བོད་ཀྱི་བདེན་དོན་འཐབ་རྩོད་པ་རོང་རྒྱས་ཨ་གྲགས་ལགས་ལ་རྒྱ་གཞུང་གིས་ལོ་བརྒྱད་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་བཙོན་འོག་ཏུ་ལོ་ ༦ འཁོར་བའི་སྐབས་དང་བསྟུན་ནས། བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱི་རྒྱལ་སྤྱིའི་ཚོགས་སྒེར་ཚང་མར་ཞུ་སྐུལ་གྱི་བསྒྲགས་གཏམ་ཞིག་སྤེལ་འདུག
རྒྱ་གཞུང་གིས་བོད་ས་ཡོངས་སུ་བཙན་འཛུལ་དབང་སྒྱུར་བྱས་པ་ནས་ད་ལྟའི་བར་དུ། བོད་ཐོག་བཙན་འཛུལ་དབང་བསྒྱུར་བྱས་པའི་དུས་ཚེས་ཀྱིས་མཚོན་པའི་རྒྱ་དམར་གཞུང་འབྲེལ་དུས་དྲན་ཁག་གི་སྐབས། དམག་མི་མང་པོ་འགྲེམས་འཇོག་གིས་དམ་དྲག་བྱས་ཐོག་བོད་མི་ཚོར་བཙན་དྲག་འོག་དུས་ཚེས་སྲུང་བརྩི་བྱེད་འཇུག་གི་ཡོད་པར་བརྟེན། ༢༠༠༧ ལོའི་ཕྱི་ཟླ་ ༨ ཚེས་ ༡ ཉིན་སྟེ་རྒྱ་དམར་དམག་བཙུགས་དུས་ཆེན་གྱི་ལི་ཐང་རྟ་རྒྱུགས་མཛད་སྒོའི་ཐོག ལི་ཐང་རོང་རྒྱས་ཨ་གྲགས་ལགས་ཀྱིས་རྒྱ་ནག་གི་མགོ་ཁྲིད་དང་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་སར། ༸གོང་ས་མཆོག་བོད་མི་ས་ཡ་དྲུག་གི་མགོན་སྐྱབས་ཡིན་པ་དང་། ༸གོང་ས་མཆོག་མགྱོགས་མྱུར་བོད་ལ་གདན་འདྲེན་ཞུ་དགོས་པ། ༸པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྣམ་གཉིས་ཀློད་གྲོལ་གཏོང་དགོས་པ་སོགས། བོད་རང་རྒྱ་གཞུང་གི་དྲག་གནོན་འོག་རང་དབང་གང་ཡང་མེད་པའི་དངོས་ཡོད་གནས་སྟངས་སྐོར་གྱི་གཏམ་བཤད་སྤེལ་བའི་རྗེས། རྒྱ་གཞུང་ཉེན་རྟོག་པས་ཁོང་འཇུ་བཟུང་བཙན་ཁྲིད་བྱས་ཡོད་ལ། ལོ་དེའི་ཕྱི་ཟླ་ ༡༡ པའི་ནང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་ཁྲིམས་ཁང་གིས། རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་བརྟན་བརླིང་ལ་གནོད་སྐྱོན་བཟོས་པའི་ཉེས་མིང་བཀལ་ཏེ། ཁོང་ལ་ལོ་བརྒྱད་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་སི་ཁྲོན་མཱེན་ཡཱང་བཙོན་ཁང་དུ་བསྐྱལ་ཡོད་པ་རེད། རོང་རྒྱས་ཨ་གྲགས་ལགས་ལ་འཇུ་བཟུང་བཀག་ཉར་དང་བཙོན་འཇུག་དུས་ཡུན་རིང་རྒྱ་གཞུང་ཉེན་རྟོག་དམག་གིས་སྡུག་སྦྱོང་མནར་གཅོད་རབ་དང་རིམ་པ་བཏང་བར་བརྟེན། ད་ལྟའི་ཆར་ཁོང་གི་མིག་ཡ་གཅིག་གིས་མཐོང་གི་མེད་པ་དང་། རྣ་བ་ཡ་གཅིག་གིས་མི་ཐོས་པའི་གནས་སུ་གྱར་ཡོད་པ་མ་ཟད། ད་དུང་རྐང་པ་དང་རྐེད་པ་ནད་པ་ཆགས་ཏེ་གཟུགས་པོ་འགྲོ་བསྐྱོད་ཐད་དཀའ་ངལ་ཡོད་པའི་གནས་སྟངས་ཆགས་ཡོད་འདུག
ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡ ཉིན་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་རོང་རྒྱས་ཨ་གྲགས་ལགས་རྒྱ་གཞུང་གིས་འཇུ་བཟུང་བཙོན་འཇུག་བྱས་ཏེ་ལོ་ ༦ འཁོར་བའི་སྐབས་དང་བསྟུན་ནས་བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་གཞུང་དང་ཚོགས་སྡེ་ཁག་གི་དཔོན་རིགས་དང་གང་ཟག་སྒེར་བཅས་ཚང་མས། ད་ལྟ་རྒྱའི་བཙོན་འོག་ཏུ་ཡོད་པའི་རུང་རྒྱས་ཨ་གྲགས་ལགས་གཙོས་རང་ཉིད་བློས་བཏང་གནང་མཁན་བོད་དོན་བདེན་པའི་འཐབ་རྩོད་རྣམས་ལ་བདེན་རྒྱབ་དཔུང་རོགས་ཡོང་བའི་རེ་སྐུལ་ཞུས་ཡོད་པ་རེད།
༄༅། །རྒྱལ་གཅེས་ཕུལ་བྱུང་དཔའ་བོ་རུང་རྒྱས་ཨ་གྲགས་ལགས་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ཏེ་ལོ་དྲུག་འཁོར་བའི་བསྒྲགས་གཏམ།
ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡ ཉིན་ནི། རྒྱལ་གཅེས་ཕུལ་བྱུང་དཔའ་བོ་རུང་རྒྱས་ཨ་གྲགས་ལགས་ཀྱིས་རྒྱ་ནག་གི་བོད་དང་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པའི་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་དང། ལྷག་པར་དུ་བོད་བསྟན་སྲིད་མི་རིགས་རང་དབང་དང་བཅས་པ་སྲུང་སྐྱོབ་དང། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་ཐུབ་པ་སོགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་གིས་ཞི་རྒོལ་གནང་བར་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ། རྒྱལ་ཁབ་མགོ་རྟིང་སློག་པའི་ནག་ཉེས་ཀྱི་མིང་ཐོག་བཙོན་འཇུག་གིས་མི་ལོ་ཧྲིག་པོ་དྲུག་འཁོར་བའི་ཉིན་མོ་དེ་ཡིན།
ཉིན་མོ་འདི་ནི་ང་ཚོས་ངེས་པར་དུ་སྲུང་བརྩི་དང་དྲན་གསོ་བྱེད་དགོས་པ་ཞིག་ཡིན་ཏེ། མི་ལོ་དྲུག་སྔོན་གྱི་ཉིན་དེར་ཁོང་གིས་ཨ་མའི་མངལ་ལས་སྐྱེས་ནས་ཉིན་གཅིག་ལས་མ་སོང་བའི་གཅེས་པའི་བུ་མོ་ཆུང་ཆུང་དང་། བརྩེ་བའི་བཟའ་ཟླ་རྣམ་གཉིས་རྫོང་སྨན་ཁང་དུ་བཞག་ཅིང། ཕྱི་ནང་གི་མི་མང་ཁྲི་ཚོ་བརྒལ་བའི་འདུས་གནས་ལི་ཐང་བརྒྱད་གཅིག་རྟ་རྒྱུགས་ཀྱི་སྡིངས་ཆའི་ཐོག་ཏུ་བུད་དེ། མདོ་འཛིན་པའི་ལག་ནས་རྒྱང་བསྒྲགས་ཁ་པར་བླངས་ནས་ “རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་བཅུག་(འཇུག)དགོས་’’ “པཎ་ཆེན་རིན་པོ་ཆེ་དང་སྤྲུལ་སྐུ་བསྟན་འཛིན་ལེགས་ཀྱི་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་” “ང་ཚོ་བོད་ལ་རང་དབང་དགོས” རྒྱལ་བ་རིན་པོ་ཆེ་ནི་ང་ཚོ་བོད་ཀྱི་ནང་སྙིང་ལྟར་བུ་ཡིན། བོད་མི་རྣམས་མཐུན་ལམ་རྡོག་རྩ་གཅིག་དྲིལ་དགོས་ཞེས་ཁམས་ལི་ཐང་གི་ཁ་སྐད་ལྡན་པའི་འབོད་སྒྲ་འདི་ངར་ཤུགས་ཆེན་པོའི་ཐོག་འཛམ་བུ་གླིང་ལ་ཁྱབ་བཅུག་ཡོད།
ཁོང་འཛིན་བཟུང་བྱས་པའི་རྗེས་སུ་ས་གནས་མང་ཚོགས་སྟོང་ཚོ་མང་པོ་རྫོང་ཉེན་རྟོག་ལས་ཁང་དུ་བཅར་ཏེ་ཁོང་གློད་གྲོལ་གཏོང་དགོས་པའི་ཞུ་འབོད་ཤུགས་ཆེ་གནང་ཡོད་པ་དང། ཡུལ་སྡེ་ཐག་རིང་ནས་ཡིན་པའི་མང་ཚོགས་ཁྱུ་དང་ཁྱུ་ལི་ཐང་རྫོང་གི་མཐར་བསྐོར་དུ་གུར་སྒར་བརྒྱབ་སྟེ་ཉིན་གྲངས་མང་པོའི་རིང་ངོ་རྒོལ་བྱས་ནས་བསྡད་ཡོད་ཀྱང་། མཐར་རྒྱ་གཞུང་གིས་མང་ཚོགས་ཀྱི་གདུང་འབོད་ལ་ཡ་ལན་སྤུ་ཙམ་མེད་པར་དམག་མི་ཁྲི་ཚོ་མང་པོ་བཏང་སྟེ། ཁོང་ལ་ལོ་བརྒྱད་ཀྱི་ཁྲིམས་ཐག་གཅོད་པ་དང། ཁོང་གི་ཚ་བོ་ལི་ཐང་དགོན་ཆེན་གྱི་དབུ་མཛད་དང་དོ་དམ་པ་ཟུར་བ་ཨ་ཀྲུག་བློ་སྦོ་ལ་ལོ་བཅུ་དང། སྒྱུ་རྩལ་པ་འཇམ་དབྱངས་ཀུན་མཁྱེན་ལ་ལོོ་དགུ ཁོང་གི་ཚ་བོ་ཨ་ཀྲུག་སྐལ་བཟང་རྒྱ་མཚོ་ལ་ལོ་ལྔ། (ད་ལྟ་ལོ་དུས་ཚང་ནས་གློད་གྲོལ་བཏང་ཟིན།) བློ་ཐོག་ལ་ལོ་གསུམ། (ད་ལྟ་ལོ་དུས་ཚང་ནས་གློད་གྲོལ་བཏང་ཟིན།) འཇམ་དབྱང་བསྟན་འཛིན་ལ་ལོ་གསུམ། (ལོ་དུས་ཚང་ནས་གློད་གྲོལ་བཏང་ཟིན་ཀྱང་སླར་ཡང་འཛིན་བཟུང་གི་ལོ་གསུམ་ཁྲིམས་ཐག་བཅད། ) བདེ་སྐྱིད་གྲོང་པ་བློ་བཟང་ཕུན་ཚོགས་ལ་ལོ་གཅིག་དང་ཕྱེད་ཀྱི་(ད་ལྟ་ལོ་དུས་ཚང་ནས་གློད་གྲོལ་བཏང་ཟིན།) ཁྲིམས་ཐག་གཅོད་ནས་བཙོན་བཀག་བྱས་ཡོད།
གནས་ཚུལ་འདི་རྒྱལ་སྤྱིའི་གསར་ལམ་གྲགས་ཅན་BBCགཙོས་ཕྱི་ནང་གི་བརྒྱུད་ལམ་ཁག་ནང་ཤུགས་ཆེ་ཐོན་ཏེ་བོད་དོན་དྲིལ་བསྒྲགས་ཀྱི་རྦ་རླབས་སླར་ཡང་རྒྱལ་སྤྱིའི་མིག་ལམ་ཏུ་འཕྱུར་བ་མ་ཟད། རྒྱལ་སྤྱིའི་གྲགས་ཅན་མི་སྣ་ཁག་གི་རྒྱབ་སྐྱོར་དང་དོ་སྣང་ཡང་ཤུགས་ཆེ་སླེབས་ཏེ། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ནེལ་སིན་པོལ་སི་མཆོག་རྒྱ་ནག་གི་སྲིད་འཛིན་ཧུའུ་དང་མཇལ་འཕྲད་གནང་སྐབས། རུང་རྒྱས་ཨ་གྲགས་སོགས་བོད་ཀྱི་ཆབ་སྲིད་བཙོན་པ་ཁག་ཅིག་གི་མཚན་བྱང་ཧུའུ་ལ་དངོས་སུ་སྤྲད་དེ་ཁོང་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་གྲོལ་དགོས་པའི་རྒྱལ་སྤྱིའི་གནོན་ཤུགས་ཤུགས་ཆེ་སྤྲད་ཡོད།
རྒྱལ་གཅེས་ཕུལ་བྱུང་དཔའ་བོ་ཁོང་གི་རླབས་ཆེན་གྱི་འབོད་སྒྲ་དང། དམིགས་བསལ་ཁོང་གིས་བོད་རྒྱ་ཐ་དད་དང། བོད་རིགས་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་མཛད་དགོས་པའི་གདམས་ངག་འདི་བོད་ལྗོངས་སྟོད་སྨད་བར་གསུམ་ཁྱོན་ཡོངས་སུ་སྔར་ལས་ཤུགས་ཆེ་རུ་འགྲོ་ཡོད་པ་གཞིས་བྱེས་གཉིས་སུ་འཁོད་པའི་བོད་མི་ཚོས་གླེང་བཞིན་ཡོད་ལ། ༢༠༠༨ ལོ་ནས་བཟུང་ཞི་རྒོལ་གྱི་མེ་ལྕེ་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་སུ་མཆེད་དེ་༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་བཅུག་དགོས། ང་ཚོ་བོད་ལ་རང་དབང་དགོས་ཞེས་པའི་འབོད་ཚིག་འདི་ས་བསྒྲགས་གནམ་བསྒྲགས་ཀྱི་ཁྱབ་པ་དེའང་ཁོང་གི་ཤུགས་རྐྱེན་མི་དམན་པ་ཐེབས་ཡོད་པ་ནི་གདོན་མི་ཟའོ།
རྒྱལ་གཅེས་ཕུལ་བྱུང་དཔའ་བོ་ཁོང་ཕྱི་ལོ་ ༢༠༠༧ ཟླ་ ༨ ཚེས་ ༡ ཉིན་འཛིན་བཟུང་བཙོན་བཀག་བྱས་རྗེས། བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ལ་རིམ་བཞིན་ཞི་རྒོལ་གྱི་རྦ་རླབས་རྩེར་སོན་ཏེ། བོད་མི་འབུམ་ཁྲག་མང་པོས་རང་སྲོག་ཁྲ་མོ་རྒྱ་མདའི་སོ་ཁར་གཏད་དེ་བོད་མི་རིགས་ཀྱི་དོན་དུ་ཞི་བའི་ལས་འགུལ་སྣ་ཚོགས་སྤེལ་ཡོད་ལ། དམིགས་བསལ་གསལ་པོ་མཁྱེན་རྟོགས་བྱུང་བ་བོད་མི་ ༡༢༠ ཡིས་རང་ལུས་མཆོད་མེར་ཕུལ་བའི་རླབས་ཆེན་གྱི་ལས་འགུལ་སྤེལ་བ་དང་། བོད་མི་ཁྲི་ཚོ་མང་པོ་འཛིན་བཟུང་བཀག་ཉར་འོག་མནར་གཅོད་ཚད་མེད་མྱངས་བཞིན་པ་དང། བོད་ཆོལ་གསུམ་ཁྱོན་ཡོངས་སུ་དྲག་པོས་དམག་གིས་དོ་དམ་འོག་གཞིས་ལུས་བོད་མི་རྣམས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་བསྔལ་ཚད་མེད་མྱོང་བཞིན་ཡོད་ན། དྲང་བདེན་དང་རང་དབང་ལ་དགའ་བའི་རྒྱལ་ཁབ་དང་ཚོགས་སྡེ། དཔོན་རིགས་དང་གང་ཟག་སྒེར་བཅས་ཚང་མས་རྒྱལ་གཅེས་ཕུལ་བྱུང་དཔའ་བོ་རུང་རྒྱས་ཨ་གྲགས་གཙོས་བདེནཔའི་ཆེད་རང་ཉིད་བློས་བཏང་གནང་བའི་བོད་ཀྱི་དཔའ་བོ་དཔའ་མོ་ཚོར་བདེན་རྒྱབ་དཔུང་རོགས་ཡོང་བའི་རེ་སྐུལ་ཞུ་ནན་ཆེ་བཞིན་ཡོད།
བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ནས་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡ ཉིན།།