རྒྱ་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་ལ་བརྙས་བཅོས་གཏོང་མཚམས་འཇོག་དགོས།

བོད་ཀྱི་སྐད་ཡིག་གི་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་སྔ་གཞུག་བར་གསུམ་དུ་རྒྱལ་སྤྱིའི་ཁྲིམས་དང་། རྒྱ་ནག་གི་རྩ་ཁྲིམས། རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་བཅའ་ཁྲིམས་སོགས་གཞིར་བཟུང་གིས་བོད་ཡུལ་གྱི་སློབ་གྲྭ་དང་ལས་ཁུངས་སོགས་སུ་བོད་ཡིག་གཙོ་བོར་བཀོལ་སྤྱོད་བྱ་དགོས་པའི་རེ་སྐུལ་དང་ཞུ་གཏུག་ཞུས་པའི་རྐྱེན་གྱིས་དེ་སྔོན་ཁོང་ལ་མི་ལོ་ལྔ་ཡི་བཙོན་འཇུག་ཁྲིམས་ཆད་ཕོག་མྱོང་། ཕྱི་ལོ་ ༢༠༢༡ ལོ་གློད་གྲོལ་ཐོབ་པའི་རྗེས་ནས་ཀྱང་རྒྱ་གཞུང་ཉེན་རྟོག་པས་མུ་མཐུད་ཁོང་གི་རེ་སྐུལ་ལས་དོན་ལ་བཀག་འགོག་དང་ཁོང་ཉིད་གང་དུ་སོང་ཡང་གནས་ཟོས་མི་བདེ་བ་ཡོང་ཆེད་མགྲོན་ཁང་གཡར་མི་ཆོག་པ་བཟོས་ཡོད། ལྷག་པར་དུ་ཉེ་ལམ་ཕྱི་ཟླ་ ༨ པའི་ཚེས་ ༡༩ དགོང་མོར་སེར་ཤུལ་ནས་མགོ་ལོག་དར་ལག་རྫོང་དུ་འབྱོར་སྐབས་ཁོང་གི་རྒྱབ་དུ་རླངས་འཁོར་ཞིག་གིས་རྗེས་འདེད་བྱས་ཡོད་པ་དང། ཉེན་རྟོག་པས་བཀའ་ཁྱབ་བཀྲམས་ཏེ་མགྲོན་ཁང་གཡར་མ་བཅུག་པ་མ་ཟད་མགྲོན་ཁང་ཞིག་ཏུ་ཐོ་འགོད་བྱེད་སྐབས་མགོ་རིས་གྱོན་པའི་མི་བཞི་ལྔ་ཞིག་སླེབས་ཏེ་ཁོང་ལ་རུབ་རྡུང་དྲག་པོ་བཏང་བ་སོགས་མི་སྤྱོད་ལས་འདས་པའི་མནར་གཅོད་དང་བརྙས་བཅོས་བཏང་འདུག དེའི་དགོང་མོར་མགྲོན་ཁང་མ་རག་པ་མ་ཟད་སྨན་ཁང་དུ་སོང་ཡང་ཕྱིར་ཐོན་དགོས་ཞེས་སྨན་བཅོས་མ་བྱས་པར་མཚན་གང་ལྷག་འདུག ཕྱི་ཚེས་ ༢༠ ཉིན་ལ་ཡང་བསྐྱར་མི་འགས་ཁོང་ལ་རུབ་རྡུང་བྱས་ནས་རླངས་འཁོར་ཞིག་ཏུ་བཅུག་ཏེ་ཚོུད་གཉིས་ལྷག་ཙམ་ལ་འཇིགས་སྐུལ་དང་བསྔོག་བཤེར་བྱས་འདུག

ཁོང་ལ་འདི་ལྟར་རུབ་རྡུང་བྱས་ཏེ་ཇག་ཚོགས་ལྟ་བུ་བྱ་སྤྱོད་སྤེལ་མཁན་གྱི་མི་དེ་ཚོ་སུ་ཡིན་པ་དང་སུས་བཏང་ཡིན་པ་སོགས་ད་དུང་ངོས་རྟགས་ཆོད་ཐུབ་མེད་ནའང་བཀྲ་ཤིས་དབང་ཕྱུག་ལགས་མགྲོན་ཁང་གང་དུ་སོང་ཡང་དེར་ཉེན་རྟོག་པས་མགྲོན་ཁང་བདག་པོར་གནོན་ཤུགས་སྤྲད་དེ་ཁོང་ལ་མགྲོན་ཁང་གཡར་མི་ཆོག་ཚུལ་བཤད་ཡོད་པ་མ་ཟད་དུས་ནས་དུས་སུ་ཁོང་ལ་རྗེས་འདེད་བྱེད་མཁན་ཡོད་པ་དང་ཁོང་གང་དུ་ཡོད་མེད་ཀྱི་གནས་ཚུལ་ཉེན་རྟོག་པས་གསལ་པོ་ཤེས་ཀྱི་ཡོད་པ་སོགས་ལ་བལྟས་ན་རྐུན་ཇག་ལྟ་བུའི་བྱ་སྤྱོད་དེའི་རྒྱབ་ལའང་རྒྱ་གཞུང་ཉེན་རྟོག་པ་ཡོད་པའི་དོགས་པ་ཤིན་ཏུ་ཆེན་པོ་འདུག
བཀྲ་ཤིས་དབང་ཕྱུག་ལགས་ལ་བསྟུན་མར་བརྙས་བཅོས་བྱེད་པའི་ཧ་ཅང་ཛ་དྲག་ཆེ་བའི་ཁྲིམས་འགལ་གྱི་གནད་དོན་འདིའི་སྔ་གཞུག་བར་གསུམ་ལ་འདི་ག་ལྟེ་གནས་ཁང་ནས་རྟོབ་ཞིབ་ནན་པོ་ཞུ་བཞིན་ཡོད། འདི་ག་ལྟེ་གནས་ཁང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འབྲེལ་ཡོད་ཚན་ཁག་ལ་གནད་དོན་དེའི་སྐོར་ཡར་ཞུ་ཞུས་ཡོད་པ་མ་ཟད། ང་ཚོའི་རེ་བར་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་ཚོགས་སྒེར་ཀུན་གྱིས་རྒྱ་གཞུང་ཉེན་རྟོག་པའི་ཐལ་ཆེའི་བྱ་སྤྱོད་འདི་རིགས་ལ་སྐྱོན་བརྗོད་དང་དགག་ལན་གསལ་པོ་དགོས་པ་མ་ཟད། ཇག་ཚོགས་ཀྱི་བྱ་སྤྱོད་ལྟ་བུའི་འཇིགས་སྐུལ་གྱི་ལས་འགུལ་འདི་རིགས་སྤེལ་མཁན་སུ་ཡིན་དངོས་སུ་གསལ་རྟོགས་ཡོང་ཐབས་སུ་དངོས་ཤུགས་བརྒྱུད་གསུམ་ནས་ཐབས་ཤེས་གཏོང་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།

བཀྲ་ཤིས་དབང་ཕྱུག་ལགས་ལ་བརྙས་བཅོས་ཕོག་པའི་ཞིབ་ཕྲའི་གནས་ཚུལ།
ཉེ་སྔོན་ཕྱི་ཟླ་ ༨ པའི་ཚེས་ ༡༩ ཉིན་བཀྲ་ཤིས་དབང་ཕྱུག་ལགས་སེར་ཤུལ་རྫོང་ནས་མགོ་ལོག་དར་ལག་རྫོང་དུ་འབྱོར་སྐབས་དར་ལག་རྫོང་འབྲིམ་རིམ་མི་རིགས་སློབ་གྲྭ་དང་དམའ་རིམ་མི་རིགས་སློབ་གྲྭ་གཉིས་ཀའི་སྒོ་འགྲམ་ནས་པར་བླངས་ཏེ་སྤྱི་ཚོགས་དྲྭ་ལམ་དུ་སྤེལ་རྗེས་དགོང་མོའི་ཚོུད་ ༨ ཙམ་ལ་མགྲོན་ཁང་ཞིག་གླ་རུ་སོང་སྐབས་མགྲོན་ཁང་ནང་ནས་མིས་རུབ་རྡུང་བྱས་པའི་གནས་ཚུལ་དེ་བྱུང་འདུག ཁོང་ལ་རུབ་རྡུང་བྱས་པའི་རྗེས་སུ་རྨས་སྐྱོན་ཕོག་པ་དང་། དུས་ཚོད་ཕྱི་པོ་ཟིན་ཡང་ཁོང་གིས་འབད་བརྩོན་ཆེན་པོས་རུབ་རྡུང་བྱས་པའི་གྱོད་དོན་ཉེན་རྟོག་པར་ཞུ་གཏུག་བྱས་ཏེ་ཞིབ་དཔྱོད་དགོས་པའི་རེ་སྐུལ་གནང་མཐར་མཚན་མོའི་ཚོུད་ ༡༡:༣༠ ཙམ་ལ་གཞི་ནས་གྱོད་དོན་ཐོ་འགོད་ཐུབ་ཙམ་བྱུང་འདུག ཉིན་དེའི་མཚན་གུང་ཁོང་གིས་སྲང་ལམ་ནས་ཚོུད་ ༡ ལྷག་ལ་མགྲོན་ཁང་བཙལ་ཡང་མ་རག་པ་མ་ཟད་མཐར་ཉེན་རྟོག་པར་རེ་བ་ཞུས་ཏེ་མགྲོན་ཁང་ཞིག་ཏུ་བསྐྱལ་འདུག་ཀྱང་མགྲོན་ཁང་བདག་པོས་“ང་ཚོ་ཡོད་སར་ཧ་ཅང་དམ་པོ་འདུག ངས་ཁྱོད་ལ་མགྲོན་ཁང་གཡར་ན་རྗེས་མ་ང་ལ་ཉེས་ཆད་ཕོག་ཉེན་ཡོད་རེད། ངའི་ནང་མིའི་འཚོ་རྟེན་མགྲོན་ཁང་ཆུང་ཆུང་འདི་ལ་བརྟེན་ཡོད་”ཅེས་བཤད་འདུག དེ་ནས་བཀྲ་ཤིས་དབང་ཕྱུག་ལགས་མགྲོན་ཁང་ཆེ་བ་ཞིག་ཏུ་སོང་སྐབས་མགྲོན་ཁང་དོ་དམ་པས་ཉལ་ཁང་སྟོང་པ་མེད་ཚུལ་བཤད་འདུག བཀྲ་ཤིས་དབང་ཕྱུག་གིས་ནམ་མ་ལངས་བར་དུ་ཚོམས་ཆེན་གྱི་སྒུག་སྟེགས་སུ་འདུག་ཏུ་འཇུག་རྒྱུའི་རེ་བ་བྱེད་སྐབས། དོ་དམ་པས་དེ་རིང་སྤྱི་བདེ་ཉེན་རྟོག་པས་མི་སུ་ཡང་མགྲོན་ཁང་ལ་ཉར་མི་ཆོག་ཅེས་བཀའ་ཁྱབ་བཏང་བྱུང་ཞེས་ཉེན་རྟོག་པའི་བཀའ་ཁྱབ་ཡིག་ཆ་ཞིག་བསྟན་འདུག མ་ཟད་ཅུང་མ་འགོར་བར་སྤྱི་བདེ་ཉེན་རྟོག་ལས་ཁུངས་ཀྱིས་མགྲོན་ཁང་དེར་དངོས་སུ་ཁ་པར་འབྱོར་རྗེས་དོ་དམ་པས་ཁོང་ཉིད་མགྱོགས་པོ་ཕྱིར་མ་ཐོན་ན་རྗེས་ནས་མགྲོན་ཁང་ལ་དཀའ་ཁག་འཕྲན་ཉེན་ཡོད་པའི་གནས་ཚུལ་བཤད་འདུག དེའི་རྗེས་ཁོང་ཉིད་རྫོང་དར་ལག་རྫོང་གི་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་སོང་ཡང་བོད་རིགས་སྨན་པ་ཞིག་ཡོང་ནས་ཁོང་ཉིད་སྨན་ཁང་ནས་མགྱོགས་པོ་ཐོན་དགོས་པ་བཤད་འདུག བཀྲ་ཤིས་དབང་ཕྱུག་ལགས་ལ་མགྲོན་ཁང་དང་སྨན་ཁང་གཉིས་ཀའི་མཐུན་རྐྱེན་མ་རག་པར་མཚན་གང་བོར་སྨན་ཁང་གི་སྒུག་སྟེགས་ཤིག་ཏུ་འདུག་དགོས་འཁེལ་འདུག
ཕྱི་ཚེས་ ༢༠ ཉིན་ཡང་ཁོང་ལ་མུ་མཐུད་མི་རྗེས་འདེད་བྱས་འདུག་ཅིང་ཆོས་མཇལ་དུ་འགྲོ་མི་བཅུག་པ་མ་ཟད། སྤང་ཐོག་ཞིག་ནས་ཅུང་ཙམ་ངལ་གསོ་བྱེད་སྐབས་སྐྱ་ཆས་གྱོན་པའི་དར་ལག་རྫོང་གི་ཉེན་རྟོག་པ་བཞི་ཡོང་ནས་དེར་འདུག་མི་ཆོག་ཚུལ་བཤད་འདུག་པ་དང་། དུས་ཡུན་རིང་པོ་མ་སོང་བར་མི་འགའ་ཡོང་ནས་ཉེས་རྡུང་གཏོང་ཞོར་དུ་ཁོང་ལ་འདྲི་རྩད་བྱ་དགོས་ཚུལ་བཤད་ནས་རླངས་འཁོར་ནང་དུ་བཅུག་སྟེ་མི་འགྲོ་འོང་དཀོན་སའི་ལམ་ཁ་བཞི་མདོ་ཞིག་ཏུ་ཁྲིད་ནས་ཚོུད་གཉིས་ལྷག་ལ་བཀག་ཉར་བྱས་འདུག བཀག་ཉར་བྱེད་མཁན་ཚོར་ཁྱོན་རླངས་འཁོར་གསུམ་ཙམ་ཡོད་པ་དང། ཕྱིས་སུ་མི་དེ་དག་གི་འགོ་ཁྲིད་ཡིན་པ་ལྟ་བུའི་རླངས་འཁོར་ཞིག་ཀྱང་འབྱོར་འདུག ཁོང་ཚོས་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ལུས་ལ་བསྔོག་བཤེར་བཏང་བ་དང་ཁ་པར་ནང་གི་བརྙན་པར་ཆ་ཚང་སུབ་དགོས་པའི་བཙན་ཤེད་དང་འཇིགས་སྐུལ་ལན་མང་བྱས་འདུག
བཀྲ་ཤིས་དབང་ཕྱུག་ལགས་བཙོན་གྲོལ་ཐོབ་ནས་ད་བར་འདི་རིགས་ཀྱི་འཇིགས་སྐུལ་དང་བརྙས་བཅོས་ཕོག་པ་ཐེངས་མང་པོ་ཡིན། ན་ནིང་ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༡ པོའི་ཚེས་ ༡༧ ཉིན་ཡུལ་ཤུལ་ཉེན་རྟོག་པས་ཁོང་ཉིད་འབོད་འགུག་བྱས་ཏེ་ཁོང་ལ་བོད་ཀྱི་སྐད་ཡིག་ལ་སེམས་ཁུར་བྱེད་དགོས་པའི་འགན་འཁྲི་ཅི་ཞིག་ཡོད་ཟེར་བ་སོགས་ཆུ་ཚོད་གསུམ་མ་ཟིན་ཙམ་ལ་བཀག་ཉར་ཐོག་འདྲི་རྩད་བྱས་འདུག
དེ་བཞིན་ན་ནིང་ཕྱི་ཟླ་ ༤ པའི་ཚེས་ ༧ དང་ ༨ རེབ་གོང་རྫོང་དུའང་རྟོག་དབྱིབས་རིམས་ནད་སོགས་ལ་ཁ་གཡར་ནས་ཉེན་རྟོག་པས་མགྲོན་ཁང་ནང་ནས་ཕུད་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་ལ། སྐབས་དེའི་ཁོང་གི་ཞུ་གཏུག་ལ་རྒྱ་གཞུང་གི་འབྲེལ་ཡོད་ལས་ཁུངས་ཚོར་ཡ་ལན་མ་བྱས་པ་སོགས་ཀྱི་གནས་ཚུལ་འཕྲད་ཡོད། མ་ཟད་དེ་དུས་ནས་བཟུང་ཁོང་གི་སྒེར་གྱི་པོད་ཕྲན་དྲྭ་བྱང་སྒོ་བརྒྱབས་པར་བརྟེན་ཡུན་རིང་གནས་ཚུལ་རྒྱུས་ལོན་མ་ཐུབ་པར་གྱུར་བ་རེད།

to top