རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་དངོས་སུ་བཤིག་ཉིན་བཙུན་མ་ཞིག་གིས་རང་ཤི་རྒྱབ་འདུག

image

རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་པདྨ་མཁའ་འགྲོ་སྲང་ལམ་ནས་གཏོར་བཤིག་གཏོང་འགོ་བཙུགས་ཤིང་།    གནས་སྟངས་དེར་ལྟ་བཟོད་མ་ཐུབ་པར་དེ་གར་སློབ་གཉེར་གནང་བཞིན་པའི་བཙུན་མ་ཞིག་གིས་གནམ་ཐག་རྒྱབ་ནས་རང་ཤི་རྒྱབ་འདུག

གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།  འདི་ལོ་(༢༠༡༦)ཕྱི་ཟླ་༧་ཕྱི་ཚེས་༢༠ ཉིན་རྒྱ་གཞུང་གིས་དོན་ཚན་༧ཅན་གྱི་ཡིག་ཆ་འགྲེམས་སྤེལ་གྱི་སྒོ་ནས་བླ་རུང་སྒར་གཏོར་བཤིག་གཏོང་འཆར་གྱི་ལས་གཞི་དངོས་སུ་འགོ་བརྩམས་ཤིང་།   དེ་གའི་བཙུན་དགོན་ཆགས་ས་པདྨ་མཁའ་འགྲོ་སྲང་ལམ་ནས་བཤིག་འགོ་བཙུགས་པའི་གནས་སྟངས་ལ་ལྟ་བཟོད་མ་ཐུབ་པར་བཙུན་མ་རིག་འཛིན་སྒྲོལ་མ་ལགས་ཀྱིས་གནམ་ཐག་གོན་ནས་རང་ཤི་རྒྱབ་འདུག   མོས་ཤི་ཁར་ཁ་ཆེམས་ཡི་གེ་ཞིག་བཞག་པའི་ནང་དུ། བླ་རུང་སྒར་དུ་སློབ་གཉེར་གནང་རིང་།  རྒྱ་གཞུང་གིས་བསྟུད་མུར་སུན་གཙེར་དང་ཐེ་ཇུས་བྱས་པའི་བྱེད་བབ་དེར་མོས་སྡིག་སྲན་མ་ཐུབ་པར་ན་ཟུག་ཡང་ཡང་སློང་པ་གསལ་ཞིང་།  ཤུལ་དུ་མི་དམངས་ཤོག་སྒོར་གང་འཚམས་ཤིག་བཞག་ཡོད་པ་དགོན་པར་སྤྲོད་རེ་ཞུས་འདུག་ཅེས་གསར་ལམ་ཁག་ཏུ་ཐོན་འདུག་པ་ལས།  འདི་ག་ལྟེ་གནས་ཁང་དུ་གོང་གི་ཡིག་ཆ་ངོ་མ་ལག་སོན་མ་བྱུང་བས།  ཁ་ཆེམས་ཀྱི་ནང་དོན་ཞིབ་ཆ་ད་ལྟའི་བར་ཤེས་རྟོགས་མ་བྱུང་བར་ལུས་ཡོད།    

བླ་རུང་སྒར་གཏོར་བཤིག་གི་ལས་འགུལ་དེ་ནི། སི་ཁྲིན་ཞིང་ཆེན་རིམ་པའི་བཀའ་རྒྱ་ཞིག་ཆགས་ཡོད་ཅིང་།  བཀའ་རྒྱ་དེ་ལྟར་གཏོང་དོན་ཡང་།  རྒྱ་ནག་དབུས་གཞུང་གིས་སྔར་ལོའི་ཕྱི་ཟླ་༨ཕྱིས་༢༤དང་༢༥སྐོང་ཞིང་།  སྲིད་འཛིན་ཞིན་ཅིང་ཕིང་ཚོགས་མགོར་སླེབས་པའི་<བོད་སྐོར་གྱི་ཞུགས་མོལ་ཚོགས་འདུ་ཐེངས་༦  >དང་། འདི་ལོའི་ཕྱི་ཟླ་༤འཚོགས་པའི་<རྒྱ་ནག་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ་ཐེངས་༢>བཅས་ཀྱི་ནང་དོན་ལ་ཐུག་ཅིང་། ཚོད་འཛིན་གྱི་མི་གྲངས་༥༠༠༠བར་བྱས་པའི་གཏོར་བཤིག་ལས་གཞི་དེ་ཉིད་ཕྱི་ལོ་༢༠༡༧ཟླ་༩ཚེས་༣༠བར་ཚར་དགོས་པར་འཁོད་འདུག

བོད་ཁུལ་ལ་མཚོན་ན།    བཙུན་མ་རིག་འཛིན་སྒྲོལ་མའི་རང་ཤི་དེ་ནི་གསར་བ་ཞིག་གང་ཡང་མིན་པར།   དེ་སྔོན།   ཕྱི་ལོ་ ༢༠༠༡ ལོར་རྒྱ་གཞུང་གིས་གསེར་རྟ་བླ་རུང་དགོན་དུ་གྲྭ་ཤག་མང་པོ་བཙན་གྱིས་གཏོར་བཤིག་དང་གྲྭ་བཙུན་མང་པོ་ཕྱིར་འབུད་བཏང་བར་བརྟེན་ནས།  བཙུན་མ་རེ་ཟུང་རང་ཤི་བརྒྱབ་པ་དང་གྲྭ་བཙུན་མང་པོ་སེམས་སྡུག་གིས་མནར་ཏེ་འདས་གྲོངས་ཕྱིན་པ་དང་།     སེམས་ཁམས་ཐང་པོ་མེད་པ་ཆགས་པའི་གནས་ཚུལ་བྱུང་ཡོད་པ་མ་ཟད།  དེ་བས་ཉེ་བའི་༢༠༠༧ ལོར། རྒྱ་གཞུང་གིས་ངོས་འཛིན་བྱས་པའི་༧   པཎ་ཆེན་སྐུ་ཕྲེང་༡༡ པ་རྒྱལ་མཚན་ནོར་བུ་ལ་བཀྲ་ཤིས་ལྷུན་པོའི་དགེ་འདུན་པ་རྣམས་ཀྱིས་ངོ་རྒོལ་བྱས་པར་བརྟེན་ནས།     རྒྱ་གཞུང་གིས་དགོན་པའི་དགེ་འདུན་པ་སྤྱི་ལ་བཙན་ཤེད་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་སྦྱོང་སྤྲད་ཅིང་། ༧གོང་ས་མཆོག་ལ་སྐུར་འདེབས་བྱེད་དུ་བཅུག་པར་མ་བཟོད་པར་ས་དགེ་འདུན་པ་རྒྱལ་མཚན་ཚེ་དཔལ་བློ་བཟང་དང་ཡངས་པ་བློ་ཆོས་གཉིས་ཀྱིས་རང་ཤི་རྒྱབ་འདུག     ཡངས་པ་བློ་ཆོས་ནི་༧པཎ་ཆེན་སྐུ་ཕྲེང་གོང་མའི་ཡོང་སྲིད་ངོས་འཛིན་ཐད་ལ་ཕྱག་ལས་རྒྱ་ཆེན་གནང་མཁན་ཞིག་ཆགས་ཡོད།

འདི་ག་ལྟེ་གནས་ཁང་ནས་ཕྱི་ལོ་༢༠༠༩རྒྱལ་ཚོགས་གྱི་ཆོས་དད་རང་དབང་སྐུ་ཚབ་ཚན་པར་བོད་ནང་ནས་ཆོས་དད་རང་མོས་ཀྱི་རང་དབང་མ་བྱུང་བར་བརྟེན་ནས་གྲྭ་བཙུན་༡༦ལྷག་གིས་རང་ཤི་རྒྱབ་པའི་གནས་ཚུལ་དང་།   ཡང་གཞན་གཉིས་ཀྱིས་རང་ཤི་རྒྱབ་གྲབས་བྱས་པ་ཐོ་འགོད་དང་།      དེའི་ཁྲོད་གཅིག་གིས་རང་ལུས་མེར་སྲེག་གནང་བ་བཅས་ཀྱི་གནས་ཚུལ་ཡར་ཞུ་བྱས་པ་བརྒྱུད།  བོད་ནང་གི་སྤྱིའི་ཆོས་དད་རང་དབང་ལ་དམ་དྲག་དང་རྒྱལ་གཅེས་ཆོས་གཅེས་དང་།     ༧གོང་ས་མཆོག་ལ་སྐུར་འདེབས་སོགས་དགེ་འདུན་པ་དང་བོད་མི་སྤྱི་ལ་བཙན་པོ་དབང་ཡོད་ཀྱིས་མི་འདོད་པའི་བྱ་སྤྱོད་ཡང་ཡང་བྱེད་དུ་བཅུག་གི་ཡོད་པ་གསལ་ཁ་བཏོན་ཡོད།

འདི་ག་ལྟེ་གནས་ཁང་གི་ངོས་ནས།  གསེར་རྟ་བླ་རུང་དགོན་ལྔ་རིག་ནང་བསྟན་སློབ་གླིང་གི་གནས་བབ་ལ་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད་ལ། ལྷག་པར་རིག་འཛིན་སྒྲོལ་མས་རང་ཤི་རྒྱབ་པའི་གནས་སྟངས་འདི་ནི་ཡ་ང་ཛ་དྲག་གི་གནས་སྟངས་ཤིག་གི་བར་གསེང་ནས་ཤོར་བའི་མཚོན་དོན་ཞིག་ལ་ངོས་འཛིན་དང་།   རྒྱ་གཞུང་གིས་དེ་གའི་དགེ་འདུན་པ་དང་འབྲེལ་ཡོད་སུ་ལའང་ད་ལྟ་དངོས་སུ་འགྲོ་བཞིན་པའི་གཏོར་བཤིག་ལས་གཞིའི་ཟ་ཟུར་གང་ནས་ཀྱང་པར་ལེན་དང་བརྙན་ཕབ་ཀྱིས་དྲ་ལམ་དུ་གཏོང་མི་ཆོག་པའི་བཙན་བཀའ་བཏང་འདུག་པ་དེ་ཡང་གནད་དོན་འགངས་ཆེན་ཞིག་ཏུ་བརྩིས་ཐོག  ད་སྔ་བར་གྲྭ་ཤག་བཤིག་ཟིན་པའི་གྲྭ་བཙུན་ཚོའི་གནས་སྟངས་གང་འགྱུར་གྱི་གནས་ཚུལ་ཡང་གསལ་ཁ་མེད་པ་བཅས་ཀྱི་ཐད།  འདི་ག་ལྟེ་གནས་ཁང་གིས་རྒྱལ་སྤྱིའི་མི་སྒེར་དང་།  རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་པ་དང་སྲིད་གཞུང་རིམ་པ།   རང་དབང་ཅན་གྱི་ཚོགས་སྡེ་ཁག་ནས་རྒྱ་གཞུང་གིས་ནང་བའི་ཆོས་བྱེད་པའི་གནས་བབ་དང་འཚོ་ཐབས་ལ་ཤུགས་རྐྱེན་གནོད་ཐེབས་གསལ་འདོན་གྱིས་གཏོར་བཤིག་ལས་གཞི་འདི་ཉིད་མཚམས་འཇོག་ཡོང་ཐབས་ལ་གནོན་ཤུགས་སྤྲོད་རྒྱུར་འབོད་བསྐུལ་ཞུ་ཡི་ཡོད།

 

བོད་མདོ་ཁམས་སྡེ་དགེ་ནས་ཡིན་པའི་བཙུན་མ་རིན་འཛིན་སྒྲོལ་མ་ཁོང་ནི།  རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ད་ལྟའི་མི་སེར་སྤེལ་བའི་དབང་སྒྱུར་ས་ཁོངས་ལྟར་བྱས་ན། ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་གི་གྲོང་ཚོ་ཞིག་ནས་རེད་འདུག

to top