བོད་མི་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་བོད་ཀྱི་སྐད་ཡིག་སྲུང་ཡོང་ཐབས་ཞུ་གཏུགས་བྱས་པར། རྒྱ་གཞུང་གིས་ཁྲིམས་འགལ་གྱི་སྒོ་ནས་གསང་བས་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་འདུག
འདི་ག་ལྟེ་གནས་ཁང་གིས་ཤེས་རྟོགས་བྱུང་དོན། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་ཕྱག་ལས་དང་ཞུ་འབོད། རྩོམ་ཡིག་བཅས་སྤེལ་མཁན་བོད་མི་བཀྲ་ཤིས་དབང་ཕྱུག་ལགས་རྒྱ་གཞུང་གིས་གསང་བའི་ཐོག་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཏེ་ཉིན་ ༥༠ ཕྱིན་ཡོད།
བཀྲ་ཤིས་དབང་ཕྱུག་ལགས་ཀྱི་རང་ལོ་ ༣༠ སོན་པའི་བོད་རིགས་གཞོན་སྐྱེས་ཚོང་པ་ཞིག་ཡིན་ལ། ཁོང་གི་ཕ་ཡུལ་ནི་བོད་མདོ་ཁམས་སྡེ་རྒུ་མདོ་ཡིན་པ་དང་། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་དྲག་གནོན་དབང་བསྒྱུར་གྱི་ད་ལྟའི་ས་ཁོངས་དབྱེ་བགོས་ལྟར་བྱས་ན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁོངས་ཡིན་པ་རེད།
ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༠ ཉིན་ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། བཀྲ་ཤིས་དབང་ཕྱུག་ལགས་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༧ ཉིན་རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་ཡོད། ཁོང་གི་ནང་མིའི་ངོས་ནས་བཀྲ་ཤིས་དབང་ཕྱུག་ལགས་ད་ལྟའི་ཆར་ས་གནས་ཀྱི་ཉེན་རྟོག་ལྟ་སྲུང་ཁང་དུ་བཀག་ཉར་བྱས་ཡོད་པར་ཚོད་བགམ་ངོས་འཛིན་བྱེད་ཀྱི་འདུག དེར་མ་ཟད་ནང་མིས་ངོས་ནས་ས་གནས་ཉེན་རྟོག་སྡེ་ཁག་ལ་འབྲེལ་བ་བྱས་ཏེ་ཁོང་ལ་ཐུག་འཕྲད་ཀྱི་རེ་འབོད་ཞུས་ཡོད་ཀྱང་། ས་གནས་ཉེན་རྟོག་སྡེ་ཁག་གིས་ནང་མིའི་རེ་སྐུལ་དང་བྱས་མེད་པ་རེད།
ནེའུ་ཡོག་དུས་བབ་ཀྱི་གསར་འགོད་པ་ཞིག་གིས་ཁ་པར་བརྒྱུད་རུས་ཀྲང་ཅན་གྱི་ས་གནས་ཉེན་རྟོག་དཔོན་རིགས་ལ་སྐད་ཆ་དྲིས་སྐབས། རུས་ཀྲང་ཅན་གྱི་དཔོན་རིགས་དེས་ས་གནས་ཀྱི་རྒྱལ་ཁབ་བདེ་སྲུང་ཚན་པས་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གྱོད་དོན་དེ་སྒྲུབ་ཀྱིན་ཡོད་སྐོར་ཙམ་ལས་ཞིབ་ཕྲའི་གནས་ཚུལ་གང་ཡང་བརྗོད་མེད་པ་རེད།
བཀྲ་ཤིས་དབང་ཕྱུག་ལགས་རྒྱ་གཞུང་གིས་གསང་བའི་སྒོ་ནས་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཏེ་ཟླ་གཅིག་དང་ཕྱེད་ཀ་ལྷག་ཕྱིན་ཡོད་པ་དང་། ཁོང་འཇུ་བཟུང་བྱེད་དགོས་པའི་རྒྱུ་མཚན་དང་། ས་གནས་གང་ཞིག་ཏུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། སྤྱིར་བཏང་རྒྱ་གཞུང་གི་ཉེས་དོན་ཞུ་གཏུགས་བཅའ་ཁྲིམས་ནང་དུ། དོགས་ཡོད་མི་སྣ་གང་ཞིག་འཇུ་བཟུང་བྱས་རྗེས་དུས་ཡུན་ཆུ་ཚོད་ ༢༤ ནང་ཁོང་གི་ནང་མིར་བརྡ་ལན་སྤྲོད་དགོས་པ་དང་། དེ་རྗེས་ཟླ་གཅིག་ནང་ཚུད་དུ་ནག་ཉེས་ཡོད་མེད་གསལ་ཁ་བཟོས་ཏེ་ཁྲིམས་ཞིབ་ཁང་དུ་ཁྲིམས་གཏུགས་དང་། ཡང་ན་ཕྱིར་གློད་དགོས་ཀྱི་ཡོད་པ་རེད། འོན་ཀྱང་། ཕྱི་ལོ་ ༢༠༡༣ ལོར་རྒྱ་གཞུང་གིས་ཉེས་དོན་ཞུ་གཏུགས་བཅའ་ཁྲིམས་ལ་བསྐྱར་བཅོས་བཏང་སྟེ། རྒྱལ་ཁབ་བདེ་འཇགས་ཀྱི་ཉེས་མིང་འོག་དོགས་ཡོད་མི་སྣ་གང་དེ་ལོ་ཕྱེད་རིང་འཇུ་བཟུང་བཀག་ཉར་དང་འབྲེལ་ཡོད་ནང་མིར་བརྡ་ལན་སྤྲོད་མི་དགོས་པ་བཟོས་ཡོད། རྒྱ་གཞུང་གིས་ཆེད་དམིགས་ཁྲིམས་གཞི་དེ་སྤྱད་ནས་བོད་མི་མང་པོར་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་དང་མི་རིགས་ཁ་བྲལ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་སོགས་ཀྱི་ཉེས་མིང་བཀལ་ཏེ་གང་བྱུང་འཇུ་བཟུང་བཀག་ཉར་དང་ཁྲིམས་གཅོད་བྱེད་ཀྱིན་ཡོད་པ་རེད། དེར་མ་ཟད། ལོ་སྔོན་མའི་ཕྱི་ཟླ་ ༧ པའི་ནང་རྒྱ་གཞུང་གིས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཟེར་བ་ཞིག་གསར་ཏུ་བཟོས་ཡོད་པ་རེད། ཁྲིམས་དེའི་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ནང་དོན་ཁ་གསལ་མེད་པ་དང་ཁྱབ་ཚད་རྒྱ་ཆེན་པོ་བཟོས་ཐོག འབྲེལ་ཡོད་བདེ་སྲུང་དཔོན་རིགས་ཀྱིས་རང་འདོད་ལྟར་གནད་དོན་གང་ཞིག་ཡིན་ཡང་རྒྱལ་ཁབ་བདེ་འཇགས་ཀྱི་ནག་ཉེས་ཀྱི་ངོ་བོར་བསྒྱུར་ཆོག་ཆོག་བཟོས་ཡོད་པ་རེད།
ཨ་རིའི་ནེའུ་ཡོག་དུས་བབ་གསར་འགོད་པས་བཀྲ་ཤིས་དབང་ཕྱུག་ལགས་ལ་བཅར་འདྲི་བྱས་པ་བརྒྱུད། ཕྱི་ལོ་ ༢༠༡༥ ཟླ་ ༡༡ དང་ ༡༢ ནང་སྔ་ཕྱིར་གནས་ཚུལ་གཉིས་འདོན་སྤེལ་བྱས་ནས་ཟླ་འགའི་རྗེས་སུ་ཁོང་རྒྱ་གཞུང་གིས་གསང་བའི་སྒོ་ནས་འཇུ་བཟུང་བྱས་ཡོད་པ་རེད། ནེའུ་ཡོག་དུས་བབ་གསར་ཁང་གིས་འདོན་སྤེལ་བྱས་པའི་གནས་ཚུལ་ནང་དུས་ཡུན་སྐར་མ་ ༩ ཅན་གྱི་དངོས་བྱུང་བརྙན་ཐུང་ཞིག་ཀྱང་བཀོད་ཡོད་པ་རེད། བརྙན་ཐུང་དེའི་ནང་བཀྲ་ཤིས་དབང་ཕྱུག་ལགས་རྒྱ་ནག་རྒྱལ་ས་པེ་ཅིན་ཏུ་བསྐྱོད་དེ། སྲིད་གཞུང་དང་ཁྲིམས་ཁང་བཅས་ལ་རྒྱ་ནག་རྩ་ཁྲིམས་ནང་འཁོད་པའི་བོད་པའི་སྐད་ཡིག་ལག་བསྟར་སྲུང་སྐྱོང་ཀྱི་ཁེ་དབང་རྣམས་དངོས་ཡོད་ལག་བསྟར་དགོས་པའི་སྐོར་ཞུ་གཏུགས་བྱས་པའི་སྐོར་གྱི་དངོས་བྱུང་གནས་ཚུལ་རྣམས་བཀོད་ཡོད་པ་རེད། དེ་བཞིན། གློག་བརྙན་འདིས་བོད་མི་རྣམས་ཀྱིས་དྲང་བདེན་དང་ཁྲིམས་མཐུན་གྱི་སྒོ་ནས་སོ་སོའི་ཁེ་དབང་བརྩོན་ལེན་བྱེད་བཞིན་ཡོད་པ་དེར། རྒྱ་གཞུང་གིས་ཁྲིམས་མེད་ལུགས་མེད་ཀྱི་སྒོ་ནས་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་གསལ་བོར་བསྟན་ཡོད།
བཀྲ་ཤིས་དབང་ཕྱུག་ལགས་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་མི་སྣས་གསང་བའི་སྒོ་ནས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པའི་གནས་ཚུལ་དེས། རྒྱ་གཞུང་གི་བྱ་སྤྱོད་དེ་རིགས་ནི་ཁྲིམས་མཐུན་དང་དྲང་བདེན་ཞིག་མ་ཡིན་པ་བསྟན་ཡོད། རྒྱ་གཞུང་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཁྲིམས་སྐྱོང་སྤྱི་ཚོགས་ཚོགས་འཛུགས་བསྐྲུན་དགོས་སྐོར་བརྗོད་ཀྱིན་ཡོད་པ་ལྟར། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་། བོད་མི་རིགས་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོབ་དང་ཡར་རྒྱས་ཐད་ཕྱག་ལས་གནང་ཡོད་པ་རེད། ཁོང་གིས་དེ་སྔོན་ཝེ་པའོ་དྲ་བའི་སྟེང་རྩོམ་ཡིག་སྤེལ་ཏེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་འཆི་གསོན་གླེང་སློང་བྱས་ཡོད་པ་རེད། ཁོང་གི་སྤེལ་བའི་བྱ་འགུལ་དེ་རིགས་ནི་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལ་གནོད་པའི་གནས་ཚུལ་གང་ཡང་ཆགས་ཀྱི་མེད། དེ་བཞིན། ནེའུ་ཡོག་གསར་ཁང་དུ་ཁོང་གིས་རང་ཉིད་ནི་བོད་རང་བཙན་འཐབ་རྩོད་བྱེད་མཁན་ཞིག་མིན་པ་དང་། ཁོང་གིས་བོད་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོབ་ཐད་སེམས་ཁུར་དང་དོ་སྣང་བྱེད་ཀྱིན་ཡོད་པ་བརྗོད་ཡོད།
རྒྱ་གཞུང་གིས་ཁྲིམས་འགལ་ཐོག་བོད་མི་ཞི་བའི་ལས་འགུལ་བ་རྣམས་འཇུ་བཟུང་བཙོན་འཇུག་བྱེད་བཞིན་པའི་གནས་ཚུལ་དེ་ནི་རྒྱུན་ལྡན་ལྟ་བུ་ཞིག་ཆགས་ཡོད། ཉེ་བའི་ལོ་ཤས་རིང་རྒྱ་གཞུང་གིས་སྔར་ལས་ལྷག་པར་བོད་མི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་པ་དང་། སྤྱི་ཚོགས་ལས་འགུལ་བ། ས་གནས་ཀྱི་གྲོང་ཚོའི་མགོ་འཛིན། སྐད་ཡིག་སྲུང་སྐྱོབ་པ་མང་པོ་ཞིག་འཇུ་བཟུང་དང་། སྡུག་སྦྱོང་མནར་གཅོད། མེ་མདའ་བརྒྱབ་སྟེ་དྲག་གནོན། དེ་བཞིན། ཁྲིམས་གཅོད་བཙོན་འཇུག་བཅས་བྱེད་ཀྱིན་ཡོད། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བའི་རྗེས་ནས་བཟུང་། རྒྱ་གཞུང་གིས་བོད་མི་སྤྱི་ཡོངས་ལ་དབྱེ་འབྱེད་ཀྱི་ལྟ་སྟངས་ཤུགས་ཆེན་པོ་བཟུང་སྟེ། སྤྱི་ཚོགས་བྱ་འགུལ་སྤེལ་མཁན་བོད་མི་རྣམས་ལ་དམིགས་བསལ་དོགས་ཟོན་དང་ལྟ་རྟོགས་ནན་མོ་བྱེད་ཀྱིན་ཡོད་པ་རེད།
བཀྲ་ཤིས་དབང་ཕྱུག་ལགས་དེ་སྔོན་ཐེངས་གཉིས་ལ་རྒྱ་གཞུང་གིས་བཀག་ཉར་བྱེད་མྱངས་ཡོད་པ་རེད། ལོ་བཅུའི་སྔོན་ལ་ཁོང་རྒྱ་གར་དུ་གནས་མཇལ་ལ་བསྐྱོད་རྒྱུའི་ཐབས་ཤེས་གནང་སྐབས་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་དང་། དེ་རྗེས་ཕྱི་ལོ་ ༢༠༡༢ ལོར་ས་གནས་རྒྱ་གཞུང་ལས་བྱེད་ཚོས་བོད་མིའི་ས་ཆ་བཙན་འཕྲོག་བྱེད་སྐབས། ཁོང་གི་དྲ་རྒྱའི་སྟེང་དེར་སྐྱོན་བརྗོད་ཀྱི་དཔྱད་བརྗོད་སྤེལ་བར་བརྟེན་ནས་འཇུ་བཟུང་བྱས་ཡོད་པ་རེད།
འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་ཁྲིམས་འགལ་ཐོག་འཇུ་བཟུང་བཀག་ཉར་བྱས་པ་ལས་གང་མགྱོགས་གློད་དགོས་པ་དང་། ཁོང་གི་ནང་མི་ཉེ་འབྲེལ་རྣམས་ཁོང་ལ་ཐུག་འཕྲད་བྱེད་བཅུག་སྟེ་ཁོང་གི་གཟུགས་པོའི་གནས་སྟངས་ཤེས་རྟོགས་ཡོང་བ་བྱ་དགོས། སྤྱིར་རྒྱ་གཞུང་གིས་གསང་བའི་འཇུ་བཟུང་བཀག་ཉར་སྐབས་འཇུ་བཟུང་ཐེབས་པའི་དོགས་ཡོད་མི་སྣ་མང་པོར་མི་སྤྱོད་ལས་འདས་པའི་སྡུག་སྦྱོར་མནར་གཅོད་ཚད་མེད་གཏོང་བཞིན་ཡོད་སྟབས། བཀག་ཉར་ཁང་གི་འབྲེལ་ཡོད་མི་སྣས་བཀག་ཉར་དུས་ཡུན་རིང་ཁོང་གི་གཟུགས་པོ་དང་སེམས་ཁམས་ཀྱི་འཕྲོད་བསྟེན་ལ་འགན་འཁུར་དགོས། དེ་བཞིན། འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་བཀག་ཉར་དུས་ཡུན་རིང་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་བརྩི་སྲུང་བྱ་དགོས་པ་ནན་བརྗོད་བྱེད་ཀྱིན་ཡོད།