རྒྱ་གཞུང་གིས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་ངོས་འཛིན་བྱས་ཡོད་པ་མ་ཟད། ཆུའི་མཆོད་རྟེན་དུ་བསྔགས་བཞིན་པའི་གཙང་གསུམ་རང་བྱུང་སྲུང་སྐྱོབ་ཁུལ་དུ། ས་གནས་དཔོན་རིགས་ངན་འབྲེལ་ཐོག་གཏེར་ཀ་བསྔོག་འདོན་བྱས་ཏེ། བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་བཟོ་བཞིན་པ་དེར། ས་གནས་བོད་རིགས་མང་ཚོགས་ཀྱིས་བཀག་འགོག་བྱས་ཡོད་ཀྱང་། རྒྱ་གཞུང་གིས་དྲག་ཆས་དམག་མི་ཆེད་གཏོང་གིས་མང་ཚོགས་ལ་དྲག་གནོན་གཅར་རྡུང་བྱས་ཡོད་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༣ ཉིན་ཁམས་ཡུལ་ཤུལ་ཁུལ་དགེ་འབྲོང་རྫ་སྟོད་རྫོང་ཨ་སྟོད་དང་། སྤྱི་རྫ། རྫ་ཆེན་ཡུལ་ཚོ་བཅས་སུ་ས་གནས་ཁག་གསུམ་དུ་རྒྱ་གཞུང་གི་གཏེར་བརྐོ་རྒྱ་མི་ཕོན་ཆེན་འབྱོར་ཏེ། ས་ཁུལ་དེ་དག་ནང་གཏེར་ཁ་བསྔོག་མགོ་བརྩམས་ཡོད་སྟབས། ས་གནས་བོད་རིགས་མང་ཚོགས་ཀྱིས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཆེད་མི་མང་འདུ་འཛོམས་ཐོག་གཏེར་བསྔོག་རྒྱུར་བཀག་འགོག་བྱས་ཡོད་ཀྱང་། ཕྱི་ཚེས་ ༡༦ རྒྱ་གཞུང་གིས་དམག་དྲས་དམག་མི་དང་ཉེན་རྟོག་པ་ཕོན་ཆེན་བཏང་སྟེ། མང་ཚོགས་ཀྱི་ཐོག་མིག་སྦྲིད་བྱེད་ཀྱི་དུག་མདའ་བརྒྱབ་རྗེས་གཅར་རྡུང་དྲག་གནོན་བྱས་ཡོད་པ་མ་ཟད། མང་ཚོགས་སྐོར་ཅིག་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག ས་གནས་མང་ཚོགས་ཀྱི་བརྗོད་ན་རྒྱ་མི་ས་ཁམས་ཆེད་མཁས་པས་འཚོལ་བཤེར་བརྒྱུད་ས་ཁུལ་དེར་རིན་གོང་བྲལ་བའི་ཕ་ལམ་དཀར་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག
དེ་ཡང་། ཕྱི་ཚེས་ ༡༣ ཉིན་ལོ་མ་རྫ་ཆེན་ཕྱོགས་ཀྱི་རི་བོ་ར་འདྲའི་མགར་བ་མཆེད་བརྒྱད་ཕྱོགས་སུ་གཏེར་བརྐོ་རྒྱ་མི་ ༡༠༠ ཙམ་དང་། སྤྱི་རྫ་ས་ཆུང་གཞུང་ལ་སྔོན་ཕུ་ཕྱོགས་སུ་གཏེར་བརྐོ་རྒྱ་མི་ ༢༠༠ ཙམ། ཨག་སྟོད་སྟོང་དཔོན་རྡོ་རྗེ་རབ་བརྟན་ཕྱོགས་སུ་གཏེར་བརྐོ་རྒྱ་མི་ ༡༥༠ ཙམ་བཅས་ཆེད་གཏོང་བྱས་ཏེ་ཁ་བརྐོ་རྩིས་བྱེད་བཞིན་པར་བརྟེན། རྫ་ཆེན་དུ་ས་གནས་བོད་རིགས་མང་ཚོགས་ ༡༠༠༠ ཙམ་དང་། ཨག་སྟོད་དུ་མང་ཚོགས་ ༡༢༠༠ ཙམ། སྤྱི་རྫ་ལ་མང་ཚོགས་ ༡༥༠༠ བཅས་འདུ་འཛོམས་ཐོག ས་གནས་སོ་སོར་གཏེར་ཁ་བསྔོག་རྒྱུ་བཀག་འགོག་བྱས་ཡོད་སྟབས། སྐབས་འཕྲལ་ཙམ་ལ་རྒྱ་གཞུང་གིས་གཏེར་ཁ་བསྔོག་འདོན་བྱེད་མ་ཐུབ་པར་ལྷག་ཡོད་ཀྱང་། ཕྱི་ཚེས་ ༡༦ ཉིན་དྲག་ཆས་དམག་མི་དང་ཉེན་རྟོག་ཕོན་ཆེན་འབྱོར་ཏེ། གཏེར་ཁ་འགོག་སྲུང་བྱེད་མཁན་རྫ་ཆེན་བོད་རིགས་མང་ཚོགས་ལ། ཕྱིར་འབྱོལ་མ་བྱས་ཚེ་གསོད་བཟུང་དྲག་གནོན་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་སྐབས། ས་གནས་མང་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ་དེ་ནི། རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་ལ་འཛམ་གླིང་མི་གྲངས་དུང་ཕྱུར་བདུན་ཅུའི་ཚེ་སྲོག་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། ཁྱེད་ཚོས་དཔོན་ངན་ལག་འབྲེལ་བྱས་ཏེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་རྡོག་རོལ་གཏོང་རྒྱུར་འཚེར་སྣང་མེད་ན། ང་ཚོ་སོ་སོའི་ས་ཁུལ་དང་མི་མང་གི་ཆེ་དུ་འཆི་རྒྱུར་གནོང་འགྱོད་མེད་སྐོར་བརྗོད་དེ་མུ་མཐུད་ངོ་རྒོལ་བྱས་ཡོད་འདུག
དེ་རྗེས་རྒྱ་དམག་གིས་མང་ཚོགས་ཐོག་ཁ་མིག་སྦྲིད་བྱེད་ཀྱི་དུག་རླངས་འགད་རྫས་གཡུགས་ཏེ་མང་ཚོགས་དྲན་མེད་དུ་བརྒྱལ་བཅུགས་རྗེས། མི་ཡར་ལངས་མཁན་ཚང་མར་གློག་རྒྱུག་གིས་གཞུས་པ་དང་། མེ་མདའི་ཡུ་བས་མགོ་ལ་གཞུས་པ་སོགས་གཅར་རྡུང་དྲག་གནོན་གྱིས་མི་མང་པོར་རྨས་སྐྱོན་བཟོས་ཡོད་པ་མ་ཟད། བོད་ནང་གི་ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་ལ་ཨག་སྟོད་དུ་གཏེར་ཁ་འགོག་སྲུང་བྱེད་མཁན་མང་ཚོགས་ཐོག་དྲག་གནོན་བྱས་ཡོད་པ་དང་། དྲག་དམག་དཔུང་ཤོག་དེ་ཕྱི་ཚེས་ ༡༧ ཉིན་སྤྱི་རྫའི་ཕྱོགས་སུ་མང་ཚོགས་ལ་དྲག་གནོན་བྱེད་པར་བསྐྱོད་འདུག
ཉེ་ལམ་རྒྱ་གཞུང་གིས་མི་མང་གི་སྣེ་འཁྲིད་པ་ཡིན་པའི་ཉེས་འཛུགས་འོག རྫ་ཆེན་རྒྱལ་མཚན་དང་བསྟན་འོད། ཨག་སྟོད་ཁེ་ཚ་བསོད་རྡོར་དང་། ན་ག་བུ་རྫི། གཡག་སྦྲའི་ཁྲ་རྦོ། སྤྱི་རྫ་ཁྲོམ་པའི་བུ་ཁྲ་བཅས་ལ་འཇུ་བཟུང་བྱ་རྒྱུའི་ཉེན་བརྡ་བཏང་ཡོད་པ་ལྟར། སྔ་ཕྱིར་གཏེར་ཁ་འགོག་སྲུང་བྱེད་མཁན་བོད་མི་ཕོ་མོ་ ༨ ཙམ་འཇུ་བཟུང་བྱས་ཡོད་པ་མ་ཟད། ཁེ་ཚ་བསོད་རོད་ལགས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། སོག་པོ་ཆོས་འགྲུབ་ན་ཟུག་མ་ཆགས་པར་སོ་སོའི་གཟུགས་པོར་གྲིས་ཐེངས་གཉིས་ལ་བརྒྱབ་སྟེ་རང་སྲོག་གཅོད་རྩིས་བྱས་རྗེས། རྒྱ་གཞུང་གི་དམག་མིས་བཙན་འཁྲིད་བྱས་ཡོད་འདུག
ཕྱི་ལོ་ ༢༠༡༢ ཟླ་ ༧ པའི་ནང་རི་བོ་རྫ་ཆེན་མགར་བ་མཆེད་བརྒྱད་དུ། རྒྱ་མི་གཏེར་བརྐོ་བ་མང་པོ་བསླེབས་ནས་གཏེར་བསྔོག་འདོན་བྱ་རྩིས་བྱས་པར། ས་གནས་མང་ཚོགས་ཀྱིས་བཀག་འགོག་བྱས་སྐབས། རྒྱ་གཞུང་གིས་ས་གནས་མི་མང་སུས་གཏེར་ཁ་སྔོག་རྒྱུར་བཀག་འགོག་བྱས་ཚེ་འཛིན་བཟུང་བྱ་རྒྱ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད། རྗེས་སུ་གཏེར་ཁ་སྔོག་བྱེད་ཀྱི་འཕྲུལ་ཆས་ལ་ཐོག་གིས་བརྒྱབ་སྟེ་གཏོར་སྐྱོན་བྱུང་བར་བརྟེན་ལོ་དེར་གཏེར་ཁ་སྔོག་མ་ཐུབ་པར་ལྷག་པ་རེད།
རྒྱ་གཞུང་གིས་ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་རྒྱ་གཞུང་གིས་འབྲུ་ཆུ་དང་རྨ་ཆུ། རྫ་ཆུ་བཅས་གཙང་པོ་གསུམ་གྱི་མགོ་ཁུངས་སུ་གྱུར་ཡོད་པའི་མགོ་ལོག་དང་། མཚོ་ལྷོ། རྨ་ལྷོ། ཡུལ་ཤུལ་བཅས་བོད་རིགས་རང་སྐྱོང་ཁུལ་བཞིའི་རྫོང་ཁག་མང་པོ་དང་། ན་གོར་མོ་གྲོང་ཁྱེར་གྱི་གདངས་ལ་ཞང་བཅས་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་ ༣༠་༢༥ ཟིན་ཡོད་ས་ཁོངས་རྫོགས་ནི། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་ངོས་འཛིན་བྱས་ཐོག སྐབས་དེའི་རྒྱ་གཞུང་གི་སྲིད་འཛིན་ཅཱང་ཙེ་མཱིན་གྱིས་༼གཙང་གསུམ་མགོ་ཁུངས་རང་བྱུང་སྲུང་སྐྱོབ་ཁུལ༽ ཞེས་པའི་མིང་བྱང་བྲིས་ཏེ། ས་ཁུལ་དེ་དག་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་འཛུགས་བསྐྲུན་བྱ་རྒྱུ་ཡིན་སྐོར་བསྒྲགས།
དེ་བཞིན། རྒྱ་གཞུང་རྨ་འབྲི་གཙང་བོ་མཉམ་ལས་བཟོ་གྲྭའི་ཉམས་ཞིབ་རྩོམ་ཡིག་ཅིག་གི་ནང་དུ། རྒྱ་གཞུང་གིས་གཙང་གསུམ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རྩྭ་ཐང་ཉམ་ཆགས་ཏུ་ཕྱིན་ཏེ་བྱེ་ཐང་དུ་འགྱུར་བཞིན་པ་དང་། གཙང་བོའི་འབབ་རྒྱུན་ཇེ་ཉུང་དུ་འགྲོ་བཞིན་པ་སོགས་སྲུང་སྐྱོབ་ཆེད། ཕྱི་ལོ་ ༢༠༠༦ ལོ་ནས་བཟུང་ས་ཁུལ་དེ་དག་ནང་འབྲོག་སྡེ་ཁྱིམ་ཚང་ཁྲི་ ༤ ཙམ་གནས་སྤོར་བྱ་འཆར་དང་། མ་འོངས་པའི་ལོ་ ༥ ནང་གཙང་གསུམ་ས་ཁུལ་གྱི་སྲུང་སྐྱོབ་ས་གནས་གལ་ཆེན་དག་མི་མེད་ས་སྟོང་བཟོ་རྒྱུའི་འཆར་བཀོད་གཏོང་བཞིན་པའི་བརྗོད་ཡོད་པ་རེད།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ཁྲིམས་གཞི་དོན་ཚན་ ༧ པའི་ནང་། རྫོང་རིམ་པ་ཡན་ཆད་ཀྱི་མི་དམངས་སྲིད་གཞུང་གིས་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ལས་དོན་ལ་མགོ་ཁྲིད་དེ་ཤུགས་རྒྱག་དགོས་པ་དང་། ལས་ཁུངས་དང་མི་སྒེར་ཚང་མས་རང་བྱུང་སྲུང་སྐྱོབ་ས་ཁུལ་ནང་རབ་བྱུང་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་ཀྱི་འགན་ཡོད་པ་མ་ཟད། རང་བྱུང་སྲུང་སྐྱོབ་ཁུལ་ལ་གཏོར་སྐྱོན་དང་སྒེར་གཅོད་བྱེད་མཁན་ལས་ཁུངས་དང་མི་སྒེར་བཅས་གོར་རིམ་ལ་གཏུགས་བཤེར་བྱེད་པའི་ཐོབ་ཐང་ཡོད་པ་བཀོད་ཡོད་ལ། དེ་བཞིན། དོན་ཚན་ ༢༦ པའི་ནང་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་ཤིང་ནགས་གཅོད་འབྲེག་དང་། ཕྱུག་ཟོག་འཚོ་སྐྱོང་། རི་དྭགས་རྔོན་པ། སྨན་རྩྭ་བརྐོ་བ། ཉ་རིགས་འཇུ་བཟུང་། བཟོ་བསྐྲུན་འཛུགས་པ། རྩི་ཤིང་མེར་བསྲེགས་གཏོང་བ། གཏེར་ཁ་བསྔོག་པ། བྲག་རྡོ་དང་ཟགས་མ་བརྐོ་བ་སོགས་བྱེད་མི་ཆོག་པ་བརྗོད་ཡོད་པ་རེད།
རྒྱ་ནག་གི་རང་བྱུང་ཁོར་ཡུག་ཉམས་ཞིབ་པ་དག་གིས་ཀྱང་། གཙང་གསུམ་རང་བྱུང་སྲུང་སྐྱོབ་ཁུལ་དུ་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིགས་ ༤༠ དང་སྔོ་སྨན་རིགས་ ༨༠༠ ཡོད་པ་མ་ཟད། རྒྱ་ནག་གི་ཆུའི་མཆོད་རྟེན་དུ་གྱུར་ཡོད་ལ། གཙང་གསུམ་འབབ་བརྒྱུད་ས་ཁུལ་དག་ནི་མི་གྲངས་དུང་ཕྱུར་འགའི་འཚོ་རྟེན་དུ་གྱུར་ཡོད་ཚུལ་དང་།
རྒྱ་གཞུང་གིས་ལོ་ངོ་ ༢༠ རྗེས་སུ་སྔར་གྱི་རང་བྱུང་ཁོར་ཡུག་གི་གནས་བབ་བསྐྱར་གསོ་བྱ་ཐུབ་པ་བྱེད་རྒྱུ་ཡིན་པ་བརྗོད་ཡོད།
ཡིན་ནའང་། དོན་དངོས་ཐོག་ས་གནས་རྒྱ་གཞུང་གིས་ས་ཁུལ་དེ་དག་གི་འབྲོག་སྡེ་རྣམས་རྒྱ་གྲོང་དུ་ཕབ་རྗེས། ས་གནས་སྲིད་གཞུང་དང་ཁེ་ལས་པ་གཉིས་ངན་པ་ལག་འབྲེལ་བྱས་ཏེ་གཏེར་ཁ་བསྔོག་འདོན་གྱིས། གཙང་གསུམ་རང་ལུང་སྲུང་སྐྱོབ་ས་ཁུལ་ལ་གཏོར་སྐྱོན་དང་། རྒྱ་གཞུང་གི་རང་བྱུང་སྲུང་སྐྱོབ་ཁྲིམས་གཞི་ལ་རྡོག་རོལ་གཏོང་བཞིན་ཡོད་པ་མ་ཟད། ས་གནས་བོད་རིགས་མང་ཚོགས་རང་ངོས་ནས་རང་བྱུང་སྲུང་སྐྱོབ་བྱས་པ་དེ་ནི། སྲིད་གཞུང་ལ་ངོ་རྒོལ་དང་སྤྱི་ཚོགས་ལ་ཟིང་ཆ་ལྷིང་བའི་ཉེས་འཛུགས་བྱས་ཏེ། བཙན་དབང་གིས་དྲག་གནོན་དང་འཇུ་བཟུང་བཀག་ཉར་སོགས་བྱེད་བཞིན་ཡོད།