རྒྱ་གཞུང་གི་བོད་ཀྱི་དགོན་སྡེ་དོ་དམ་གྱི་ཁྲིམས་ཡིག་གསར་པས་གྲྭ་བཙུན་རྣམས་ལ་གནོན་ཤུགས་འཕར་མ་སླེབས་འདུག

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡ ཉིན་རྒྱ་ནག་དབུས་གཞུང་གི་རྒྱལ་ཁབ་ཆོས་དོན་ལས་ཁུངས་ནས་བོད་རྒྱུད་ནང་བསྟན་གྱི་དགོན་སྡེ་དོ་དམ་གྱི་ཁྲིམས་ཡིག་ཟེར་བ་ཞིག་ཁྱབ་བསྒྲགས་བྱས་པ་དང་། ཁྲིམས་ཡིག་དེ་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡ ཉིན་ནས་ལག་བསྟར་བྱ་རྒྱུའི་ཐག་གཅོད་བྱས་ཡོད། རྒྱ་ནག་གཞུང་གི་བོད་ཀྱི་དགོན་སྡེ་དོ་དམ་གྱི་ཁྲིམས་ཡིག་དེ་ཐོག་མར་ཕྱི་ལོ་༢༠༡༠ ཟླ་ ༡༠ ཚེས་ ༣༠ ཉིན་ཁྱབ་བསྒྲགས་བྱས་ཏེ་ཟླ་ ༡༡ ཚེས་ ༡ ཉིན་ནས་དངོས་སུ་ལག་བསྟར་བྱས་པའི་ཁྲིམས་ཡིག་གི་རྨང་གཞིར་བྱས་ཏེ་བཟོས་པ་ཞིག་རེད། 

ཁྲིམས་ཡིག་དེར་དོན་ཚན་ ༤༣ ཡོད་པ་དང་། དོན་ཚན་རེ་རེ་ལའང་ནང་གསེས་མི་འདྲ་བ་ཁ་ཤས་ཡོད་།

ཁྲིམས་ཡིག་གསར་པ་དེར་འགྱུར་བ་མི་ཉུང་བ་ཞིག་བཏང་ཡོད་པའི་ནང་དོན་ཚན་བཞི་པར་འགྱུར་བ་ཆེ་ཤོས་བཏང་ཡོད། དོན་ཚན་དེ་ནི་ཁྲིམས་ཡིག་གི་ཁྱོན་ཡོངས་ཀྱི་ནང་གལ་གནད་ཆེ་ཤོས་སྟེ་ཆབ་སྲིད་ཀྱི་ངོ་བོ་དང་ལང་ཕྱོགས་དང་ཐད་ཀར་འབྲེལ་བ་ཡོད་པའི་རྩ་དོན་ཞིག་རེད།

ཁྲིམས་ཡིག་གསར་པའི་དོན་ཚན་བཞི་པའི་ནང་། དགོན་སྡེ་དང་དགེ་འདུན་ཚོས་རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ།སྒྲིག་སྲོལ་བཅས་ལ་བརྩི་སྲུང་གིས་རྒྱལ་ཁབ་གཅིག་གྱུར་། མི་རིགས་མཐུན་བསྒྲིལ། སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུར་ལེགས་སྐྱེས་འབུལ་དགོས་པ་དང་། བོད་རྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་འཁོད་ཡོད། གསར་དུ་བཅོ་བཟོས་བྱས་པའི་ཁྲིམས་ཡིག་གསར་པའི་དོན་ཚན་བཞི་པའི་ནང་། དགོན་སྡེ་དང་དགེ་འདུན་པ་ཚོས་མེས་རྒྱལ་ལ་དགའ་ཞེན་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲུང་སྐྱོབ་བྱེད་དགོས། རྩ་ཁྲིམས་དང། བཅའ་ཁྲིམས། ཁྲིམས་སྲོལ་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཆོས་ལུགས་དོ་དམ་བྱེད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ། རང་བཙན་རང་བདག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་བསྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྲུང་སྐྱོབ་བྱས་ཏེ་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་བ་བྱེད་དགོས་ཅེས་འཁོད་ཡོད།

གསར་དུ་བཟོ་བཅོས་བྱས་པའི་ཁ་གསབ་ཀྱི་ནང་དོན་འདི་དག་ནི་ཆབ་སྲིད་ཀྱི་རང་བཞིན་དང་ཆ་རྐྱེན་ཧ་ཅང་ཚད་མཐོ་པོ་ཞིག་ཡིན་སྟབས། རིས་མེད་དགོན་སྡེ་ཁག་དང་གྲྭ་བཙུན་ཚོར་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་ལས་འགན་འཕར་མ་དང་གནོན་ཤུགས་འཕར་མ་སླེབས་ཀྱི་ཡོད་པ་མ་ཟད། དེ་ཡང་སྐབས་འཕྲལ་གྱི་ཚོགས་འདུ་དང་བགྲོ་གླེང་གི་རྣམ་པ་ཞིག་མ་ཡིན་པར་ཁྲིམས་ཐོག་ནས་ཐག་གཅོད་བྱས་པ་ཞིག་ཡིན་སྟབས། དེའི་ལས་འགན་ཧ་ཅང་ལྗིད་པོ་ཆགས་ཡོད།

དཔེར་ན། གསར་དུ་ཁ་སྣོན་བྱས་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་དགོས་ཞེས་པའི་ཚིག་གནད་དེ་ལ་བལྟས་ནའང་། དེ་ནི་རྒྱ་མི་རིགས་ཀྱི་ངོ་བོ་དང་ཁྱད་ཆོས་ལྡན་པའི་འདུ་ཤེས་ཟབ་ཏུ་གཏོང་དགོས་ཞེས་པ་དེ་རེད།  ངོ་བོ་དེ་ཇི་ཙམ་གྱིས་ཤུགས་ཆེ་རུ་བཏང་ན་གྲངས་ཉུང་མི་རིགས་ཀྱིས་སོ་སོའི་ངོ་བོ་དང་འདུ་ཤེས་དེ་རང་བཞིན་གྱིས་ཤུགས་ཆུང་དུ་གཏོང་དགོས་ཀྱི་ཡོད།

དེ་རྗེས་དོན་ཚན་བཅུ་པ་དེར་བཟོ་བཅོས་མང་པོ་བརྒྱབ་ཡོད། དོན་ཚན་བཅུ་པ་ནི་དགོན་སྡེ་དོ་དམ་ཚན་པའི་མི་སྣའི་ཆ་རྐྱེན་དང་འོས་ཆོས་སྐོར་ཆགགས་ཡོད། ཁྲིམས་ཡིག་རྙིང་པར་ཆ་རྐྱེན་དོན་ཚན་གསུམ་ལས་བཏོན་མེད་ཀྱང་། གསར་དུ་བཟོ་བཅོས་བྱས་པའི་ཁྲིམས་ཡིག་དེར་ཆ་རྐྱེན་དོན་ཚན་དྲུག་བཟོས་ཡོད།

དོན་ཚན་བཅུ་པའི་ནང་གསེས་དང་པོར། མེས་རྒྱལ་ལ་དགའ་ཞེན་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་སྲུང་སྐྱོབ་བྱེད་དགོས་ཅེས་ཚིག་དེ་ཁ་གསབ་བྱས་ཡོད། སྤྱིར་ཚིག་དེ་རྒྱ་ནག་གི་ཆབ་སྲིད་ནང་རྟག་པར་བེད་སྤྱོད་བྱེད་པའི་ཚིག་གཅིག་ཡིན་ནའང་། དགོན་སྡེ་དོ་དམ་གྱི་ཁྲིམས་ཡིག་དང་། དོ་དམ་བྱེད་མཁན་གྱི་མི་སྣའི་འོས་ཆོས་ཀྱི་ནང་བཀོད་པ་ཐོག་མ་ཡིན་སྟབས།  ཁྲིམས་ཡིག་དེ་ལག་ལེན་བྱས་པའི་ཉིན་མོ་ནས་བཟུང་བོད་ཀྱི་དགོན་སྡེ་ཁག་དང་། དགོན་སྡེ་དོ་དམ་བྱེད་མཁན་གྱི་ཚན་པའི་ཐོག་སྔར་ལས་པའི་དམ་དྲག་བྱ་རྒྱུ་ཡིན་པ་གསལ་པོ་ཆགས་ཡོད།

ནང་གསེས་གཉིས་པར་།  ཁྲིམས་ལུགས་དང་། ཁྲིམས་སྲོལ། སྒྲིག་སྲོལ་ལ་བརྩི་སྲུང་གིས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་དང་། ཁ་བྲལ་ལ་ངོ་རྒོལ།  ཆོས་ལུགས་དང་སྤྱི་ཚོགས་འཆམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱེད་དགོས་ཅེས་འཁོད་ཡོད་། བཟོ་བཅོས་བྱས་པའི་ཁྲིམས་ཡིག་གསར་པའི་ནང་ཁ་བྲལ་ལ་ངོ་རྒོལ་དང་སྤྱི་ཚོགས་འཆམ་མཐུན་ཞེས་པའི་ཚིག་དེ་མེད་པ་བཟོས་ཡོད། དེ་བཞིན་གསར་དུ་བཟོ་བཅོས་བྱས་པའི་ཁྲིམས་ཡིག་ནང་། ནང་བསྟན་མཐུན་ཚོགས་དང་དགོན་པ་དེ་གའི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས་པ་དང་ ། ཆོས་ལུགས་ཀྱི་མཁྱེན་ཡོན་ཟབ་པ་དང་དོ་དམ་གྱི་འཇོན་ནུས་ཡོད་པ་སོགས་ཁ་སྣོན་བྱས་ཡོད།

དོན་ཚན་བཅུ་གཅིག་དགོན་སྡེ་དོ་དམ་ཚན་པས་སྒྲུབ་དགོས་པའི་ལས་འགན་སྐོར་ཆགས་ཡོད། ཁྲིམས་ཡིག་རྙིང་པའི་ནང་དགོན་སྡེ་དང་དགེ་འདུན་པའི་འཚོ་བའི་སྐོར་དང་དགོན་པའི་ནང་ཁུལ་གྱི་གནད་དོན་ཙམ་ལས་ཆབ་སྲིད་ཀྱི་སྐོར་གཅིག་ཀྱང་འཁོད་མེད་ཀྱང་།  གསར་དུ་བཟོ་བཅོས་བྱས་པའི་ཁྲིམས་ཡིག་ནང་ཆོས་དད་མང་ཚོགས་རྣམས་ལ་མེས་རྒྱལ་ལ་དགའ་ཞེན་བྱེད་དགོས་པའི་མཐུན་བསྒྲིལ་སློབ་གསོ་གཏོང་བ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་སྲུང་སྐྱོབ། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་ལག་བསྟར་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དགོས་ཅེས་གསབ་སྣོན་བྱས་ཡོད།

གནད་དོན་འདི་དག་ཚང་མ་ཞི་ཅིང་ཕིང་གི་དུས་སྐབས་སུ་གསར་དུ་གཏན་འབེབས་བྱས་པའི་ཆོས་ལུགས་དང་མི་རིགས་སྲིད་ཇུས་སྐོར་གྱི་ཆབ་སྲིད་ཀྱི་རིག་པའི་གཞུང་ལུགས་གལ་ཆེན་ཞིག་ཆགས་ཡོད་པས་དགོན་སྡེའི་ཁྲིམས་ཡིག་ནང་བཀོད་པ་དེས་དགོན་སྡེའི་གྲྭ་དམངས་རྣམས་ཀྱང་སྲིད་གཞུང་གི་འགོ་ཁྲིད་ལས་བྱེད་དང་འདྲ་བར་ག་དུས་ཡིན་ཀྱང་ཆབ་སྲིད་ཀྱི་རིག་པའི་གཞུང་ལུགས་སྐོར་ལ་སློབ་སྦྱོང་བྱེད་པ་དང་། ཚོགས་འདུ་འཚོགས་པ། ཡིག་རྒྱུག་གཏོང་བ་སོགས་བྱ་ཐབས་སྣ་ཚོགས་ལག་ལེན་ལེན་བྱེད་ཀྱི་ཡོད། སློབ་སྦྱོང་གསར་པ་དེ་དག་གིས་ཕྱོགས་གཅིག་ནས་གྲྭ་དམངས་ཚོར་བསམ་བློའི་ཐོག་ནས་གནོན་ཤུགས་ཆེན་པོ་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་དུས་ཚོད་མི་ཉུང་བ་ཞིག་ཆབ་སྲིད་སློབ་སྦྱོང་དང་ཚོགས་འདུའི་ཐོག་གཏོང་དགོས་སྟབས་ཆོས་ཕྱོས་ཀྱི་ཐད་ལ་སློབ་གཉེར་བྱ་རྒྱུར་འཐུས་ཤོར་ཡོང་གི་ཡོད།

དོན་ཚན་བཅོ་ལྔའི་ནང་། དགོན་པའི་གཞི་ཁྱོན་དང་དཔལ་འབྱོར་གྱི་གནས་སྟངས་ལ་གཞིགས་ཏེ་མི་གྲངས་གཏན་འཁེལ་བྱེད་དགོས་པ་དང་།  དེ་རྗེས་དགོན་སྡེའི་དོ་དམ་ཚན་པས་ས་གནས་དེ་གའི་ནང་བསྟན་མཐུན་ཚོགས་ལ་སྙན་གསེང་ཞུ་དགོས། ནང་བསྟན་མཐུན་ཚོགས་ནས་ཞིབ་འཇུག་དང་མོས་མཐུན་བྱུང་རྗེས། ཡང་བསྐྱར་རྫོང་རིམ་པའི་ཆོས་ལུགས་ལས་དོན་ལྷན་ཁང་དང་། སླར་ཡང་ཞིང་ཆེན་རིམ་པའི་ཆོས་ལུགས་ལས་དོན་ལྷན་ཁང་ལ་རིམ་པས་སྙན་གསེང་ཞུ་དགོས་པའི་གཏན་འབེབས་བྱས་ཡོད།  དེ་ནི་རིམ་པ་མང་པོ་བརྒྱུད་དགོས་པའི་བརྒྱུད་རིམ་ཞིག་ཡིན་སྟབས་ཧ་ཅང་དཀའ་ངལ་ཆེན་པོ་ཆགས་ཡོད། 

དོན་ཚན་གསུམ་བཅུའི་ནང་གྲྭ་བཙུན་གང་རུང་ཞིག་དགོན་པ་གཞན་ཞིག་ལ་དཔེ་ཁྲིད་ཞུ་བར་འགྲོ་འདོད་ཡོད་ན། རང་དགོན་དོ་དམ་ཚན་པར་ཡིག་ཐོག་ནས་སྙན་གསེང་ཞུ་དགོས་པ་དང་། དགོན་སྡེ་དོ་དམ་ཚན་པས་མོས་མཐུན་ཐོབ་རྗེས་ཡང་བསྐྱར་རང་ཉིད་གནས་སའི་ས་གནས་དང་། ཤང།  གྲོང་བརྡལ་བཅས་ཀྱི་མི་དམངས་སྲིད་གཞུང་ལ་སྙན་གསེང་ཞུ་དགོས་པ། མི་དམངས་སྲིད་གཞུང་གིས་ནང་བསྟན་མཐུན་ཚོགས་ལ་སྙན་གསེང་ཞུ་དགོས་པ་སོགས་ཀྱི་གཏན་འབེབས་བྱས་འདུག ནང་བསྟན་མཐུན་ཚོགས་ནི་བོད་རྒྱུད་ནང་བསྟན་གྱི་བསྟན་པ་དར་རྒྱས་དང་དད་ལྡན་མང་ཚོགས་ཀྱི་མངོན་འདོད་སྒྲུབ་མཁན་ཞིག་ཡིན་དགོས་ཀྱང་། དེ་ལས་ལྡོག་ཏེ་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་ལག་ཆ་ལྟ་བུ་ཆགས་ཡོད།

ད་ཐེངས་བཟོ་བཅོས་བྱས་པའི་ཁྲིམས་ཡིག་དེས་སྔར་ལས་ལྷག་པའི་སྒོ་ནས་དགོན་སྡེ་དང་། ཆོས་ལུགས། གྲྭ་བཙུན་བཅས་ལ་ཕྱོགས་ཡོངས་ནས་དམ་བསྒྲགས་དང་ཆབ་སྲིད་ཀྱི་ཐོག་ནས་གནོན་ཤུགས་འཕར་མ་སླེབས་རྒྱུ་ཡིན་པ་གསལ་པོ་རེད། དེ་ནི་རྒྱ་ནག་གཞུང་རང་ཉིད་ཀྱིས་གཏན་འབེབས་བྱས་པའི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ནང་མི་རིགས་རང་སྐྱོང་གི་ཁེ་དབང་དང་ཆོས་དད་རང་མོས་ཀྱི་ཁེ་དབང་དང་ཡོངས་སུ་རྒྱབ་འགལ་སོང་ཡོད་པ་གསལ་པོ་རེད།

to top