ཉེ་བའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་ནང་དུ་མངོན་སུམ་འཛེམ་མེད་ཐོག་རིག་གཞུང་བཙན་སྒྱུར་གྱིས་ལས་འགུལ་རྒྱ་ཆེར་སྤེལ་བཞིན་པའི་ནང་ནས་ལག་བསྟར་གཙོ་བོ་ཞིག་ནི་བོད་ཀྱི་རིག་གནས་སློབ་སའི་སྒེར་བཅུགས་སློབ་གྲྭ་ཁག་མེད་པར་བཟོས་ཏེ་སློབ་མ་མཐའ་དག་རྒྱ་གཞུང་གི་བཅའ་སྡོད་སློབ་གྲྭར་མ་གཏོང་ཐབས་མེད་བཟོ་བཞིན་པ་དེ་ཡིན། ལག་བསྟར་དེའི་ཁྲོད་དུ་ཉེ་ལམ་བོད་ཁམས་ན་སྙན་གྲགས་ཆེ་བའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་(མིང་གཞན་མགོ་ལོག་ཁུལ་འཇིགས་མེད་རྒྱལ་མཚན་མི་རིགས་ལས་རིགས་སློབ་གྲྭ་)བཙན་གྱིས་སྒོ་བརྒྱག་ཏུ་བཅུག་ཡོད།
འདི་ལོ་ཕྱི་ཟླ་ ༧ པའི་ཚེས་ ༨ ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ་ ༡༡༠ ལས་གྲུབ་པའི་སྐབས་ཉེར་བདུན་པའི་མཐར་སོན་མཛད་སྒོ་སྤེལ་ནས་ཉིན་བཞི་ཙམ་ལས་མ་སོང་བར་ཕྱི་ཚེས་ ༡༢ ཉིན་སློབ་གསོ་བ་འཇིགས་མེད་རྒྱལ་མཚན་མཆོག་གིས་དགེ་སློབ་རྣམས་ལ་རྒྱ་གཞུང་གི་ཟློག་མེད་བཀའ་རྒྱ་ལྟར་སློབ་གྲྭ་སྒོ་བརྒྱག་དགོས་པའི་གསལ་བསྒྲགས་མཛད་རྗེས་ཕྱི་ཚེས་ ༡༣ དང་ ༡༤ གཟའ་མཇུག་གི་དུས་ཡུན་ཐང་ངུའི་ནང་རྒྱ་གཞུང་གི་འཐུས་ཚབ་མང་པོ་སླེབས་ནས་མཇུག་བསྡོམས་ཀྱི་མཛད་སྒོ་སྤེལ་ཏེ་བྲེལ་འཚུབ་ངང་སློབ་མ་ཕྱིར་གཏོང་དང་སློབ་གྲྭ་སྒོ་བརྒྱག་དགོས་པ་བཟོས།
སྐབས་དེར་སློབ་གྲྭའི་དགེ་སློབ་རྣམས་སྐྱོ་གདུང་ཚད་མེད་ཀྱིས་མནར་ནས་མི་འདོད་བཞིན་དུ་བྲལ་དགོས་བྱུང་བའི་ཡུལ་དངོས་ཀྱི་བརྙན་པར་ཁག་ཕྱི་ཚེས་ ༡༤ ཉིན་བོད་ཕྱི་ནང་གི་དྲྭ་ལམ་ཁག་ཏུ་ཁྱབ་སྤེལ་རྒྱ་ཆེར་བྱུང་ནས་བོད་མི་བརྒྱ་ཕྲག་མང་པོས་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་འགྱུར་ཤུགས་ཆེར་བསྟན།
ཡུལ་དངོས་ཀྱི་གནས་ཚུལ་ཐད་སློབ་གྲྭའི་སློབ་དཔོན་གྱི་ལིང་འཇིགས་མེད་ལགས་ཀྱིས་ཚེས་ ༡༤ ཉིན་བྲིས་པའི་ཡི་གེར་འཁོད་དོན་“མདང་དགོང་ནས་དེ་རིང་བར་ཐག་ཉེ་རིང་ནས་ཁ་པར་ཡོང་མཁན་དང་སྐད་འཕྲིན་ཡོང་མཁན་ཧ་ཅང་མང་ལ། ཕ་པར་བླངས་ན་སྐད་ཤུགས་ཆེན་པོས་ངུ་ཡོད་བ་དང་། སློབ་གླིང་ལ་གནས་ཚུལ་ཅི་ཞིག་བྱུང་བ་རེད་ཟེར་ནས་འདྲི་བ་སོགས་སྣ་ཚོགས་བྱུང་བ་བཞིན། སློབ་གླིང་གི་དགེ་བའི་བཤེས་གཉེན་རྣམ་པ་དང་དགེ་གྲོགས་གཞན་དག་ལའང་མདང་ནུབ་གཉིད་དུ་མ་བཅུག་ཐལ་ཟེར་མཁན་མང་པོ་འདུག”ཅེས་དང་“ཚེས་བཅུ་གཉིས་ཉིན་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་དགེ་སློབ་ཡོངས་ལ་གནས་ཚུལ་འདི་གསལ་བཤད་གནང་བ་ནས་ད་ལྟའི་བར་དགེ་སློབ་ཚང་མའི་ཡིད་སེམས་བློང་བློང་བོར་གྱུར་ཅིང་། སློབ་མ་ཚོར་གང་ནས་འཕྲད་ཀྱང་མཆི་མ་འབྱིན་པའི་སྣང་ཚུལ་མང་པོ་མཐོང་།”ད་དུང་ཁོང་གིས་“དེ་རིང་(ཕྱི་ཚེས་༡༤ཉིན)ང་ཚོས་སློབ་མ་ཚང་མར་མཐའ་མཇུག་གི་སྐྱེལ་མ་ཞུས་པ་ཡིན། གདོང་ཡོངས་མཆི་མས་སྦངས་ཤིང་། ངུ་སྐད་དི་རི་རི་འབྱིན་པའི་སློབ་མ་དག་གི་ངང་ཚུལ་དེ་མཐོང་ན་སེམས་ལ་བཟོད་གླགས་བྲལ་བའི་ཟུག་གཟེར་སྐྱེ་ཡོང་མོད། ཐམས་ཅད་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་འབའ་ཞིག་ལས་བྱུང་བས་བཟློག་ཐབས་བྲལ།”ཟེར་བ་སོགས་བཀོད་འདུག
སློབ་གྲྭ་སྒོ་བརྒྱབས་པའི་གནད་དོན་ཐད་བོད་མི་བརྒྱ་ཕྲག་མང་པོས་སེམས་ཚོར་ཆེན་པོ་བསྟན་ཅིང་དོགས་འདྲི་སྣ་ཚོགས་བྱས་པར་བརྟེན་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་ཕྱི་ཟླ་ ༧ པའི་ཚེས་ ༡༤ ཉིན་གྱི་སྔ་དྲོར་ཟི་ལིང་གྲོང་ཁྱེར་ནས་སྒེར་གྱི་དྲྭ་བྱང་ཐོག་གསལ་བཤད་མདོར་བསྡུས་ཤིག་སྤེལ་ཡོད།
དེའི་ནང་དུ་ཁོང་གིས་“མགོ་ལོག་ཁུལ་འཇིགས་མེད་རྒྱལ་མཚན་མི་རིགས་ལས་རིགས་སློབ་གྲྭ་སྒྲུབ་མཚམས་བཞག་པ་ནི་མི་གང་ཡང་རུང་བའི་དབང་ཆ་སྒེར་གཅོད་དང་ལས་ཁུངས་གང་རུང་གིས་ཕྱོགས་ཞེན་དང་བཙན་གནོན་བྱས་པ་མ་ཡིན་པར་རྒྱལ་ཁབ་ཀྱི་ལས་རིགས་ཆེད་ལས་སློབ་གྲྭའི་ཚད་གཞི་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཡིག་ཆའི་དགོངས་དོན་ལྟར་མཚམས་བཞག་པ་ཡིན་”ཚུལ་སོགས་འཁོད་ཡོད།
ཁོང་གིས་ཧ་ཅང་ཐབས་མཁས་པོའི་ལམ་ནས་སྤེལ་བའི་གསལ་བཤད་ཡི་གེ་དེ་ལས་བསྟན་པ་བཞིན་མཐར་གཏུགས་ན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དབུགས་ཀྱི་རྒྱུ་བ་གཅོད་མཁན་ནི་ཁྲིམས་ལུགས་ལས་ཀྱང་ལྷག་པའི་དབང་ཚད་ལྡན་པའི་“རྒྱལ་ཁབ་ཀྱི་ཚད་གཞི་”(རྒྱ་ནག་དབུས་གཞུང་གི་ཚད་གཞི་)དང་“མཚོ་སྔོན་ཞིང་ཆེན་ཏང་ཨུའམ་དམར་ཤོག་ཚོགས་པའི་ཡིག་ཆའི་དགོངས་དོན་”གཉིས་ཡིན་པ་གསལ་པོར་ཆགས་ཡོད།
གནད་དོན་འདི་དང་རིགས་འདྲ་བ་དེ་སྔོན་ཕྱི་ལོ་ ༢༠༢༡ ལོར་སྒོ་བརྒྱབས་ཟིན་པའི་མགོ་ལོག་སེང་འབྲུག་སྟག་རྩེ་སློབ་གྲྭའི་འགོ་འཛིན་རྣམ་པས་ཞུ་གཏུག་བྱེད་སྐབས་ཀྱང་དབུས་གཞུང་གི་ལམ་སྟོན་ལྟར་དམར་ཤོག་དྲུང་ཆེས་ལག་བསྟར་བྱེད་དགོས་པས་ཐག་གཅོད་ལ་ཟློག་ཐབས་ཞེས་བཙན་བཀའ་བཏང་བ་དང་གཅིག་མཚུངས་སུ་གྱུར་ཡོད། འདི་དག་ཐམས་ཅད་ཀྱིས་བོད་ནང་དུ་སྤེལ་བཞིན་པའི་རིག་གཞུང་བཙན་སྒྱུར་གྱི་ལས་འགུལ་དེ་དག་རྒྱ་ནག་གི་ལས་ཁུངས་སམ་དམར་ཤོག་ཚོགས་པའི་སྲིད་དབང་རིམ་པ་གང་འདྲ་ཞིག་ནས་ཡོང་གི་ཡོད་པ་གསལ་པོར་མཚོན་ཐུབ།
དམར་ཤོག་ཚོགས་པའི་དོ་དམ་འོག་གནས་པའི་རྒྱལ་ཡོངས་མི་དམང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཟེར་བའི་ཁྲིམས་དོན་ཚོགས་ཆུང་གི་འགན་འཛིན་ཧྲེན་ཀྲུན་ཡའོ་ཟེར་བས་ཀྱང་ས་གནས་ཀྱི་ཁྲིམས་ཡིག་ནང་དུ་“གྲངས་ཉུང་མི་རིགས་”ཀྱིས་སོ་སོའི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་གཏོང་དགོས་ཞེས་བཀོད་པ་ནི་རྩ་ཁྲིམས་དང་འགལ་ཡིན་ཚུལ་བསྒྲགས་ཡོད།
མི་མང་པོས་སློབ་གྲྭ་སྒོ་བརྒྱག་རྒྱུའི་བཙན་བཀའ་དངོས་སུ་ལག་བསྟར་བྱེད་མཁན་དང་མ་ཉེས་ཁག་གཡོག་གིས་ཁྲིམས་ལ་སྦྱོར་ཐབས་བྱེད་མཁན་གཙོ་བོ་ནི་མགོ་ལོག་ཁུལ་ཟེར་བའི་དམར་ཤོག་དྲུང་ཆེ་རྒྱ་རིགས་ཀྲང་ཞའི་ཅོན་ཡིན་པར་ཡིད་ཆེས་བྱེད་བཞིན་འདུག ཁོ་དྲུང་ཆེར་སླེབས་པ་ནས་བཟུང་ཁུལ་དེར་བོད་ཀྱི་ཆོས་རིག་གི་བྱ་བ་གཉེར་བར་སྔར་ལས་ལྷག་པའི་དམ་དྲག་ཧ་ཅང་ཇེ་ཆེར་སོང་ཡོད།
བར་སྐབས་ཤིག་ལ་མདོ་སྨད་མགོ་ལོག་ཁུལ་ནི་བོད་ཀྱི་རིག་གནས་སྦྱོང་སའི་སྒེར་བཙུགས་སློབ་གྲྭ་གྲགས་ཅན་མང་པོ་ཡོད་སའི་གནས་ཤིག་ཡིན་ལ་མདོ་དབུས་ཁམས་ཀྱི་སློབ་མ་མང་པོས་རེ་བའི་མིག་ཟུང་གཏད་སའང་ཡིན། འོན་ཀྱང་རིག་གཞུང་བཙན་སྒྱུར་བྱེད་འདོད་ཀྱི་དམིགས་ཡུལ་འོག་རྒྱ་ནག་གཞུང་གིས་ས་ཁུལ་དེ་ནི་རྒྱ་ནག་དབུས་གཞུང་གི་སློབ་གསོའི་ལམ་ལུགས་དང་མི་མཐུན་སའི་སློབ་གསོ་སྐྱོ་ཤོས་སམ་རྗེས་ལུས་རྣམ་པ་ཅན་གྱི་ས་ཁུལ་ཞིག་ཏུ་བརྩི་བཞིན་ཡོད།
ཕྱི་ལོ་ ༢༠༢༡ ལོར་རྒྱ་གཞུང་གིས་མངོན་སུམ་འཛེམ་མེད་ཐོག་དབུས་གཞུང་གི་སློབ་གསོའི་ལམ་ལུགས་དང་མི་མཐུན་ཚུལ་བཤད་ནས་མགོ་ལོག་ཁུལ་གྱི་སྐུ་མཁར་སེང་འབྲུག་སྟག་རྩེ་སློབ་གྲྭ་སོགས་བཙན་གྱིས་སྒོ་བརྒྱག་ཏུ་བཅུག་པ་དང་དེ་མིན་སློབ་གྲྭ་མང་པོར་བསླབ་གཞིའི་སྐད་ཡིག་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་དུ་བཅུག་ཡོད། དེ་བཞིན་ཕྱི་ལོ་ ༢༠༢༢ ལོར་དཀར་མཛེས་ཁུལ་གྱི་སྒེར་བཙུགས་སློབ་གྲྭ་ཕལ་ཆེ་བའང་སྒོ་བརྒྱབས་ཡོད། གནས་བབ་དེ་འདྲའི་ཁྲོད་དུ་སློབ་གསོ་བ་འཇིགས་མེད་རྒྱལ་མཚན་མཆོག་གིས་བཙུགས་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལའང་གཞུང་གི་གཏན་འབེབས་སློབ་གསོའི་ལམ་ལུགས་དང་མི་མཐུན་རབ་བཤད་ནས་སྒོ་བརྒྱག་རྒྱའི་ཉེན་ཁ་སྣ་ཚོགས་བཟོས། འོན་ཀྱང་། སློབ་གསོ་བ་འཇིགས་མེད་རྒྱལ་མཚན་མཆོག་གིས་རང་ཉིད་ཀྱི་སློབ་གྲྭ་དེ་གཞུང་གི་ཆོག་མཆོན་ཐོབ་པའི་སྒང་ནས་བརྒྱབས་པ་མ་ཟད་དུས་རྟག་ཏུ་ཁྲིམས་ཀྱི་བསྟན་དོན་ལྟར་འགྲོ་བཞིན་ཡོད་ཅེས་རྒྱ་གཞུང་མཐོ་རིམ་འབྲེལ་ཡོད་ལས་ཁུངས་ཁག་ལ་ཡར་ཞུ་རིམ་པ་མཛད་དེ་རེ་ཞིག་བཙན་བཀའ་དེ་དག་ལས་ཐར་ཐུབ་པ་བྱུང་།
གནད་དོན་དེའི་ཐད་འཇིགས་མེད་རྒྱལ་མཚན་མཆོག་གིས་ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༣ པའི་ཚེས་ ༠༩ ཉིན་སློབ་གྲྭའི་དགེ་སློབ་ཚང་འཛོམས་ཡོད་སར་གསུང་དོན་“ད་ལྟའི་བར་རང་རེའི་སློབ་གླིང་གིས་ཀྱག་ཀྱོག་མང་བོ་བརྒྱུད་ཡོང་བ་ཡིན་ལ། ལྷག་ཏུ་ཉེ་བའི་ལོ་འདི་དག་གི་རིང་ལ་འགལ་རྐྱེན་རི་ལྟར་འཛིངས་པ་མང་བོར་འཕྲད་པས། སྤྱི་ཚོགས་ཁྲོད་ཀྱི་བློ་དཀར་བ་མང་བོས་ཀྱང་སེམས་ཚེགས་གནང་ཞིང་རིམ་གྲོ་བསྒྲུབས་པ་སོགས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་བླ་མེད་གནང་བ་རེད། ད་ནི་གོང་རིམ་འབྲེལ་ཡོད་སྡེ་ཁག་སོ་སོས་རྒྱལ་ཁབ་ཀྱི་ཡང་དག་པའི་སྲིད་ཇུས་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྩ་དོན་ཕྱག་ལེན་གནང་སྟེ་རང་རེའི་སློབ་གླིང་གི་གང་ཅིའི་བྱ་བ་མཐའ་དག་མུ་ནས་མུ་རུ་དར་བ་ལ་རྒྱབ་སྐྱོར་ཡང་དག་པ་ཐོབ་ཡོད་པར་མ་ཟད། ད་སྔ་སྤྱི་ཚོགས་ཁྲོད་མང་བོ་ཞིག་གིས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་སྒོ་བརྒྱག་རྒྱུ་ཡིན་ཚུལ་དང་། དགེ་སློབ་རྣམས་ཕྱོགས་ཕྱོགས་སུ་གཏོར་རྒྱུ་ཡིན་ཚུལ་སོགས་སྣ་ཚོགས་སྒྲོག་བཞིན་པ་དེ་དག་ལས་ཡོངས་སུ་རྒྱལ་ཏེ་གཏམ་ཡན་དེ་ཀུན་གཞི་མེད་དུ་བཏང་ཟིན་”ཞེས་གསུངས།
དེ་བཞིན་ལོ་དེའི་ཕྱི་ཟླ་ ༥ པའི་ཚེས་ ༢༨ ཉིན་ཡང་ཁོང་གིས་“རང་རེའི་སློབ་གླིང་ལ་མཚོན་ན་ལོ་འདི་གཉིས་ཀྱི་རིང་ལ་འགོ་ཁྲིད་རེ་གཉིས་ཀྱིས་མི་སྒེར་གྱི་ལངས་ཕྱོགས་ལྟར་བར་ཆད་སྣ་ཚོགས་བརྩམས་མོད། སྲིད་གཞུང་གི་ཡང་དག་པའི་ཐག་གཅོད་འོག་བར་ཆད་མཐའ་དག་ལས་རབ་ཏུ་རྒྱལ་བར་མ་ཟད། གོང་རིམ་གྱིས་སྔར་ལས་ལྷག་པའི་མཐོང་ཆེན་དང་ངོས་འཛིན་གནང་བས། ད་ནས་བཟུང་སློབ་གྲྭའི་བྱ་བ་གང་ཅིའི་ཐད་སྔར་མུས་བཞིན་ཡར་རྒྱས་སུ་འགྲོ་བ་ལ་གེགས་དང་བར་ཆད་ཅི་ཡང་མེད་”ཅེས་གསུངས་ཡོད། སྔ་ཕྱིར་དུས་སྐབས་གཉིས་ཀྱི་གསུང་བཤད་གནང་དོན་ལྟར་ཁོང་གིས་ཡར་ཞུ་ལན་མང་མཛད་དེ་སྐུ་ཚེགས་ཆེན་པོ་གནང་བའི་གྲུབ་འབྲས་ལ་བརྟེན་ནས་འདི་ལོ་ ༢༠༢༤ བར་སློབ་གྲྭ་འདིའི་ཚེ་སྲོག་སྐྱོབ་ཐུབ་པར་བྱུང་ཡོད།
ཡིད་ཕངས་པ་ཞིག་ལ་རིག་གཞུང་བཙན་སྒྱུར་བྱེད་པའི་ངན་ཇུས་ཀྱི་སྣེ་མོ་ངོ་མ་གོང་རིམ་ལས་ཁུངས་སམ་རྒྱ་ནག་དབུས་གཞུང་དང་དམར་ཤོག་ཚོགས་པར་ཟུག་ཡོད་པར་བརྟེན་སློབ་གསོ་བ་འཇིགས་མེད་རྒྱལ་མཚན་མཆོག་ལ་“གོང་རིམ་ནས་རྒྱབ་སྐྱོར་”ཁས་ལེན་བྱས་པ་དེ་ནི་“གོང་རིམ་”གྱི་མགོ་སྐོར་བསླུ་བྲིད་ཙམ་ཡིན་པ་ཉེ་ལམ་གསལ་པོར་གྱུར་ཡོད། སློབ་གྲྭ་སྒོ་བརྒྱག་རྒྱུ་ནི་དང་ཐོག་ས་གནས་འགོ་ཁྲིད་ཀྱི་ལྟ་བ་མཁྲེགས་འཛིན་ལ་བརྟེན་ནས་བྱུང་བའི་དཀའ་ངལ་ཙམ་དུ་མངོན་ཡང་མཐར་འཆར་གཞི་དེའི་རྒྱབ་ན་“གོང་རིམ་”གྱི་འདྲེ་ལག་བསྐྱངས་ཡོད་པ་མངོན་གསལ་གྱུར།
སློབ་གྲྭ་སྒོ་བརྒྱག་དགོས་པའི་ཟློག་ལེད་ཀྱི་བཙན་བཀའ་དེ་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་མཚོ་སྔོན་དུ་སྐོར་སྐྱོད་བྱས་ནས་ཟི་ལིང་གི་རྒྱ་བཙུགས་སློབ་གྲྭ་མགོ་ལོག་ཁུལ་མི་རིགས་འབྲིང་རིམ་སློབ་གྲྭ་དང་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་སོགས་སུ་ལྟ་སྐོར་བྱས་ནས་ཉིན་འགའི་རྗེས་སུ་བཏང་བ་ཞིག་ཡིན།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནི་ཕྱི་ལོ་ ༡༩༩༤ ལོའི་ཟླ་ ༡༢ པའི་ཚེས་ ༡༥ ཉིན་སློབ་གསོ་བ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་རྨ་ཆེན་རྫོང་མི་དམངས་སྲིད་གཞུང་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱི་ཆོག་མཆན་འོག་བཙུགས་པ་ཞིག་ཡིན་ལ། ཐོག་དང་གསར་ཞུགས་སློབ་མ་ ༨༦ ནས་འགོ་བཟུང་སྟེ་འདས་པའི་མི་ལོ་སུམ་ཅུ་ཙམ་གྱི་རིང་བོད་མདོ་དབུས་ཁམས་ཀྱི་བོད་པའི་སློབ་ཕྲུག་གཙོས་རྒྱ་དང་སོག་པོ། ཡུ་གུར་གྱི་སློབ་མ་བཅས་ཁྱོན་སློབ་མ་ ༣༥༠༠ ཡས་མས་ཙམ་ཞིག་སློབ་གྲྭ་དེར་སློབ་འཇུག་བྱས་འདུག་ཅིང་སློབ་འཇུག་གི་གྲངས་འབོར་ལོ་རེ་བཞིན་འཕར་འདུག ད་ལོའི་བར་སློབ་ཐོན་འཛིན་གྲྭ་སྐབས་ཉེར་བདུན་བར་བྱུང་ཞིང་ཁྱོན་སློབ་མ་ ༢༤༡༦ ཙམ་མཐར་ཕྱིན་འདུག
སློབ་གྲྭ་དེ་ནི་སློབ་གསོ་བ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་ཁེ་ལས་ཀྱི་མ་རྩ་གཙོ་བོར་བརྟེན་ནས་འཛིན་སྐྱོང་གནང་ཡོད་ཅིང་དེར་བོད་དུ་སྙན་གྲགས་ཆེ་བའི་སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ་དང་བཛྲ་ཚུལ་ཁྲིམས་རྒྱ་མཚོ། དགེ་བཤེས་ཤེས་རབ་བསྟན་དར། གྱི་ལིང་འཇིགས་མེད་སོགས་བཞུགས་ཡོད།
སློབ་གྲྭ་དེ་ནི་སྐྱ་སེར་གཉིས་ཀ་འདུ་བའི་བུའི་ཆེད་སྦྱོང་སློབ་གྲྭ་ཞིག་ཡིན། རྒྱ་གཞུང་གི་གནོན་ཤུགས་དང་གནས་བབ་སོགས་ལ་བརྟེན་ནས་སློབ་གྲྭ་དེར་འགྱུར་ལྡོག་མི་ཉུང་བ་ཞིག་བྱུང་ཡོད། དེར་སློབ་འཇུག་བྱེད་པར་སློབ་མ་ཚོ་ལོ་ཚད་བཅུ་དྲུག་ཡན་ཡིན་དགོས་པ་དང་དམའ་འབྲིང་ཐོན་པའི་སྡེ་ཁག་ཅིག་དང་དེ་མིན་སློབ་གྲྭ་འགྲོ་མྱོང་མེད་མཁན་གྱི་སྡེ་ཁག་ཅིག་བཅས་སློབ་འཇུག་བྱ་ས་སྡེ་ཁག་མི་འདྲ་བ་གཉིས་ཡོད། སློབ་གྲྭ་དེར་བོད་ཀྱི་སྲོལ་རྒྱུན་རིག་གནས་སུམ་རྟགས་དག་གསུམ་གྱི་རྨང་གཞིའི་སྟེང་ལ་སྙན་ངག་མངོན་བརྗོད། སྐར་རྩིས་སོགས་རིག་གནས་ཆུང་བ་ལྔ་དང་། དེ་བཞིན་སྒྲ་དང་ཚད་མ། བོད་དབྱིན་རྩིས་གསུམ། རྒྱ་ཡིག་བཅས་གང་འཚམ་རེ་དང་། མཐོ་འབྲིང་སྐབས་བོད་ཡིག་ཆེད་སྦྱོང་འཛིན་གྲྭ། དབྱིན་ཡིག་ཆེད་སྦྱོང་འཛིན་གྲྭ། གློག་ཀླད་ཆེད་སྦྱོང་འཛིན་གྲྭ། བཟོ་རིག་ཆེད་སྦྱོང་འཛིན་གྲྭ། གསོ་རིག་ཆེད་སྦྱོང་འཛིན་གྲྭ། བརྙན་ལེན་ཆེད་སྦྱོང་འཛིན་གྲྭ། ལུས་རྩལ་ཆེད་སྦྱོང་འཛིན་གྲྭ་བཅས་ཆེད་སྦྱོང་འཛིན་གྲྭ་བདུན་དུ་ཕྱེས་པ་རང་རང་གི་དགའ་མོས་ལྟར་ཆེད་སྦྱོང་སྣ་ཚོགས་འདེམས་རྒྱུ་ཡོད། སྔོན་ཆད་སློབ་གྲྭ་དེར་རྫོང་རིམ་པ་དང་ཁུལ་རིམ་པ། ཞིང་ཆེན་དང་རྒྱལ་ཁབ་རིམ་པ་སོགས་ཀྱི་ཆེད་བསྟོད་དང་གཟེངས་རྟགས་མང་པོ་ཐོབ་མྱོང་འདུག
སློབ་གྲྭ་དེའི་བྱེད་པོ་བོད་ཀྱི་སློབ་གསོ་བ་གྲགས་ཅན་གྲྭ་འཇིགས་མེད་རྒྱལ་མཚན་མཆོག་ཡིན། ཁོང་ནི་ཕྱི་ལོ་ ༡༩༦༣ ལོར་མདོ་སྨད་མགོ་ལོག་རྨ་ཆེན་རྫོང་རྟ་བོར་ཡུལ་ཚོའི་ཧྭ་སྐོར་སྡེ་བར་འཁྲུངས། ཕྱི་ལོ་ ༡༩༩༠ ལོའི་ཟླ་བརྒྱད་པའི་ནང་༧པཎ་ཆེན་སྐུ་ཕྲེང་བཅུ་པས་བཙུགས་པའི་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་སློབ་མཐར་ཕྱིནཕྱི་ལོ་ ༡༩༩༢ ལོར་ཁོང་གིས་མགོ་ལོག་ཁུལ་བོད་ཡིག་སློབ་འབྲིང་གི་དགེ་རྒན་གྱི་ཕྱག་ལས་མཛད། ཕྱི་ལོ་ ༡༩༩༣ ལོར་མགོ་ལོག་ཁུལ་རྨ་ཆེན་རྫོང་མི་དམངས་སྲིད་གཞུང་ལ་སྒེར་བཙུགས་སློབ་གྲྭ་འཛུགས་འདུན་གྱི་ཡར་ཞུའི་ཡི་གེ་ཕུལ་རྗེས་ཕྱི་ལོ་ ༡༩༩༤ ལོའི་ཟླ་བརྒྱད་ ༨ ཚེས་ ༡༥ ཉིན་ཁུལ་མི་དམངས་སྲིད་གཞུང་གིས་ཡིག་ཆ་ཨང་ ༥༥ པ་བཀྲམས་ནས་སྒེར་བཙུགས་སློབ་གྲྭ་འཛུགས་པར་ཆོག་མཆན་ཐོབ། སྐབས་དེར་ཁོང་ཉིད་སྒེར་ལ་རྒྱ་སྒོར་ ༣༠༠༠ ཙམ་ལས་མེད་པས་བུ་ལོན་བླངས་ཏེ་སློབ་གྲྭ་གསར་འཛུགས་མཛད།
ཕྱི་ལོ་ ༢༠༠༠ ལོའི་ཟླ་ ༡༠ བའི་ནང་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་དུ་གངས་ལྗོངས་ཤེས་རིག་བུའི་སློབ་གླིང་གི་སློབ་སྒྲུབ་ཁེ་ལས་(གངས་ལྗོངས་གཅེས་ནོར་ཚད་ཡོད་མཐུན་གཉེར)བཙུགས་ཤིང་། དེའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་འབྲོག་པའི་འོ་མའི་ཐོན་ཁུངས་སྔོག་འདོན་བྱས་ཏེ་འབྲོག་པའི་ཁེ་ལས་དར་སྤེལ་དང་། ལྷག་པར་དུ་སློབ་གྲྭར་སློབ་གསོའི་མ་དངུལ་ཁ་གསབ་བཅས་ཀྱི་ཆེད་དུ་གཞིགས་པ་ཞིག་ཡིན།
ཕྱི་ལོ་ ༢༠༠༥ ལོར་སློབ་ལོ་རན་པའི་ཞིང་འབྲོག་གི་བུ་མོ་ཚོའི་ཆེད་དུ་མ་དངུལ་རྒྱ་སྒོར་ཁྲི་ ༢༦༠ ལྷག་བཙལ་ཏེ་རྨ་ཆེན་རྫོང་རྭ་རྒྱ་གྲོང་གི་ཁོངས་སུ་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་བཙུགས། ཕྱི་ལོ་ ༢༠༡༡ ལོར་ཁོང་གི་ཕ་ཡུལ་དུ་ཧྭ་སྐོར་ཤེས་རིག་སློབ་གླིང་བཙུགས།
མདོར་ན་འདས་པའི་མི་ལོ་ ༣༠ ལྷག་གི་རིང་ཁོང་གིས་བོད་ཡུལ་དུ་སློབ་གསོ་དང་ཁེ་ལས་ཐད་མཛད་རྗེས་རླབས་ཆེན་བསྐྱངས་བས་ཁོང་ལ་བོད་ཀྱི་ཞིང་འབྲོག་དམངས་ཚོགས་དང་རིག་གནས་བའི་སྡེ་ཁག་སོགས་ནས་བརྩི་མཐོང་ཧ་ཅང་ཆེན་པོ་ཐོབ་ཡོད་པ་མ་ཟད་རྒྱ་གཞུང་གིས་ངོས་ནས་ཀྱང་ཁོང་ཉིད་མགོ་ལོག་ཁུལ་གྱི་སྐབས་དགུ་པ་དང་བཅུ་གཅིག་པའི་དམངས་ཆེན་འཐུས་མི། རྨ་ཆེན་རྫོང་གི་སྐབས་བཅུ་པ་དང་། བཅུ་གཅིག་པའི་དམངས་ཆེན་འཐུས་མི་སོགས་ལ་བདམས་པ་མ་ཟད་སྔ་ཕྱིར་ཞིང་ཆེན་རིམ་པ་དང་རྒྱལ་ཁབ་རིམ་པའི་གཟེངས་རྟགས་མང་པོ་ཐོབ་མྱོང་། ལོ་བཅུའི་སྔོན་ཙམ་ནས་བཟུང་ཁོང་གིས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་སྲིད་གྲོས་ཚོགས་ཆེན་གཉིས་ཀའི་ནང་བོད་ཁུལ་གྱི་སློབ་གྲྭ་མང་པོའི་ནང་བསླབ་གཞིའི་སྐད་ཡིག་རྒྱ་ཡིག་ཡིན་པའི་སློབ་གསོའི་ལམ་ལུགས་ལག་བསྟར་བྱེད་པ་དེ་ནི་བོད་པའི་སློབ་ཕྲུག་གི་སློབ་སྦྱོང་དང་བོད་ཁུལ་གྱི་སློབ་དཔལ་རིག་གསུམ་གྱི་འཕེལ་རྒྱས་ལ་གནོད་ཀྱི་ཡོད་པ་དང་སྒེར་བཙུགས་སློབ་གྲྭ་ནི་རྒྱལ་ཁབ་ཀྱི་སློབ་གསོ་འཕེལ་རྒྱས་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན་ཞིང་མི་དམངས་ལ་དགོས་མཁོ་ཆེ་བ་སོགས་ཀྱི་དགོངས་འཆར་བཏོན་མྱོང་།