འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་དུ་བསྟན་འཛིན་རང་གྲོལ་གཙོས་བོད་མི་ ༡༠ ལྷག་འཇུ་བཟུང་བྱས་འདུག

རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་གར་སོང་ཆ་མེད་དུ་གྱུར་པའི་བསྟན་འཛིན་རང་གྲོལ།
རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་གར་སོང་ཆ་མེད་དུ་གྱུར་པའི་བསྟན་འཛིན་རང་གྲོལ།

རྒྱ་གཞུང་གིས་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་གྱི་བསྟན་འཛིན་རང་གྲོལ་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་གྱུར་ཡོད་པ་མ་ཟད། ཁོང་གློད་ཡོང་བར་རེ་སྐུལ་ཞུ་མཁན་མང་ཚོགས་ཁྲོད་ནས་མི་བཅུ་གྲངས་ཤིག་འཇུ་བཟུང་དང་། གཞན་རྣམས་ཀྱང་འཇུ་བཟུང་བྱ་སྲིད་པའི་འཇིགས་སྐུལ་དང་། མི་རིགས་ལ་གཉའ་གནོན་དང་ཁྱད་གསོད་ཀྱི་སྡིག་ར་སྣ་ཚོགས་སྐུལ་ཡོད་འདུག

ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༨ ཉིན་གྱི་ཞོགས་པར། འབྲི་རུ་རྫོང་ཤག་ཆུ་གྲོང་བརྡལ་ནས་ཡིན་པའི་བསྟན་འཛིན་རང་གྲོལ་གྱིས་བུ་ཕྲུག་སློབ་གྲྭར་བསྐྱལ་ཏེ་ཕྱིར་ལོག་པའི་ལམ་བར་ནས། རྒྱ་གཞུང་ཉེན་རྟོག་པས་ཁོང་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་འདུག བསྟན་འཛིན་རང་གྲོལ་ནི་རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ས་ཁོངས་ལྟར་ན། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་གྱི་གྲོང་ཚོ་བཞི་པའི་ཡིན་པ་དང་། ཁོང་ད་ལྟ་རང་ལོ་ ༣༤ ཡིན་པ་རེད། ཁོང་གི་བཟའ་ཟླ་མིང་ལ་ཚེ་རིང་པད་འཛོམས་དང་རང་ལོ་ ༢༦ ཡིན་འདུག ཁོང་གཉིས་ལ་བུ་ཕྲུག་གསུམ་ཡོད་པ་དང་། ཁྱིམ་ཚང་གི་འཚོ་རྟེན་གཙོ་བོ་ནི་སྒེར་གཉེར་ཚོང་ལས་ལ་བརྟེན་གྱི་ཡོད་འདུག

ས་གནས་ཡུལ་མི་རྣམས་ཤག་ཆུ་གྲོང་རྡལ་དུ་མི་གློད་བཀྲོལ་དགོས་པའི་ཞུ་སྐུལ་བྱེད་དུ་འགྲོ་བཞིན་པ།
ས་གནས་ཡུལ་མི་རྣམས་ཤག་ཆུ་གྲོང་རྡལ་དུ་མི་གློད་བཀྲོལ་དགོས་པའི་ཞུ་སྐུལ་བྱེད་དུ་འགྲོ་བཞིན་པ།

ཕྱི་ཚེས་ ༡༩ ཉིན་བསྟན་འཛིན་རང་གྲོལ་དང་གྲོང་པ་གཅིག་ཡིན་པའི། གྲོང་ཚོ་བཞི་པའི་མི་ ༤༠ ཙམ་དང་། དེ་བཞིན། ཉེ་འདབས་ཀྱི་གྲོང་ཚོ་གཞན་དག་བཅས་གྲོང་ཚོ་ཁག་ལྔ་ནས་བོད་མི་བརྒྱ་སྐོར་ཅིག་ཤག་ཆུ་གྲོང་རྡལ་དུ་ཕྱིན་ཏེ། བསྟན་འཛིན་རང་གྲོལ་གློད་བཀྲོལ་གཏོང་དགོས་པའི་རེ་སྐུལ་ཞུས་ཡོད་པ་མ་ཟད། ཉིན་དེའི་མཚན་མོ་ས་གནས་སྲིད་གཞུང་གི་སྒོ་ཁར་ཉལ་དེ་ཞི་བའི་ངོ་རྒོལ་བྱས་ཡོད་ཀྱང་། མཚན་མོ་དེར་དམག་གིས་མང་ཚོགས་ཀྱི་མཐའ་སྐོར་ཏེ། མི་རེ་རེ་བཞིན་མཛུབ་ཐེལ་མནན་བཅུག་རྗེས། ཕྱིར་མ་སོང་ཚེ་འགྲོ་ས་གཞན་གཅིག་མ་གཏོགས་མེད་ཅེས་འཇིགས་སྐུལ་བྱས་ཏེ། མང་ཚོགས་རྣམས་ཕྱིར་འགྲོ་རུ་བཅུག་ཡོད་འདུག

ས་གནས་རྒྱ་གཞུང་གིས་མང་ཚོགས་ཀྱི་རེ་སྐུལ་སྣང་མེད་དུ་བཞག་ཐོག རེ་སྐུལ་ཞུ་བར་ཡོང་མཁན་གྲོང་ཚོ་བཞི་པའི་མི་ ༤༠ ཁྲོད་ནས་། ཞོ་དར་དང་རྡོར་རྒྱལ། ལྷ་མོ། སྐལ་བཟང་རྣམ་གྲོལ། སྨན་རྒྱལ། བཟང་མོའི་བུ་སོགས་སྔ་ཕྱིར་མི་བཅུ་གྲངས་ཙམ་འཇུ་བཟུང་བྱས་ཡོད་པ་དང་། དེ་འཕྲོས་ཀྱི་མི་རྣམས་ཀྱང་འཇུ་བཟུང་བྱ་སྲིད་པའི་འཇིགས་སྐུལ་བྱས་ཡོད་འདུག ཡིན་ནའང་། རྒྱ་གཞུང་གིས་ཁ་པར་དང་དྲ་རྒྱ་སོགས་བརྒྱུད་ལམ་ཡོངས་རྫོགས་ལ་བཀག་སྡོམ་ནན་མོ་བྱས་ཡོད་སྟབས། ད་ལྟའི་ཆར་མི་གཞན་པ་འཇུ་བཟུང་བྱས་ཡོད་མེད་དང་། གནས་ཚུལ་ག་རེ་ཆགས་ཡོད་མེད་ཤེས་རྟོགས་ཐུབ་ཁག་པོ་ཆགས་ཡོད་པ་རེད།

རྒྱ་དམག་གིས་ཞུ་བའི་རེ་སྐུལ་ཞུ་མཁན་མང་ཚོགས་མཐའ་སྐོར་ཏེ་འཇིགས་ར་སྐུལ་བཞིན་པ།
རྒྱ་དམག་གིས་ཞུ་བའི་རེ་སྐུལ་ཞུ་མཁན་མང་ཚོགས་མཐའ་སྐོར་ཏེ་འཇིགས་ར་སྐུལ་བཞིན་པ།

འདི་གར་གནས་ཚུལ་འབྱོར་བ་ལྟར་ན། ཤག་ཆུ་གྲོང་རྡལ་དུ་མང་ཚོགས་ཀྱིས་མི་གློད་བཀྲོལ་ཡོང་ཞུ་སྐུལ་སྐབས། ས་གནས་མང་ཚོགས་ཀྱིས་ “ ཉེས་མེད་འཇུ་བཟུང་བྱས་པའི་བསྟན་འཛིན་རང་གྲོལ་གློད་དགོས། ང་ཚོར་རྒྱལ་ཁབ་ཁ་བྲལ་གྱི་ཞ་མོ་མ་གཡོགས། ང་ཚོར་གནས་ལུགས་རྒྱུ་མཚན་ཞུ་ས་མེད་པ་བཟོ་བཞིན་འདུག” ཅེས་རེ་སྐུལ་ཞུས་པར། སྐབས་དེར་ནག་ཆུ་གྲོང་ཁྱེར་གྱི་མགོ་ཁྲིད་ཞིག་སླེབས་ཏེ། “ཁྱོད་ཚོ་ནི་སྒོ་ང་བྲག་ལ་བརྡབ་པ་དང་གཅིག་མཚུངས་རེད། ལྔ་བཅུ་ང་དགུ་དང་དྲུག་ཅུ་རེ་དགུ་ནང་བཞིན་བཟོ་ཡི་ཡིན།” ཞེས་བརྗོད་དེ། མང་ཚོགས་ཀྱི་གདོང་ལ་མཛུབ་མོ་ཀེར་ཏེ་མི་རིགས་ལ་ཁྱད་གསོད་དང་གཉའ་གནོན་གྱི་སྡིག་ར་མང་པོ་སྐུལ་ཡོད་འདུག

to top