ཉེ་སྔོན་རྒྱ་གཞུང་ཉེན་རྟོག་པས་ཁམས་འབྲི་རུ་རྫོང་ཁོངས་ནས་རང་ལོ་ ༡༦ ཡིན་པའི་བསོད་ནམས་རྡོ་རྗེ་ལགས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་གི་གནས་ཚུལ་ཅི་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ད་ལྟའི་ཁོངས་ལྟར་བྱས་ན། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ཆགས་རྩེ་ཞང་དིས་ཐག་གྲོང་ཚོ་ལྔ་པའི་ཚེ་སྐྱོབ་ཚང་གི་བུ། རང་ལོ་ ༡༦ ཡིན་པའི་བསོད་ནམས་རྡོ་རྗེ་ལགས་ཀྱིས། ༢༠༡༣ ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་གྱི་དགོང་མོར། རྒྱ་དམར་གྱིས་བཙུགས་པའི་རིག་གནས་ཁང་ཞེས་པའི་ཁང་པ་ཞིག་ཡོད་པ་དེའི་ནང་། རྒྱ་གཞུང་གི་ལས་བྱེད་རྣམས་གཉིད་ཁུག་ཡོད་པའི་སྐབས་དང་བསྟུན་ནས། ཁང་པའི་ཕྱི་རོལ་གྱི་གྱང་ངོས་སུ་༼བོད་ལ་རང་དབང་མེད་༽ ཅེས་ཡི་གེ་བྲིས་ཤིང་། གཤམ་ཏུ་ཁོ་རང་ཉིད་ཀྱི་མིང་ཡང་བཀོད་ཡོད་འདུག
དེ་རྗེས། ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན། རྒྱ་གཞུང་གིས་བསོད་ནམས་རྡོ་རྗེ་ལགས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་ཁོང་ས་གནས་གང་ཞིག་ཏུ་བཀག་ཉར་དང་། ཁོང་ལ་ནག་ཉེས་ཅི་ཞིག་བཙུགས་ཡོད་མེད། ཁོང་གི་གཟུགས་པོའི་གནས་སྟངས་སོགས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།