན་འཛིན་སྒྲོལ་མ་ལགས། དགེ་འདུན་ཕུན་ཚོགས་ལགས་བཅས་ནི་མདོ་སྨད་རྔ་བ་རྫོང་གཅའ་རོ་ཡུལ་ཚོ་པདྨ་ལྷ་ཐང་གི་ཕ་བཀྲ་ཤིས་རྒྱ་མཚོ་ལགས་དང་མ་རིག་ཁོ་གཉིས་ཀྱི་བུ་ཕྲུག་རེད་འདུག རྣམ་སྐྱིད་ལགས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་བབ་གསལ་བཤད་གནང་ཆེད་དུ་རང་གི་ཕ་མ་སྤུན་མཆེད་ཡོད་ཚད་རྒྱབ་ཏུ་བསྐྱུར་ནས་རྒྱ་གར་དུ་ཡོང་བ་རེད་འདུག་ཅིང་ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་རྒྱ་ནག་གི་ཆབ་སྲིད་དྲིལ་བསྒྲགས་དང་མགོ་སྐོར་བསླུ་བྲིད་འོག་ཏུ་ཤོར་མི་རུང་བའི་འབོད་སྐུལ་གནང་བཞིན་འདུག