འབྲི་རུ་རྫོང་ཡང་བསྐྱར་བོད་མི་ ༡༧ སྔ་ཕྱིར་འཇུ་བཟུང་བཙན་འཁྲིད་བྱས་འདུག

རྒྱ་གཞུང་གི་འཇུ་བཟུང་བཀག་ཉར་བྱས་པའི་རང་ལོ་ ༢༡ ཡིན་པའི་བཀྲ་རྡོར་དང་། རང་ལོ་ ༢༡ ཡིན་པའི་ཚེ་རིང་ཕུན་ཚོགས་གཉིས།
རྒྱ་གཞུང་གི་འཇུ་བཟུང་བཀག་ཉར་བྱས་པའི་རང་ལོ་ ༢༡ ཡིན་པའི་བཀྲ་རྡོར་དང་། རང་ལོ་ ༢༡ ཡིན་པའི་ཚེ་རིང་ཕུན་ཚོགས་གཉིས།

ཉེ་ཆར་རྒྱ་གཞུང་གིས་བཙན་དྲག་གིས་འབྲི་རུ་རྫོང་དུ་སྤེལ་བཞིན་པའི་དམར་ཤོག་ལམ་ཕྱོགས་སློབ་གསོའི་ལས་འགུལ་ལ།  ས་གནས་བོད་མི་མང་ཚོགས་ཀྱིས་ཞི་བའི་ངོ་རྒོལ་རིམ་པར་བྱུང་རྗེས། རྒྱ་གཞུང་གིས་མེ་དམའ་དང་དུག་རླངས་སོགས་དྲག་ཆས་སྤྱད་དེ་ཁྲག་དྲི་བྲོ་བའི་དྲག་གནོན་དང་འཇུ་བཟུང་བཀག་ཉར་གྱི་གནས་ཚུལ་གཅིག་འཕྲོར་གཉིས་མཐུད་ཀྱིས་བྱུང་བཞིན་པ་ལྟར།  ཕྱི་ལོ་ ༢༠༡༣ ཟླ་ ༢ ནས་ ༣ བར་བོད་ཤར་ཕྱོགས་ཁམས་ནགས་ཤོད་འབྲི་རུ་རྫོང་གཤམ་ཆུ་ཤང་དུ། སྔ་ཕྱིར་བོད་མི་ ༡༥ འཇུ་བཟུང་བཙན་འཁྲིད་དང་། ཉེ་སྔོན་བོད་མི་ ༢ བཅས་ཁྱོན་བསྡོམས་མི་ ༡༧ འཇུ་བཟུང་བཀག་ཉར་བྱས་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན།  རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ད་ལྟའི་ས་ཁོངས་ལྟར་བྱས་ན། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་གཤམ་ཆུ་ཤང་སྟེང་མཁར་གྲོང་ནས།  ཟླ་འདིའི་ཕྱི་ཚེས་ ༣ གྱི་མཚན་མོ་ནས་ཚེས་ ༤ ཉིན་བར། རྒྱ་གཞུང་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པས་སྔ་ཕྱིར་བོད་མི་ ༡༥ འཇུ་བཟུང་བཙན་འཁྲིད་བྱས་འདུག

རྒྱ་གཞུང་གི་འཇུ་བཟུང་བཀག་ཉར་འོག་ཚུད་མཁན་གྲས་སུ་བུད་མེད ༣ ཡོད་པ་རེད།  ཁོང་གསུམ་ནི་རང་ལོ ༤༩ ཡིན་པའི་གསར་སྐྱིད།  རང་ལོ ༤༧ ཡིན་པའི་མཚོ་ཕན།  རང་ལོ ༢༥ ཡིན་པའི་གཡང་སྐྱིད་བཅས་ཡིན་པ་དང་། གཞན་པའི་སྐྱེས་པ་བཅུ་གཉིས་ནི་རང་ལོ ༢༢ ཡིན་པའི་ཚེ་རིང་།  རང་ལོ ༢༡ ཡིན་པའི་ཚེ་རིང་ཕུན་ཚོགས།  རང་ལོ ༢༡ ཡིན་པའི་བཀྲ་རྡོར།  རང་ལོ ༡༧ ཡིན་པའི་ཀུན་གྲགས།  རང་ལོ ༤༡ ཡིན་པའི་དགའ་སྦུག  རང་ལོ ༢༢ ཡིན་པའི་བསྟན་པ།  རང་ལོ ༢༧ ཡིན་པའི་ཐུབ་ཆེན།  རང་ལོ ༢༥ ཡིན་པའི་བསོད་བཀྲ། རང་ལོ་ ༢༡ ཡིན་པའི་ཚེ་རིང་བྱང་ཆུབ། རང་ལོ་ ༢༣ ཡིན་པའི་འཇིགས་མེད་ཕུན་ཚོགས། རང་ལོ་ ༢༤ ཡིིན་པའི་ལམ་བཟང་། རང་ལོ་ ༡༩ ཡིན་པའི་ཚེ་དབང་ལྷ་སྐྱབས་སོགས་ཡིན་འདུག

གོང་གསལ་འཇུ་བཟུང་བྱས་པའི་མི་རྣམས་ཀྱི་གྲས་ནས།  གསར་སྐྱིད་ནི་བུ་ཕྲུག་གཉིས་ཀྱི་ཨ་མ་ཡིན་ལ།  ཁོང་གི་བུ་ལམ་བཟང་དང་ཚེ་དབང་ལྷ་སྐྱབས་བཅས་ཁྱིམ་ཚང་གཅིག་ནས་ནང་མི་གསུམ་འཇུ་བཟུང་བཙན་འཁྲིད་འོག་ཚུད་ཡོད་པ་རེད།

བོད་མི་དེ་དག་འཇུ་བཟུང་བཀག་ཉར་བྱ་དགོས་པའི་རྒྱུ་མཚན་ནི།  འདི་ལོའི་ཕྱི་ཟླ་ ༡༠ པའི་ཚེས ༡༡ དང ༡༢ ཉིན་གཉིས་ལ།  འབྲི་རུ་བོམ་ཕན་སྟེང་མཁར་གྲོང་ནས་ཡིན་པའི་གཞོན་སྐྱེས་རྩོམ་པ་པོ་ཚུལ་ཁྲིམས་རྒྱལ་མཚན་ ( ཞོགས་དྲིལ ) དང་། ཁོང་གི་གྲོགས་པོ་གཡུལ་རྒྱལ་གཉིས་འཛིན་བཟུང་བྱས་ཏེ།  ད་ལྟའི་བར་ཉིན་ཉེར་དྲུག་ཙམ་སོང་ཡོད་མོད།  རྒྱ་གཞུང་གིས་ནང་མི་ཉེ་འབྲེལ་སུ་གང་ཡང་ཐུག་འཕྲད་བྱེད་མ་བཅུག་པར།  གར་ཁྲིད་གང་ཡོད་ཀྱི་གནས་ཚུལ་ཙམ་ཡང་ཤེས་རྟོགས་མ་ཐུབ་པར་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།

གནས་ཚུལ་དེས་རྐྱེན་གྱིས་གྲོང་པའི་མི་མང་པོ་སྔ་ཕྱིར་ཤང་སྲིད་གཞུང་དང་རྫོང་སྲིད་གཞུང་བཅས་ལ་བཅར་ནས་སྐད་ཆ་དྲིས་པ་དང་། ཁོང་གཉིས་ལ་ཉེས་པ་ཅི་གང་མེད་པས་གློད་བཀྲོལ་གཏོང་དགོས་པའི་རེ་བ་ཞུས་མོད་དོན་འབྲས་ཅི་གང་བྱུང་མེད་པ་རེད།  དེ་རྗེས་ས་གནས་སྲིད་གཞུང་གིས་མང་ཚོགས་མང་པོ་མཉམ་ཅིག་ཏུ་ཞུ་གཏུག་འགྲོ་རྒྱུ་བཀག་སྟེ།  མི་ལྔ་ཡན་མཉམ་དུ་འདུས་ནས་ཡར་ཞུ་བྱས་ན་ཆབ་སྲིད་གནད་དོན་ལ་ཁག་དཀྲི་བྱས་ཤིང་། གལ་སྲིད་གནད་དོན་དེ་ངེས་པར་ལབ་དགོས་ཚེ་ཡིག་ཐོག་ནས་ཁྱེར་ཡོང་དགོས་ཚུལ་ཡོད་སྟབས།  ས་གནས་མང་ཚོགས་དེ་དག་གིས་བསམ་འཆར་ཡི་གེར་བྲིས་ཏེ་རྫོང་དང་ཤང་སྲིད་གཞུང་ལ་ཡར་ཞུ་བྱས་ཡོད་པ་རེད། ཡིན་ནའང་། ས་གནས་རྒྱ་གཞུང་རིམ་པས་ཕྱིར་མང་ཚོགས་ལ་བརྡ་ལན་གང་ཡང་མ་སྤྲད་པར་སྣང་མེད་དུ་གཡུགས་ཡོད་པ་རེད།

དེ་ལྟར་ས་གནས་མང་ཚོགས་ཚོས་ཉིན་མང་པོའི་རིང་ས་གནས་སྲིད་གཞུང་ལ་ཡིག་ངག་གཉིས་ཐོག་ནས་ཡར་ཞུ་ལན་མང་བྱས་མཐར།  ཟླ་འདིའི་ཕྱི་ཚེས་ ༣ ཉིན་སྟེ་རེས་གཟའ་ཉི་མའི་ཉིན།  རྫོང་དང་ཤང་བཅས་ནས་ལས་བྱེད་མི་སྣ་མང་པོས་གཤམ་ཆུ་ཤང་ངམ་སྟེང་མཁར་གྲོང་དུ་མང་ཚོགས་ཡོངས་བསྐངས་ནས།  རྒྱལ་གཅེས་བསམ་བློའི་སློབ་གསོའི་ཚོགས་འདུ་ཚོགས་ཡོད་པ་རེད།  སྐབས་དེར་མང་ཚོགས་ཁ་ཤས་ཀྱིས་བསམ་འཆར་ཞུས་ཡོད་ཀྱང་ཉན་འཇོག་བྱས་མེད་སྟབས།  དེའི་དགོང་མོ་སྟེང་མཁར་གྲོང་གི་བུད་མེད་མཚོ་ཕན་དང་།  གསར་སྐྱིད།  གཡང་སྐྱིད་བཅས་གྲོང་ཚོ་བཅའ་སྡོད་ལས་དོན་རུ་ཁག་གི་ལས་བྱེད་ཞི་བདེ་སོགས་ཀྱི་སྡོད་གནས་སུ་སོང་ནས།  རྩོམ་པ་པོ་ཞོགས་དྲིལ་དང་ཁོང་གི་གྲོགས་པོ་གཡུལ་རྒྱལ་གཉིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་འགལ་མེད་ལུགས་ཚོར་ཤུགས་དྲག་པོས་བརྗོད་དེ། གལ་སྲིད་ཁོ་གཉིས་རྩ་ཁྲིམས་ལ་འགལ་ཡོད་ན། རྩ་ཁྲིམས་དོན་ཚན་གང་དང་གང་ལ་འགལ་ཡོད་མེད་དང་།  ནམ་རྒྱུན་ཁྲིམས་ཡིག་འདི་དང་འགལ་འདུག་ཅེས་བཤད་རྒྱུ་མེད་པར།  མི་རྣམས་གང་བྱུང་འཛིན་བཟུང་བྱེད་པ་དེ་གཏན་ནས་འགྲིག་གི་མེད་ལུགས་ཁ་རྩོད་བརྒྱབས་པས།  ལས་བྱེད་དེ་དག་གིས་ཉེན་རྟོག་པ་སྐད་བཏང་ནས་བུད་མེད་དག་འཇུ་བཟུང་བྱེད་བཅུགས་འདུག  དེར་མ་ཟད་སྐབས་དེར་གྲོང་པའི་ཕོ་གསར་བཅུ་གྲངས་ཤིག་གྲོང་ཚོ་བཅའ་སྡོད་ལས་ཁུངས་ཕྱི་ལོགས་ནས་མཉམ་དུ་བསྡད་ཡོད་པ་རྣམས་ཀྱང་།  གློ་བུར་དུ་དམག་མི་སླེབས་ནས་ཆ་ཚང་འཛིན་བཟུང་བཙན་འཁྲིད་ཀྱིས་བཀག་ཉར་བྱས་ཡོད་འདུག

རང་ལོ ༢༧ ཡིན་པའི་ཐུབ་ཆེན། རང་ལོ ༡༧ ཡིན་པའི་ཀུན་གྲགས། རང་ལོ ༢༢ ཡིན་པའི་བསྟན་པ།
རང་ལོ ༢༧ ཡིན་པའི་ཐུབ་ཆེན། རང་ལོ ༡༧ ཡིན་པའི་ཀུན་གྲགས། རང་ལོ ༢༢ ཡིན་པའི་བསྟན་པ།

ཐེངས་འདིར་འཇུ་བཟུང་བྱས་པའི་མི་མང་ཆེ་བ་འབྲི་རུ་རྫོང་བཙོན་ཁང་དུ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། འགའ་ཤས་ས་གནས་གཞན་ལ་ཁྲིད་ཡོད་པ་རེད།  འཇུ་བཟུང་བྱས་ཟིན་པའི་མི་དེ་དག་རེ་རེ་བཞིན། རྫོང་གི་བཙོན་ཁང་ནས་སྤྱི་བདེ་ལས་ཁུངས་ལ་ཁྲིད་ནས་དྲག་པོའི་སྒོ་ནས་འདྲི་རྩད་རྡུང་རྡེག་ཚད་ལས་བརྒལ་བ་བྱེད་བཞིན་ཡོད་འདུག

གཟའ་ཟླ་བའི་ཉིན་མོ་སྟེ་ཕྱི་ཚེས ༤ ཉིན། འབྲི་རུ་རྫོང་ནས་དམག་མི་བརྒྱ་གྲངས་ཤིག་གྲོང་ཚོ་འབྱོར་བ་དང་།  ཁག་ཅིག་གིས་གྲོང་ཚོའི་འགྲམ་གྱི་རྒྱལ་མོ་རྔུལ་ཆུའི་བརྒྱུད་དུ་དམག་སྒར་བཏབ་ཡོད་པ་རེད།  ཉིན་དེ་ནས་བཟུང་གྲོང་ཚོའི་མི་སུ་གང་ས་རུབ་རྗེས་ཁྱིམ་ནས་སྒོ་ཕྱིར་ཐོན་ནས་གྲོང་པའི་ནང་གི་ལྷ་ཁང་དང་མ་ཎི་རྡོ་ཕུང་།  དེ་བཞིན་གྲོང་ཚོའི་སྒོ་མདུན་གྱི་རྩྭ་རང་ཐང་བཅས་ལའང་འགྲོ་བཅུག་གི་མེད་པར་བཀག་སྡོམ་དམ་དྲག་བྱེད་མགོ་བརྩམས་ཡོད་རེད།

ཕྱི་ཚེས་ ༦ ཉིན་བོད་རང་སྐྱོང་ལྗོངས་དྲག་ཆས་སྤྱི་ཁྱབ་རུ་ཁག་གིས།  འབྲི་རུ་རྫོང་གི་ཐང་ཆེན་དུ་དྲག་ཆས་དམག་དཔུང་གི་བསྒྲགས་གཏམ་ཚོགས་འདུ་བསྐངས་ཏེ།  དམག་དཔུང་གི་རུ་དཔོན་དག་གིས་འབྲི་རུ་རྫོང་བརྟན་སྲུང་ཁག་ལེན་སྐོར་གྱི་བསྒྲགས་གཏམ་བརྗོད་དེ།  དམིགས་བསལ་གྱི་བརྟན་སྲུང་འཐབ་ཇུས་འདྲ་མིན་རྔམས་སྟོན་བྱས་ཡོད་པ་མ་ཟད།  བོད་རང་སྐྱོང་ལྗོངས་དམར་ཤོག་རྒྱུན་ལས་དྲུང་ཆེ་གཞོན་པ་ཝུ་ཡུན་ཅའེ་ཡིས།  འབྲི་རུ་རྫོང་དུ་གནས་སྡོད་དྲག་ཆས་ཉེན་རྟོག་དམག་དཔུང་ལ་འཚམས་འདྲི་དང་བསྟོད་བསྔགས་བྱས་ཏེ།  རྒྱ་གཞུང་དམར་ཤོག་སྐབས་བཅོ་བརྒྱད་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་སྐབས། སྤྱི་ཚོགས་བརྟན་བརླིང་འབྲི་རུ་རྫོང་དུ་དྲག་གནོན་བཀག་སྡོམ་བྱས་པའི་བྱ་སྤྱོད་དེར་རྒྱབ་སྐྱོར་གྱིས།  མུ་མཐུད་དྲག་གནོན་བྱ་དགོས་པའི་རྣམ་འགྱུར་བསྟན་ཡོད་པ་རེད།

དེ་བཞིན། བོད་མི་གཞན་གཉིས་ཀྱང་ཉེ་སྔོན་རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་ཀྱིས་བཀག་ཉར་བྱས་ཡོད་འདུག  ཁམས་འབྲི་རུ་རྫོང་ཆགས་རྩེ་ཤང་གྲོང་ཚོ་ལྔ་པ་ནས་ཡིན་པའི་དཀོན་མཆོག་སྦྱིན་པ་ཉེ་ཆར་འཇུ་བཟུང་བྱས་ནས་ཉིན་ཉི་ཤུ་རྩ་གྲངས་ལྷག་ཕྱིན་ཡོད་པ་དང་།  ཆག་རྩེ་ཤང་གོང་མ་མདོ་ནས་ཡིན་པའི་དར་རྒྱས་ལགས་ཀྱང་འཇུ་བྱས་ནས་ཉིན་བཅུ་གྲངས་ཤིག་ཕྱིན་ཡོད་འདུག  ཡིན་ནའང་། ད་ལྟའི་ཆར་ཁོང་ཚོའི་གནས་སྟངས་ཅི་འདྲ་ཡོད་མིན་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། ཉེ་ཆར་འབྲི་རུ་རྫོང་དུ་དམར་ཤོག་མང་ཚོགས་ལམ་ཕྱོགས་སློབ་གསོར་མང་ཚོགས་རང་བཞིན་གྱི་ཞི་རྒོལ་བྱུང་ཡོད་པ་ལྟར། ཁོང་གཉིས་ཀྱང་དོན་རྐྱེན་དང་འབྲེལ་བ་ཡོད་པར་བསྙད་དེ་འཇུ་བཟུང་བྱས་ཡོད་པ་རེད།

གཞན་ཡང་། འདི་གར་གནས་ཚུལ་འབྱོར་དོན་ལྟར་ན། ལོ་སྔོན་མར་འབྲི་རུ་རྫོང་གི་རྒྱལ་གཅེས་དཔའ་བོ་དགུན་འགྲུབ་ལགས་ཀྱིས་རང་སྲེག་བཏང་རྗེས།  རྒྱ་གཞུང་གིས་འབྲི་རུ་རྫོང་ཟླ་ཐང་ཤང་ཁོངས་ཀྱི་འཛོམ་ལྷ་དགའ་ལགས་འཛིན་བཟུང་གིས།  ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་ནས་ལྷ་ས་ཉེ་ཁུལ་ཆུ་ཤུལ་བཙོན་ཁང་ལ་བཙོན་འཇུག་བྱས་ཡོད་པ་དང་།  འདི་ལོའི་ཟླ་བ་བཅུ་པའི་ནང་དུས་བཀག་བཙོན་འཇུག་རྫོགས་ཡོད་ཀྱང་།  ཉེ་ཆར་ཁོང་གི་ཕ་ཡུལ་འབྲི་རུ་རྫོང་དུ་གནས་ཚུལ་གཅིག་རྗེས་གཉིས་མཐུན་གྱིས་བྱུང་ཡོད་སྟབས།  རྒྱ་གཞུང་གང་བྱུང་ལོ་གཅིག་གི་བཙོན་དུས་ཕར་འགྱངས་བྱས་ཏེ་གློད་མེད་པ་རེད།

ཉེ་ཆར་ཕྱི་ཟླ་ ༩ ནས་བཟུང་རྒྱ་གཞུང་གིས་འབྲི་རུ་རྫོང་དུ་ལས་བྱེད་ ༡༨༠༠༠ ལྷག་བཏང་ནས། དམར་ཤོག་པའི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ཆབ་སྲིད་ལས་འགུལ་ཞེས་པ་སྤེལ་ཏེ། དམར་ཤོག་ལ་དགའ་མོས་དང་དྲིན་གཟོ་དགོས་པ་དང་། མི་ཚང་རེའི་ཁང་སྟེང་དུ་རྒྱ་ནག་གི་དར་དམར་སྒྲེངས་འཛུགས་དགོས་པ་སོགས་ཀྱི་བཙན་དྲག་གནའ་གནོན་གྱི་བྱ་སྤྱོད་རིམ་པར་སྤེལ་ཡོད་ཀྱང་། ས་གནས་མང་ཚོགས་ཀྱི་ངོས་ལེན་རྩ་བ་ནས་མ་བྱས་པར་ཞི་བའི་ངོ་རྒོལ་བྱས་ཡོད་སྟབས། རྒྱ་གཞུང་གིས་དྲག་ཆས་དམག་མི་དང་ཉེན་རྟོག་འབོར་ཆེན་འབྲི་རུ་རྫོང་ཁོངས་ཀྱི་གྲོང་སྡེ་ཁག་ནང་འགྲེམས་འཇོག་གིས་དྲག་གནོན་བཀག་སྡོམ་རིམ་པར་བྱས་ཏེ།  ད་ལྟའི་ཆར་འབྲི་རུ་རྫོང་ཁོངས་ཀྱི་བོད་མི་རྣམས་ཧ་ཅང་ཛ་དྲག་གནས་སྟངས་འོག་ལྷག་ཡོད་པ་རེད།

 

 

 

to top