རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་བྱེད་མགོ་བརྩམས་འདུག

གསེར་རྟ་བླ་རུང་སྒར་རམ་ལྔ་རིག་ནང་བསྟན་སློབ་གླིང་།
གསེར་རྟ་བླ་རུང་སྒར་རམ་ལྔ་རིག་ནང་བསྟན་སློབ་གླིང་།

གསེར་རྟ་བླ་རུང་དགོན་ལྔ་རིག་ནང་བསྟན་སློབ་གླིང་ནི། བོད་ཁུལ་དུ་གཞི་རྒྱ་ཆེས་ཆེ་ཞིང་གྲྭ་བཙུན་སྔགས་གསུམ་གྱི་གྲངས་འབོར་ཆེས་མང་པའི་ནང་པའི་ཆོས་སྡེ་ཞིག་ཡིན། ཉེ་ཆར་རྒྱ་གཞུང་གིས་བླ་རུང་སྒར་གྱི་གྲྭ་བཙུན་དང་དགེ་བསྙེན། སློབ་ཕྲུག་བཅས་ཀྱི་གྲངས་འབོར་ ༥༠༠༠ ལ་ཚོད་འཛིན་ཐོག གྲྭ་བཙུན་མང་པོ་ཕྱིར་འབུད་དང་གྲྭ་ཤག་མང་པོ་གཏོར་བཤིག་དགོས་པའི་དོན་ཚན་བརྒྱད་ཅན་གྱི་ཡིག་ཆ་ཞིག་འགྲེམས་བསྒྲགས་བྱས་འདུག དེ་སྔོན། ཕྱི་ལོ་ ༢༠༠༡ ལོར་རྒྱ་གཞུང་གིས་གསེར་རྟ་བླ་རུང་དགོན་དུ་གྲྭ་ཤག་མང་པོ་བཙན་གྱིས་གཏོར་བཤིག་དང་གྲྭ་བཙུན་མང་པོ་ཕྱིར་འབུད་བཏང་ཡོད་བར་བརྟེན་ནས། བཙུན་མ་རེ་ཟུང་རང་ཤི་བརྒྱབ་དང་གྲྭ་བཙུན་མང་པོ་སེམས་སྡུག་གིས་མནར་ཏེ་འདས་གྲོངས་ཕྱིན་པ་དང་། སེམས་ཁམས་ཐང་པོ་མེད་པ་ཆགས་པའི་གནས་ཚུལ་བྱུང་ཡོད་པ་མ་ཟད། རྗེས་སུ་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་ཀྱང་རྒྱ་ནག་གི་སྨན་ཁང་ནང་གནས་ཚུལ་གསལ་ཁ་མེད་པའི་སྒོ་ནས་འདས་གྲོངས་ཕྱིན་ཡོད་པ་རེད།

ཉེ་ཆར་རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་དགོས་པའི་སྐོར་གྱི་ཤོག་ལྷེ་བཞི་ཅན་གྱི་བསྒྲགས་ཡིག་དེར་འཁོད་པ་ལྟར་ན། རྒྱ་གཞུང་གི་དམིགས་ཡུལ་ནི་ཕྱི་ལོ་ ༢༠༡༧ ཟླ་ ༩ པའི་ཚེས་ ༣༠ སྔོན་ལ་དགོན་པའི་མི་གྲངས་ ༥༠༠༠ ལ་ཚོད་འཛིན་བྱ་དགོས་པ་དང་། ཕྱིར་འབུད་བྱས་པའི་མི་གྲངས་དང་ཁང་པ་བཤིག་པའི་གྲངས་ཀ་གཉིས་མཐུན་དགོས་པ། སྡོད་ཁང་གི་གྲངས་ཀ་དང་མི་གྲངས་གཉིས་ཕན་ཚུན་བཤིབ་བསྡུར་ཀྱིས་བརྟག་དཔྱད་བྱ་དགོས་པ། དེ་བཞིན། དགོན་པར་སྡོད་པའི་དད་ལྡན་མང་ཚོགས་དང་གྲྭ་བཙུན་གཉིས་སོ་སོར་བགར་རྒྱུ་དང་། བླ་རུང་སྒར་དང་ལྔ་རིག་ནང་བསྟན་སློབ་གླིང་གཉིས་ཀྱང་སོ་སོར་བགར་དགོས་པ། རྒྱ་ནག་སྲིད་གཞུང་གི་སྤྱི་ཚོགས་བདག་གཉེར་བྱེད་ཕྱོགས་ཀྱི་སྲིད་ཇུས་བླ་རུང་སྒར་ནང་ལག་ལེན་བསྟར་རྒྱུ་དང་། རྒྱ་གཞུང་གིས་བརྗོད་པའི་སྤྱི་ཚོགས་ཞབས་ཞུའི་ལས་གཞི་ཟེར་བའི་སྲིད་ཇུས་སོགས་སྒར་ནང་དུ་སྤེལ་དགོས་པ་བཅས་ཡིན་འདུག

གཞན་ཡང་། ཡིག་ཆ་དེའི་ནང་དུ་བླ་རུང་སྒར་གཏོར་བཤིག་གྱི་ལས་འགུལ་དེ་ནི། རྒྱ་ནག་དབུས་གཞུང་གི་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་ ༦ པ་དང་། རྒྱ་ནག་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ་ཐེངས་གཉིས་པ་བཅས་ཀྱི་ནང་དོན་ལྟར། གསེར་རྟ་རྫོང་བླ་རུང་དགོན་ལྔ་རིག་ནང་བསྟན་སློབ་གླིང་དག་སྒྲིག་བཅོས་སྐྱོང་བྱེད་པ་ཞིག་ཡིན་ཚུལ་བཀོད་ཡོད་པ་མ་ཟད། དགོན་པ་གཏོར་བཤིག་གི་ལས་འགུལ་དེར་འགན་འཁྱེར་མཁན་རྒྱ་གཞུང་ལས་ཁུངས་ཕལ་ཆེ་བ་ནི། དཀར་མཛེས་རང་སྐྱོང་ཁུལ་རིམ་པའི་ལས་ཁུངས་ཁག་ཡིན་པ་དང་། ད་དུང་ཡིག་ཆ་དེ་ལས་གསལ་བ་ལྟར་ན་ལས་འགུལ་དེར་འགན་འཁུར་མཁན་འགོ་ཁྲིད་ཕལ་ཆེ་བའང་རྒྱ་རིགས་ཡིན་འདུག དེ་བཞིན། ཐེངས་འདིར་དགོན་པ་གཏོར་བཤིག་གི་ལས་འགུལ་དེར་ལས་གཞི་རིམ་པ་ཁག་བདུན་དུ་བགར་ཐོག ལག་བསྟར་བྱེད་མཁན་ལས་ཁུངས་དང་འགོ་ཁྲིད་ཚན་ཆུང་ཁག་བགོས་ཀྱིས་དུས་བཅད་ལྟར་ལག་བསྟར་བྱ་རྒྱུ་ཡིན་འདུག

དགོན་པ་གཏོར་བཤིག་བཅོས་བསྒྱུར་གྱི་ལས་གཞི་རིམ་པ་དང་པོ།

དགོན་པ་གཏོར་བཤིག་ལས་འགུལ་དེའི་ལས་དོན་དང་པོ་ནི། དགོན་པ་གཏོར་བཤིག་གྱི་ལས་འགུལ་དེར་གྲྭ་བཙུན་མང་ཚོགས་ནས་དང་ལེན་དགོས་པའི་ཐད། དགོན་པའི་ནང་ཆབ་སྲིད་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུ་ཡིན་དེ་འདུག   ཡིག་ཆ་དེའི་ནང་འཁོད་དོན། རྒྱ་ནག་དབུས་གཞུང་གི་བོད་ཀྱི་ལས་དོན་གྲོས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་། རྒྱ་ནག་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་ནང་དོན་རྣམས་གྲྭ་བཙུན་ཚོར་དྲིལ་བསྒྲགས་བྱས་ཏེ། རྒྱུ་མཚན་ཅི་ཞིག་གི་དབང་གིས་བསྒྱུར་བཅོས་གཏོང་དགོས་ཀྱི་ཡོད་པ་དང་། ཚུལ་ཅི་ལྟར་བསྒྱུར་བཅོས་གཏོང་དགོས་པ། དགོན་པར་བསྒྱུར་བཅོས་བྱེད་པར་འཆར་གཞི་ཇི་ལྟར་གཏོང་དགོས་པ། དེ་འབྲེལ་གྱི་སྲིད་ཁྲིམས་ཇི་ལྟར་ལག་ལེན་བྱ་དགོས་པ། དགོན་པའི་ཉེ་འཁོར་གྱི་ཆོས་ལུགས་ལ་དོ་དམ་བྱེད་ཕྱོགས་སྐོར་ལ་སྣེ་ཁྲིད་བྱེད་པ་ཡིན་སྐོར་བརྗོད་འདུག

གསེར་རྟ་བླ་རུང་སྒར་དུ་གྲྭ་ཤག་རྣམས་གཏོར་བཤིག་བྱེད་བཞིན་པའི་རྣམ་པ།
གསེར་རྟ་བླ་རུང་སྒར་དུ་གྲྭ་ཤག་རྣམས་གཏོར་བཤིག་བྱེད་བཞིན་པའི་རྣམ་པ།

དེའང་རིམ་པ་གསུམ་དུ་བགར་འདུག དང་པོ། དགོན་པའི་རྒྱུན་ལས་འཐུས་མི་ལྷན་ཚོགས་ཀྱི་མི་སྣ་དང་རྒྱུན་ལས་རྣམ་པ། གྲྭ་བཙུན་རྒན་རབས་པ་སོགས་ལ་སྒེར་འབྲེལ་གྱི་ཐོག་ནས་དྲིལ་བསྒྲགས་གསལ་བཤད་དང་། དེ་བཞིན། དགོན་པའི་སྡེ་ཁག་སོ་སོའི་དགེ་བསྐོས་དང་ལས་ཁུངས་བཅོ་བརྒྱད་ཀྱི་འགན་འཛིན་མི་སྣ་ཡོངས་རྫོགས་མཉམ་དུ་བསྡུས་ནས་དྲིལ་བསྒྲགས་གསལ་བྱེད་པ་དང་། ཚོམས་ཆུང་ ༣༢༤ ཡི་འགན་འཛིན་རྣམས་ཚན་ཁག་བགོས་ནས་དྲིལ་བསྒྲགས་གསལ་བྱེད་དགོས་པ་དང་། ལས་དོན་དེ་དག་ཕྱི་ལོ་ ༢༠༡༦ ཟླ་ ༦ པའི་ཚེས་ ༡ སྔོན་ལ་འགྲུབ་ཐུབ་པ་བྱ་རྒྱུ་ཡིན་འདུག

གཉིས་པ། དགོན་པའི་གླིང་སོ་སོ་དང་ཚོམས་སོ་སོར་ཚོགས་འདུ་བསྐངས་ཏེ་དྲིལ་བསྒྲགས་གསལ་བཤད་ཐོག ཁས་ལེན་ཡི་གེ་དང་གྲྭ་པ་དང་བཙུན་མ་རྣམས་ནས་ཁྲིམས་སྒྲིག་དེ་དག་དང་ལེན་བརྩི་སྲུང་བྱ་རྒྱུ་ཁས་ལེན་བྱས་པའི་ཆིངས་ཡིག་འཇོག་བཅུག་སྟེ། རྒྱ་གཞུང་གིས་བཀག་སྡོམ་ཁྲིམས་སྒྲིག་གཞིར་བཟུང་ཆོས་ལུགས་སློབ་གཉེར་བྱ་དགོས་པ་ལག་བསྟར་བྱ་འཇུག་རྒྱུ་དང་། དགོན་པའི་ནང་དུ་རྒྱ་གཞུང་གི་ཁྲིམས་སྒྲིག་དྲིལ་བསྒྲགས་བྱང་བུ་མང་པོ་འཛུགས་བསྐྲུན། བཙུན་པ་དང་བཙུན་མ་རྣམས་ཀྱིས་རྒྱ་གཞུང་གི་ཁྲིམས་སྒྲིག་དྲིལ་བསྒྲགས་སློབ་གསོའི་སྐོར་གྱི་བརྙན་འཕྲིན་ལྟ་དགོས་པའི་ལས་འགུལ་སྤེལ་ཏེ། དགོན་པའི་ནང་ཁྲིམས་སྒྲིག་དེ་དག་ཁྱབ་སྤེལ་གྱི་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་འཇུག་དགོས་པ། ལས་འགུལ་དེ་ཕྱི་ལོ་ ༢༠༡༦ ཟླ་ ༧ པའི་ཚེས་ ༣ གྱི་སྔོན་ལ་འགྲུབ་ཐུབ་པ་བྱ་རྒྱུ་ཡིན་འདུག

གསུམ་པ། དགོན་པའི་ནང་དུ་རྒྱ་གཞུང་གི་ཁྲིམས་སྒྲིག་དྲིལ་བསྒྲགས་སློབ་གསོ་དེ་ཟླ་རེ་རེ་བཞིན་སྤེལ་དགོས་པ་དང་། ལས་འགུལ་དེ་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༣༡ སྔོན་ལ་འགྲུབ་ཐུབ་པ་བྱ་རྒྱུ་བཅས་རེད།

གོང་གསལ་ལས་འགུལ་དེ་དག་ལ་འགན་འཁུར་མཁན་འགོ་ཁྲིད་དག་ནི། བཏན་ནས་ཁེ། གྲང་ཕེན་སུན། བྱང་ལོ། བྱང་ཆུབ་བཅས་ཡིན་པ་དང་། འགན་ལེན་མཁན་ལས་ཁུངས་དག་ནི། ཁུལ་དྲིལ་བསྒྲགས་ལས་ཁུངས། ཁུལ་འཐབ་ཕྱོགས་གཅིག་གྱུར་ཁང་། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཁང་། ཁུལ་ཁྲིམས་ལུགས་སྡེ་ཁག གསེར་རྟ་རྫོང་སྲིད་གཞུང་བཅས་ཡིན་འདུག

དགོན་པ་གཏོར་བཤིག་བཅོས་བསྒྱུར་གྱི་ལས་གཞི་རིམ་པ་གཉིས་པ།

དགོན་པའི་གླིང་དུ་གནས་སྡོད་དགེ་བསྙེན་དང་གྲ་པ། བཙུན་མ། རྒན་ཁོག་དང་དབང་བོ་སྐྱོན་བཅས་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཐོ་འགོད་ཀྱིས། ༼ཚན་ལྡན་གཅིག་དང་དོན་གནས་གསུམ༽ཟེར་བའི་ལས་གཞི་སྤེལ་ཏེ། ས་གནས་དང་མི་གྲངས། ཁང་པ། སྡེ་ཁག་སོ་སོར་བགར་ཏེ། གྲྭ་ཤག་རེ་རེ་སྒོ་རྟགས་ཨང་རིམ་བཀོད་ནས་ཞིབ་བཤེར་དོ་དོམ་བྱེད་བདེ་བོ་རྒྱུ་དེ་ཡིན་འདུག ལས་གཞི་དེ་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༣༡ སྔོན་ལ་འགྲུབ་འཇུག་རྒྱུ་དང་། ལས་གཞི་དེར་འགན་ལེན་འགོ་ཁྲིད་དག་ནི། ལས་ཅང་དང་ཀྲང་ཕེན་སུན། ཧྲོས་བུན་གསུམ་དང་། འགན་ལེན་ལས་ཁུངས་ནི་ཁུལ་སྤྱི་བདེ་ལས་ཁུངས། ཁུལ་དམངས་སྲིད་ལས་ཁུངས། ཁུལ་རྒྱལ་ཁབ་བདེ་སྲུང་ལས་ཁུངས། གསེར་རྟ་རྫོང་སྲིད་གཞུང་བཅས་ཡིན་འདུག

དགོན་པ་གཏོར་བཤིག་བཅོས་བསྒྱུར་གྱི་ལས་གཞི་རིམ་པ་གསུམ་པ།

རྒྱ་གཞུང་གིས་གསེར་རྟ་བླ་རུང་དགོན་གཏོར་བཤིག་བྱ་རྒྱུའི་ཐད་ཀྱི་ལས་འཆར་བཀའ་རྒྱ།
རྒྱ་གཞུང་གིས་གསེར་རྟ་བླ་རུང་དགོན་གཏོར་བཤིག་བྱ་རྒྱུའི་ཐད་ཀྱི་ལས་འཆར་བཀའ་རྒྱ།

དགོན་པའི་གྲྭ་པ་དང་བཙུན་མ། དགེ་བསྙེན་བཅས་གྲངས་འབོར་ཉུང་འཕྲིད་བྱ་རྒྱུ་ཡིན་པ་དང་། ཕྱི་ལོ་ ༢༠༡༦ ལོར་གྲྭ་བཙུན་གྲངས་འབོར་ ༢༢༠༠ ཕྱིར་འབུད་གཏོང་རྒྱུ་ཡིན་འདུག དེའི་ནང་དགེ་བསྙེན་གྲངས་ ༡༠༢༩ དགོན་པ་ལས་ལོགས་སུ་བགར་རྒྱུ། གྲྭ་པ་དང་བཙུན་མ་གྲངས་ ༡༢༠༠ དགོན་པ་ནས་ཕྱིར་འབུད་གཏོང་རྒྱུ་དང་། དེའི་ཁྲོད་དུ་ཞིང་ཆེན་གཞན་ནས་ཡིན་པའི་གྲྭ་བཙུན་གྲངས་ ༦༠༠ ཚུད་ཡོད་པ་རེད། ད་དུང་ཕྱི་ལོ་ ༢༠༡༧ ལོར་དགོན་པའི་གྲྭ་བཙུན་སོགས་ཀྱི་ཁྱོན་བསྡོམས་མི་གྲངས་ ༥༠༠༠ ལ་ཚོད་འཛིན་བྱ་དགོས་ཀྱི་ཡོད་འདུག གལ་སྲིད། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༣༠ སྔོན་ལ་མི་གྲངས་ ༥༠༠༠ དུ་ཚོད་འཛིན་མ་ཐུབ་པ་ཡིན་ན། ༢༠༡༧ ལོར་དགོན་པའི་མི་གྲངས་ཀྱི་མིང་ལྟར་ཕྱིར་འབུད་གྲྭ་བཙུན་གྱི་མི་གྲངས་ཇེ་མང་དུ་གཏོང་རྒྱུ་ཡིན་འདུག

དེར་མ་ཟད། འདི་ལོར་ཕྱིར་འབུད་བྱས་པའི་གྲྭ་པ་དང་བཙུན་མའི་མིང་ཐོ་རྣམས། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༥ སྔོན་ལ་གོང་རིམ་སྲིད་གཞུང་ལ་རྩིས་སྤྲོད་ཐོག ཕྱི་ཟླ་ ༡༠ ཚེས་ ༣༠ སྔོན་ལ་ཕྱིར་འབུད་བཏང་ཚར་དགོས་པ་དང་། དགོན་པར་གཏན་སྡོད་ཚད་གཞིའི་མི་གྲངས་ ༥༠༠༠ ཡི་མིང་ཐོ་གོང་རིམ་ལ་སྤྲོད་དགོས་པ་དང་། དེའི་ནང་ཞིང་ཆེན་གཞན་གྱི་གྲྭ་བཙུན་གྲངས་ ༡༠༠༠ ལས་བརྒལ་མི་ཆོག་པ་རེད། དེ་ལས་གཞན་པའི་དགོན་པར་གནས་སྡོད་མི་སྣ་རྣམས་ཀྱི་མིང་ཐོ་ཞིབ་བཤེར་གྱིས་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༣༠ སྔོན་ལ་གོང་རིམ་ལ་སྤྲོད་དགོས་ཀྱི་ཡོད་འདུག ལས་གཞི་དེར་འགན་འཁུར་མཁན་འགོ་ཁྲིད་ནི་གྲང་ཕེན་སུན་དང་། བཏན་ནས་ཁེ། ཚས་ཡས་སྤོང་གསུམ་དང་། འགན་ལེན་ལས་ཁུངས་ནི་ཁུལ་འཐབ་ཕྱོགས་གཅིག་གྱུར་ཁང་། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཁང་། ཁུལ་སློབ་གསོ་སྡེ་ཁག ཁུལ་སྤྱི་བདེ་ལས་ཁུངས། ཁུལ་དམངས་སྲིད་ལས་ཁུངས། གསེར་རྟ་རྫོང་སྲིད་གཞུང་། ཕྱི་ཡོང་གྲྭ་བཙུན་རྣམས་དང་འབྲེལ་ཡོད་ཀྱི་རྫོང་དང་ས་ཁུལ་སྲིད་གཞུང་བཅས་ཡིན་འདུག

དགོན་པ་གཏོར་བཤིག་བཅོས་བསྒྱུར་གྱི་ལས་གཞི་རིམ་པ་བཞི་པ།

ཕྱི་ལོ་ ༢༠༡༣ ནས་ད་ལྟའི་བར་ཕྱིར་འབུད་བཏང་བའི་གྲྭ་པ་དང་བཙུན་མ་རྣམས་ཀྱི་གྲྭ་ཤག་དང་། རྒྱ་གཞུང་གི་བཀག་སྡོམ་གཏན་འབེབ་དང་འགལ་བའི་གྲྭ་ཤག རྒན་གསོ་ཁང་དུ་ཕྱིན་ཟིན་པ་རྣམས་ཀྱི་ཁང་པ། བཙུན་མོའི་མགྲོན་ཁང་དུ་ཕྱིན་ཟིན་པ་དག་གི་ཁང་བ་བཅས། ཁྱོན་བསྡོམས་ཁང་པ་ ༡༥༠༠ དགོན་པའི་ཕྱོགས་གཅིག་ནས་སྡེབ་བཤིག་བྱ་དགོས་པ་དང་། ལས་གཞི་དེ་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༣༠ བར་བསྒྲུབ་ཚར་དགོས། ལས་གཞི་དེའི་འགོ་ཁྲིད་ནི་ཀྲང་ཡོང་ཏུའུ། ཨ་ཅེས་པོས་གྲོས་གཉིས་ཡིན་པ་དང་། འགན་ལེན་ལས་ཁུངས་ནི་ཁུལ་འཐབ་ཕྱོགས་གཅིག་གྱུར་ཁང་། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཁང་། ཁུལ་སྤྱི་བདེ་ཁང་། ཁུལ་གྲོང་ཚོ་སྡོད་ཁང་འཛུགས་སྐྲུན་ལས་ཁུངས། ཁུལ་རྒྱལ་ཁོངས་ཐོན་ཁུངས་སྡེ་ཁག ཁུལ་དམངས་སྲིད་ལས་ཁུངས། གསེར་རྟ་རྫོང་སྲིད་གཞུང་བཅས་ཡིན་འདུག

དགོན་པ་གཏོར་བཤིག་བཅོས་བསྒྱུར་གྱི་ལས་གཞི་རིམ་པ་ལྔ་པ།

དགོན་པའི་ནང་སོ་ལྟའི་བརྙན་མིག་འགྲེམས་འཛུགས་བྱ་རྒྱུ་དང་། དགོན་པའི་ནང་འགྲོ་འོང་བྱེད་མཁན་རྣམས་ལ་བཀག་སྡོམ་གྱི་སྒྲིག་གཞི་བཟོ་རྒྱུ་དེ་ཡིན་པ་དང་། ལས་གཞི་དེ་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༣༡ སྔོན་ལ་འགྲུབ་འཇུག་དགོས་པ་དང་། ལས་གཞི་དེར་འགན་འཁུར་མཁན་འགོ་ཁྲིད་ནི། ཀྲང་ཕེན་སུན་དང་ཧྲོས་ཝུན་གཉིས་ཡིན་ལ། འགན་ལེན་ལས་ཁུངས་ནི་ཁུལ་སྤྱི་བདེ་ལས་ཁུངས་དང་གསེར་རྟ་རྫོང་སྲིད་གཞུང་ཡིན་པ་རེད།

དགོན་པ་གཏོར་བཤིག་བཅོས་བསྒྱུར་གྱི་ལས་གཞི་རིམ་པ་དྲུག་པ།

དགོན་པའི་དགེ་བསྙེན་གླིང་དགོན་པ་ལས་ལོགས་སུ་བགར་ཏེ། རྒྱ་གཞུང་གི་ཐད་ཀའི་སྟེང་འཛིན་འོག་ཡོད་པའི་སྲིད་འཛིན་སྡེ་བ་བཟོ་རྒྱུ་ཡིན་འདུག དེའང་དགོན་པ་དང་དགེ་བསྙེན་གླིང་གཉིས་ཀྱི་འདྲེས་མཚམས་ནས་རིང་ཚད་རྨིད་ ༣༠ ཁེབས་ཚད་ཀྱི་ཁང་པ་ཡོངས་རྫོགས་བཤིག་སྟེ་བར་སྟོང་བཟོ་དགོས་པ་དང་། ལས་གཞི་དེ་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༣༡ སྔོན་ལ་འཚགས་དགོས། ད་དུང་དགོན་པ་དང་དགེ་བསྙེན་གླིང་གི་བར་དུ་བརྩིག་སྐས་བསླངས་དགོས་པ་མ་ཟད། དགེ་བསྙེན་གླིང་གི་ཁང་པའི་རྣམ་པ་བསྒྱུར་དགོས་པ་དང་། དགེ་བསྙེན་གླིང་དུ་རྒྱ་གཞུང་གི་སྲིད་འཛིན་སྡེ་བའི་ལས་ཁུངས་འཛུགས་དགོས་ཀྱི་ཡོད་པ་རེད། ལས་གཞི་དེ་ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༣༠ སྔོན་ལ་འགྲུབ་དགོས་ཀྱི་ཡོད་འདུག ལས་གཞི་དེར་འགན་འཁུར་མཁན་འགོ་ཁྲིད་ནི། ཀྲང་ཕས་སུན་དང་། ཤི་པོ། འགན་ལེན་ལས་ཁུངས་ནི་ཁུལ་གྲོང་ཚོ་སྡོད་ཁང་འཛུགས་སྐྲུན་ལས་ཁུངས། ཁུལ་རྒྱལ་ཁོངས་ཐོན་ཁོངས་སྡེ་ཁག ཁུལ་དམངས་སྲིད་ལས་ཁུངས། གསེར་རྟ་རྫོང་སྲིད་གཞུང་བཅས་ཡིན་འདུག

དགོན་པ་གཏོར་བཤིག་བཅོས་བསྒྱུར་གྱི་ལས་གཞི་རིམ་པ་བདུན་པ།

གྲྭ་པ་དང་བཙུན་མའི་ཁང་པ་བཤིག་ནས་དགོན་པ་དང་སློབ་གླིང་གཉིས་ཁ་ཁར་བཀར་ཏེ་བར་སྟོང་འཇོག་དགོས་པ་དང་། ཁྱོན་ཡོངས་ཀྱི་ཚད་འཛིན་མི་གྲངས་ ༥༠༠༠ ཁྲོད་ནས། དགོན་པར་ཞུགས་མཁན་གྲྭ་བཙུན་དང་སློབ་གླིང་དུ་ཞུགས་མཁན་གྲྭ་བཙུན་གྱི་མིང་ཐོ་དང་གྲངས་འབོར་སོ་སོར་བཀར་བའི་ཐོག་ནས། དགོན་པར་དོ་དམ་བྱེད་མཁན་ཁྲོད་དུ་རྒྱ་གཞུང་གི་ལས་བྱེད་དང་གྲྭ་པ་གཉིས་འདེམས་སྒྲིག་བྱས་ཏེ་དགོན་པར་ཆོས་ལུགས་ཀྱི་བྱ་འགུལ་སྤེལ་རྒྱུ་དང་། སློབ་གླིང་གི་དོ་དམ་ནི་རྒྱ་ནག་གཞུང་གི་སློབ་གྲྭའི་དོ་དམ་བྱེད་ཕྱོགས་ལྟར་བཟོས་ཏེ། སྲིད་གཞུང་གི་ལས་བྱེད་དང་གྲྭ་པ་གཉིས་ཆ་ཡོད་པའི་དོ་དམ་ལྷན་ཚོགས་ཤིག་བཙུགས་ནས། རྒྱ་ནག་གཞུང་ཕྱོགས་ཀྱི་སློབ་གསོའི་བྱ་འགུལ་སྤེལ་རྒྱུ་ཡིན་པ་མ་ཟད། ༼གཉིས་སྣོན་གསུམ༽(2+3) ཟེར་བའི་བྱེད་ཐབས་ལག་བསྟར་བྱ་རྒྱུ་ཡིན་འདུག ལས་གཞི་དེ་ཕྱི་ལོ་ ༢༠༡༦ ཟླ་ ༨ པའི་ཚེས་ ༣༡ སྔོན་ལ་འགྲུབ་དགོས་པ་དང་། ལས་གཞི་དེར་འགན་འཁུར་མཁན་འགོ་ཁྲིད་ནི། ལིས་ཁྲིན་མེན། བཏན་ལས་ཁེ། གྲང་ཕེན་སུན། བྱང་ཆུབ་བཅས་དང་། འགན་ལེན་ལས་ཁུངས་ནི་ཁུལ་འཐབ་ཕྱོགས་གཅིག་གྱུར་ཁང་། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཁང་། ཁུལ་སྤྱི་བདེ་ཁང་། ཁུལ་གྲོང་ཚོ་སྡོད་ཁང་འཛུགས་སྐྲུན་ལས་ཁུངས། ཁུལ་རྒྱལ་ཁོངས་ཐོན་ཁུངས་སྡེ་ཁག གསེར་རྟ་རྫོང་སྲིད་གཞུང་བཅས་ཡིན་པ་རེད། གཞན་ཡང་གོང་གསལ་ལས་གཞི་རིམ་པ་ཁག་ལག་བསྟར་བྱས་པའི་ཚད་གཞི་རྣམས། དགོན་པ་གཏོར་བཤིག་བཅོས་བསྒྱུར་ཐད་ཆེད་འཛུགས་བྱས་པའི་ལས་དོན་རུ་ཁག་དང་གསེར་རྟ་རྫོང་ལ་དུས་ཐོག་སྙན་སེང་བྱ་དགོས་ཀྱིན་ཡོད་པ་རེད།

ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་དུའང་རྒྱ་གཞུང་གིས་གྲྭ་ཤག་རྣམས་གཏོར་བཤིག་གི་ལས་གཞི་རྩོམ་བཞིན་པ།
ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་དུའང་རྒྱ་གཞུང་གིས་གྲྭ་ཤག་རྣམས་གཏོར་བཤིག་གི་ལས་གཞི་རྩོམ་བཞིན་པ།

གསེར་རྟ་བླ་རུང་སྒར་རམ་ལྔ་རིག་སློབ་གླིང་ནི་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་ནས། ཕྱི་ལོ་ ༡༩༨༠ ལོར་གསར་དུ་བཙུགས་ཤིང་། ཕྱི་ལོ་ ༡༩༨༧ ལོར་པཎ་ཆེན་སྐུ་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་ནས་སློབ་གླིང་ལ་༼གསེར་ཐང་བླ་རུང་དགོན་ལྔ་རིག་ནང་བསྟན་སློབ་གླིང་༽ཞེས་པའི་མཚན་གསོལ་ཞིང་སྒོ་བྱང་ཆོག་མཆན་དང་བཀལ་སློབ་ལམ་སྟོན་བསྩལ་ཡོད་པ་རེད། བླ་རུང་སྒར་ནི་བོད་ཁུལ་གྱི་དགོན་སྡེ་གཞན་དག་དང་མ་འདྲ་བར། གྲྭ་བཙུན་ཁོ་ན་ཙམ་མ་ཡིན་པར་ཆོས་སློབ་གཉེར་དང་ཉམས་ལེན་བྱེད་མཁན་སེར་སྐྱ་བོད་མི་སྐྱ་ཕོ་མོ་དབྱེར་མེད་དང་། ཕྱིའི་རྒྱལ་ཁབ་ཁག་གི་སློབ་གཉེར་བ་སོགས་འདུས་སྡོད་ཀྱིས་ཆོས་སློབ་གཉེར་དང་ཉམས་ལེན་བྱ་རྒྱུའི་གོ་སྐབས་ཐོབ་ཀྱིན་ཡོད་སྟབས། བོད་ཁུལ་གྱི་ས་ཕྱོགས་སོ་སོ་ནས་སྐྱ་སེར་མང་པོ་དགོན་པ་འདིར་འོངས་ཀྱི་ཡོད་པ་མ་ཟད། རྒྱ་རིགས་གཙོས་པས་ཕྱི་རྒྱལ་མི་རིགས་མང་པོ་ཡང་ཆོས་སློབ་གཉེར་ཆེད་སླེབས་ཀྱིན་ཡོད་པ་རེད། དེར་བརྟེན། བླ་རུང་སྒར་ནི་བོད་ཀྱི་ཆོས་དང་རིག་གཞུང་སློབ་གཉེར་དང་རྒྱུན་འཛིན། ཉམས་ལེན་བཅས་བྱ་ཡུལ་གྱི་སྟི་གནས་ཤིག་ཆགས་ཡོད་པ་རེད། ད་ལྟའི་ཆར་གྲྭ་བླ་རུང་སྒར་དུ་རྒྱུན་སྡོད་མི་གྲངས་ཁྲི་ ༢ ལྷག་ཡོད་པ་དང་། ཆོས་ཐོག་དང་དུས་ཆེན་གྱི་སྐབས་སུ་མི་གྲངས་ཁྲི་ ༤ ལྷག་འདུ་འཛོམས་བྱ་བཞིན་ཡོད་པ་རེད། རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་དུ་རྒྱུན་སྡོད་གྲྭ་བཙུན་དང་ནང་ཆོས་སློབ་གཉེར་བའི་གྲངས་ཚད་ ༥༠༠༠ ལ་ཚད་འཛིན་བྱས་པ་དེས། དགོན་པའི་རྒྱུན་སྡོད་མི་འབོར་གྱི་བརྒྱ་ཆ་ ༧༥ ཕྱིར་འབུད་བཏང་ཡོད་པ་རེད།

རྒྱ་གཞུང་གིས་ཉེ་ཆར་གསེར་རྟ་བླ་རུང་དགོན་དུ་ལག་བསྟར་བྱེད་བཞིན་པའི་དགོན་པ་གཏོར་བཤིག་བཅོས་བསྒྱུར་གྱི་ལས་གཞི་དེ་ནི། དགོན་པའི་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་བཀག་སྡོམ་རྒྱུ་ཁོ་ན་ཙམ་མ་ཡིན་པར། དགོན་པའི་གྲྭ་བཙུན་མང་པོའི་ཁང་པ་གཏོར་བཤིག་གིས་དགོན་པ་ཁག་སོ་སོར་བཅད་བགོས་པའི་ཐོག་ནས། དགོན་པའི་བླ་མ་དང་མཁན་པོ་རྣམས་ཀྱི་ལག་ནས་དགོན་པ་ལྟ་སྐྱོང་གི་དབང་ཆ་བཙན་འཕྲོག་བྱས་ཐོག རྒྱ་གཞུང་གི་ལས་བྱེད་ཆེད་འཛུགས་ཀྱིས་དོ་དམ་སྟངས་འཛིན་བྱས་ཏེ། དགོན་པ་ཧྲིལ་པོ་རྒྱ་གཞུང་གི་ཆབ་སྲིད་ལས་འགུལ་སྤེལ་ཡུལ་ཞིག་ཏུ་བསྒྱུར་རྒྱུ་དང་། ལྷག་པར་དུ་ས་ཕྱོགས་གཞན་ནས་ནང་ཆོས་སློབ་གཉེར་ཆེད་ཡོང་མཁན་རྣམས་ཀྱི་གཙོས་དགོན་པའི་གྲྭ་བཙུན་རྣམས་རིམ་པས་ཕྱིར་འབུད་བཏང་སྟེ། ནང་པའི་ཆོས་ཀྱིས་མཚོན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་རྣམས་སློབ་གཉེར་དང་རྒྱུན་འཛིན་ལ་ཕྱོགས་ཡོངས་ནས་བཀག་སྡོམ་གྱིས། བོད་མི་རིགས་ཀྱི་ངོ་བོ་དང་སྐད་ཡིག་རིག་གནས་རྩ་གཏོར་བྱ་རྒྱུའི་དམིགས་ཡུལ་བཟུང་ཡོད་པ་དེ། གོང་འཁོད་ཡིག་ཆའི་ནང་དོན་ཁག་ལས་གསལ་བོ་རྟོགས་ཐུབ་པ་ཞིག་རེད།

དེ་སྔོན་ཕྱི་ལོ་ ༢༠༠༡ ལོར་རྒྱ་གཞུང་གིས་གསེར་རྟ་བླ་རུང་དགོན་གཏོར་བཤིག་བྱེད་སྐབས། དགོན་པའི་ནང་རྒྱལ་ཁབ་ཕྱི་ནང་ཀུན་ནས་སླེབས་པའི་རྒྱལ་སྤྱིའི་ཆོས་སློབ་ཚོགས་པའི་སློབ་གཉེར་བ་ ༡༥༠༠ ལྷག་ཡོད་པ་རྣམས་གཅིག་ཀྱང་མ་ལུས་པར་མཐར་སྐྲོད་བཏང་ཡོད་པ་མ་ཟད། དགོན་པའི་གྲྭ་བཙུན་སྟོང་ཕྲག་མང་པོ་བཙན་གྱིས་ཕྱིར་འབུད་དང་། དམག་མི་དང་རྒྱ་མི་ལས་བཟོ་བ་ ༥༠༠ ལྷག་བཏང་སྟེ་ཉིན་ ༡༣ ནང་གྲྭ་ཤག་གྲངས་ ༡༨༧༤ དང་སྒོམ་ཁང་ ༢༠༠༠ ལྷག་རྩ་གཏོར་བཏང་ཡོད། ད་དུང་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་རྒྱུན་ལྡན་གྱི་བཀའ་ཁྲིད་གསུང་ཆོས་ཆ་ཚང་བཙན་གྱིས་མཚམས་འཇོག་བྱེད་བཅུག་པར་མ་ཟད། སྨན་བཅོས་ལ་ཁ་གཡར་ཏེ་རྔ་པ་ཁུལ་འབར་ཁམས་ཀྱི་དམག་མིའི་སྨན་ཁང་ཞིག་ཏུ་བཀག་ཉར་ཐོག མཁན་པོ་མཆོག་གི་བླ་སྨན་རིག་འཛིན་ལགས་ཀྱང་སྨན་ཁང་དུ་བཅར་མ་བཅུག་པར་ཕྱི་ཕྱོགས་སུ་གནས་ཚུལ་གང་ཡང་ཤེས་རྟོགས་མི་ཐུབ་པར་བཟང་བཙོན་ལྟ་བུར་བཀག་སྡོམ་བྱས་མཐར། ཕྱི་ལོ་ ༢༠༠༤ ཟླ་ ༡ ཚེས་ ༧ ཉིན་སྐུ་གྲོངས་ཡོད་པ་རེད།

གཞན་ཡང་། ཉེ་ཆར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་དང་པར་རིས་ཐོན་པ་ལྟར་ན། ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་དུའང་། རྒྱ་གཞུང་གིས་དགོན་པ་གཏོར་བཤིག་བཅོས་བསྒྱུར་གྱི་ལས་གཞི་ལ་སྤེལ་འཆར་གྱིས། གྲྭ་ཤག་མང་པོ་གཏོར་དགོས་པའི་བཙན་བཀའ་བཏང་ཡོད་སྟབས། གྲྭ་བཙུན་རྣམས་ཀྱིས་རྒྱ་གཞུང་དམག་མི་དང་ལས་བྱེད་པས་གྲྭ་ཤག་གཏོར་བཤིག་དང་འབྲེལ་འཕྲོག་བཅོམ་བྱ་དངངས་སྐྲག་སྐྱེས་ཏེ། གྲྭ་པ་འགས་རང་ངོས་ནས་སོ་སོའི་གྲྭ་ཤག་བཤིག་བཞིན་ཡོད་འདུག ཡ་ཆེན་ཨོ་རྒྱན་གླིང་ཡང་བོད་མི་སྐྱ་སེར་དབྱེར་མེད་ཀྱིས་ཆོས་སློབ་གཉེར་དང་ཉམས་ལེན་བྱ་ཡུལ་ཆེ་ཤོས་ཤིག་ཆགས་ཡོད། གྲྭ་བཙུན་རྣམས་ཀྱིས་སོ་སོའི་གྲྭ་ཤག་བཤིག་དགོས་དོན་ནི། དེ་སྔོན་ཕྱི་ལོ་ ༢༠༠༡ ལོར་གསེར་རྟ་བླ་རུང་སྒར་རྒྱ་གཞུང་གིས་གཏོར་བཤིག་སྐབས། རྒྱ་གཞུང་དམག་མི་དང་ལས་བྱེད་པ་ཚོས་གྲྭ་ཤག་གཏོར་བཤིག་བྱས་པ་མ་ཟད། ནང་གི་རྩ་ཆེའི་རྟེན་དང་ཅ་དངོས། ཁང་པའི་ཤིང་ཆ་མཐའ་དག་འཕྲོག་འཁྱེར་བྱས་ཡོད་པས་རེད།

ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་ངམ་ཡ་ཆེན་སྒར།
ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་ངམ་ཡ་ཆེན་སྒར།

རྒྱ་གཞུང་གི་རྩ་ཁྲིམས་དོན་ཚན་ ༣༦ པར། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་ལུགས་དད་མོས་རང་དབང་ཡོད། ༽ཅེས་འཁོད་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་སྡེ་ཁག་དང་ཚོགས་སྡེ། མི་སྒེར་སུ་ཞིག་གིས་ཀྱང་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་དང་དད་མོས་མི་བྱེད་པའི་ཐད་ལ་བཙན་དབང་བྱ་མི་ཆོག དེ་བཞིན། ཆོས་ལུགས་དད་མོས་ཅན་གྱི་སྤྱི་དམངས་དང་དད་མོས་མེད་པའི་སྤྱི་དམངས་གང་ལའང་དབྱེ་འབྱེད་བྱ་མི་ཆོག་པ་དང་། རྒྱལ་ཁབ་ཀྱིས་རྒྱུན་ལྡན་གྱི་ཆོས་ལུགས་བྱ་འགུལ་ལ་སྲུང་སྐྱོབ་བྱ་དགོས་པ་གསལ་ཡོད། ཡིན་ནའང་། རྒྱ་གཞུང་གིས་དོན་དངོས་ཐོག་རྩ་ཁྲིམས་ཀྱི་ཁས་ལེན་རྣམས་རྩིས་བཏང་སྟེ། བླ་རུང་སྒར་གྱིས་མཚོན་པའི་བོད་ཡུལ་གྱི་དགོན་སྡེ་ཁག་གི་ཆོས་ལུགས་དད་མོས་རང་དབང་རྩ་གཏོར་གཏོང་བཞིན་ཡོད།

རྒྱ་གཞུང་གིས་བོད་ཡུལ་གྱི་དགོན་སྡེ་ཁག་ནང་དུ་ལག་བསྟར་བྱེད་ཀྱིན་པ་ནི། དམར་ཤོག་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཟེར་བ་སྟེ། ༡༩༩༣ ལོའི་རྒྱ་ནག་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་དང་། ༢༠༠༡ ལོའི་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ་གཉིས་ཀྱི་སྟེང་ཅང་ཙེ་མིན་གྱིས་སྔ་རྗེས་སུ་བཏོན་པའི་སྐད་ཆ་ཚིག་བཞི་སྟེ། ༼དམར་ཤོག་ཏང་གི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དགོས་པ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་དགོས་པ། རང་ཚུགས་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་དགོས་པ། ཆོས་ལུགས་ཏེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་པར་ཧུར་ཐག་གིས་ཁྲིད་སྟོན་བྱ་དགོས།༽ ཞེས་པ་དེ་རེད། དེའི་དམིགས་ཡུལ་ནི་བླ་སྤྲུལ་གྲྭ་བཙུན་རྣམས་ཀྱིས་དམར་ཤོག་མགོ་ཁྲིད་ཀྱིས་ཅི་བཤད་སྒྲུབ་དགོས་པ་དང་། དགོན་སྡེ་ཁག་གིས་དམར་ཤོག་གཞུང་གི་དྲག་གནོན་སྲིད་རྒྱུན་འཁྱོངས་ཡོང་ཐབས་ལ་སྲི་ཞུ་སྒྲུབ་དགོས་པ་བཅས་ཆགས་ཡོད། ཉེ་སྔོན་ཚོགས་པའི་རྒྱ་ནག་རྒྱལ་ཡོངས་ཆོས་ལུགས་ཚོགས་འདུའི་སྟེང་། ཞིས་ཅིན་ཕིན་གྱིས་༼ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཙོགས་རིང་ལུགས་ཆོས་ལུགས་གཞུང་ལུགས༽རྒྱུན་འཁྱོངས་དགོས་པ་དང་། དམར་ཤོག་ཏང་གིས་ཆོས་ལུགས་ལ་ཁྲིད་སྟོན་བྱ་དགོས་པ་ནན་སྐུལ་བྱས་ཡོད་པ་རེད།

རྒྱ་གཞུང་གིས་ནམ་རྒྱུན་རྒྱལ་སྤྱིའི་སྒང་རྒྱ་ནག་ནང་ཆོས་ལུགས་དད་མོས་རང་དབང་ཡོད་པ་དང་། ལྷག་པར་དུ་བོད་ནང་དགོན་སྡེ་དང་གྲྭ་བཙུན་གྲངས་འབོར་ཆེན་པོ་ཡོད་སྐོར་དྲིལ་བསྒྲགས་བྱེད་ཀྱིན་ཡོད། ཡིན་ནའང་། གོང་གསལ་གནས་ཚུལ་དག་ལས་ཤེས་རྟོགས་ཐུབ་པ་ནི། རྒྱ་གཞུང་གིས་སྤེལ་བཞིན་པའི་ཆོས་ལུགས་སྲིད་ཇུས་དང་ཁྲིམས་སྒྲིག་དག་ནི། མང་ཚོགས་ཀྱི་དད་མོས་རང་དབང་སྲུང་ཆེད་དུ་མ་ཡིན་པར། དམར་ཤོག་རང་ཉིད་ཀྱི་དྲག་གནོན་དབང་བསྒྱུར་སྲིད་ཇུས་སྲ་བརྟན་དང་། བཙན་དབང་གི་སྒོ་ནས་བླ་སྤྲུལ་དང་གྲྭ་བཙུན། དགོན་སྡེ་སོགས་བེད་སྤྱད་དེ། རྒྱ་གཞུང་རང་གིས་བརྗོད་པའི་༼སྤྱི་ཚོགས་བརྟན་ལྷིང༽ཟེར་བ་བཟོ་ཐབས་ཁོ་ཙམ་ཡིན་གསལ་བོར་བསྟན་ཡོད།

ཆོས་ལུགས་དད་མོས་རང་དབང་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་གལ་ཆེན་ཞིག་ཡིན་ལ། འདི་ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཀེ་མོན་(Ban Ki-moon)ལགས་ཀྱིས་ཀྱང་། འཚེ་བ་མེད་པ་དང་དྲང་བདེན། འདྲ་མཉམ། རྟེན་འབྱུང་སོགས་ནང་བའི་ཆོས་ཀྱི་ལྟ་གྲུབ་ཀྱིས། དེང་གི་ཆར་འཛམ་གླིང་ནང་འཕྲད་བཞིན་པའི་དྲག་སྤྱོད་འཁྲིག་འཛིང་དང་། ཡུལ་བྱོལ་སྐྱབས་བཅོལ། འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་སོགས་དཀའ་ངལ་སྣ་ཚོགས་སེལ་རྒྱུར་ཕན་ནུས་ཆེན་པོ་འཐོན་བཞིན་ཡོད་པ་གསལ་བོར་བརྗོད་ཡོད། ཡིན་ནའང་། རྒྱ་གཞུང་གི་དབང་བསྒྱུར་སྲིད་ཇུས་འོག་བོད་ནང་ཆོས་ལུགས་དད་མོས་རང་དབང་རྩ་གཏོར་གྱི་གནས་སྟངས་ལོ་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད། དེ་བས། འདི་ག་ལྟེ་གནས་ཁང་གི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས། རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནས། རྒྱ་གཞུང་གིས་བོད་ནང་ཆོས་ལུགས་དད་མོས་རྩ་གཏོར་གཏོང་བཞིན་པའི་དངོས་ཡོད་གནས་སྟངས་ལ་དོ་སྣང་དང་ཞིབ་འཇུག་བརྒྱུད། བོད་ནང་གི་ཆོས་ལུགས་དད་མོས་རང་དབང་རྩ་གཏོར་མཚམས་འཇོག་ཡོང་ཆེད། ལྷག་པར་དུ་རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གི་བཀའ་རྒྱ་དེ་འཕྲལ་དུ་ཕྱིར་འཐེན་ཡོང་བར། རྒྱ་གཞུང་ལ་ཁ་ཡོད་ལག་ཡོད་ཀྱི་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།

to top