འབྲི་རུ་རྫོང་དུ་བོད་མི་རྩོམ་པ་པོ་ཞིག་དང་ཉེན་རྟོག་ལས་བྱེད་ཟུར་པ་ཞིག་གཉིས་འཇུ་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་འདུག

རྒྱ་གཞུང་ཉེན་རྟོག་པས་འབྲི་རུ་རྫོང་གི་བོད་རིགས་གཞོན་སྐྱེས་རྩོམ་པ་པོ་ཞིག་དང་། ཉེན་རྟོག་ལས་བྱེད་ཟུར་པ་ཞིག་བཅས་བོད་མི་གཉིས་ལ། འབྲི་རུ་རྫོང་དུ་མང་ཚོགས་ཀྱི་ཞི་བའི་ངོ་རྒོལ་སྐབས་ཁྲིམས་འགལ་གྱི་གཏམ་བཤད་སྤེལ་ཡོད་པའི་ཉེས་འཛུགས་འོག་འཇུ་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་གྱུར་ཡོད་པ་རེད།

ཕྱི་ཚེས་ ༡༡ མཚན་ལ་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་པའི་བོད་རིགས་གཞོན་སྐྱེས་རྩོམ་པ་པོ་ཚུལ་ཁྲིམས་རྒྱལ་མཚན་ལགས།
ཕྱི་ཚེས་ ༡༡ མཚན་ལ་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་པའི་བོད་རིགས་གཞོན་སྐྱེས་རྩོམ་པ་པོ་ཚུལ་ཁྲིམས་རྒྱལ་མཚན་ལགས།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡༠ པའི་ཚེས ༡༡ ཉིན་འབྲི་རུ་རྫོང་གི་ཉེན་རྟོག་མི་སྣ་གཤམ་ཆུ་ཤང་སྟེང་མཁར་གྲོང་དུ་ཕྱིན་ཏེ། བོད་ནང་གི་མཚན་མོ་ཆུ་ཚོད་ ༡ ཙམ་ལ་གློ་བུར་དུ་གཞོན་སྐྱེས་རྩོམ་པ་པོ་ཚུལ་ཁྲིམས་རྒྱལ་མཚན་གྱི་ཁྱིམ་དུ་འཛུལ་ཏེ་ཁོང་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་མ་ཟད། རྩོམ་པ་པོ་ཁོང་གི་སྡོད་ཁང་ཕྱི་ནང་ཚང་མར་སྔོག་བཤེར་ནན་མོ་བྱས་ཏེ། ཁོང་གི་གློག་ཀླད་དང་ཁ་པར། དཔེ་དེབ་སོགས་ཀྱང་བཙན་འཁྱེར་བྱས་ཡོད་པ་དང་། ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་ཁོང་གི་གྲོགས་པོ་གཞོན་སྐྱེས་རྩོ་པོ་པོ་གཡུལ་རྒྱལ་ལགས་ཀྱང་འབྲི་རུ་རྫོང་གཤམ་ཆུ་ཤང་སྟེང་མཁར་གྲོང་ནས་གློ་བུར་འཇུ་བཟུང་བཙན་ཁྲིད་བྱས་ཡོད་འདུག
རྒྱ་གཞུང་གིས་གཞོན་སྐྱེས་རྩོམ་པ་པོ་ཚུལ་ཁྲིམས་རྒྱལ་མཚན་དང་གཡུལ་རྒྱལ་གཉིས་ལ། ཉེ་ཆར་ནགས་ཤོད་འབྲི་རུ་རྫོང་མོ་བ་གྲོང་དང་སྨོན་ཁྱིམ་གྲོང་། ཟླ་ཐང་ཤང་བཅས་ཀྱི་མི་མང་གིས་རྫོང་སྲིད་གཞུང་གི་སྒོ་འགྲམ་ཏུ་ཟས་བཅད་མཚན་ཉལ་གྱི་ངོ་རྒོལ་བྱས་པ་སོགས་དང་འབྲེལ་ཡོད་ཚུལ་དང་། ཁོང་གིས་རྫོང་ཐོག་ཏུ་སྐད་འདྲ་མིན་བཤད་དེ་རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་བརྟན་ལྷིང་དཀྲུག་ཤིང་བྱས་པའི་ཉེས་འདོགས་བྱས་ཏེ་འཇུ་བཟུང་བྱས་ཡོད་འདུག

གཞོན་སྐྱེས་རྩོམ་པ་པོ་ཚུལ་ཁྲིམས་རྒྱལ་མཚན་གྱི་སྨྱུག་མིང་ལ་ཞོགས་དྲིལ་ཟེར་ལ། ཁོང་ནི་ཕ་ཡུལ་ཁམས་ནགས་ཤོད་འབྲི་རུ་རྫོང་གཤམ་ཆུ་ཤང་སྟེང་མཁར་གྲོང་ནས་ཡིན་པ་དང་། ད་ལྟ་རང་ལོ ༢༧ ཡིན་འདུག ཆུང་དུས་གཤམ་ཆུ་ཤང་སློབ་ཆུང་འགྲིམས་པ་དང་། ཕྱི་ལོ ༢༠༠༡ ལོར་སྡེ་དགེ་དཔལ་ཡུལ་བཤད་གྲར་ཞུགས་ཏེ། ནང་ཆོས་གཙོས་པའི་བོད་ཀྱི་རིག་གནས་ལ་སྦྱངས་པ་མཛད་ཡོད་པ་མ་ཟད། སྡེ་དགེ་དཔལ་ཡུལ་དང་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་། སྡེ་དགེ་ཞེ་ཆེན། སྡེ་དགེ་རྫོགས་ཆེན། ཡ་ཆེན་སྒར། ཨ་མདོ་རྔ་པ་ཀིརྟི་དགོན་བཅས་སུ་སློབ་སྦྱོང་དང་གྲ་སྐོར་ལ་སོང་ཡོད་པ་རེད།
ཕྱི་ལོ ༢༠༠༩ ལོ་མཇུག་ལ་སྐྱ་སར་བབས་ཏེ་ནུབ་བྱང་མི་རིགས་སློབ་གླིང་དུ་ཞུགས་ནས། ལོ་བཞི་རིང་རྒྱ་ཡིག་གི་ལམ་ནས་རྩོམ་རིགས་སྐོར་ཆེད་སྦྱོང་བྱས་ཡོད་པ་རེད། དེ་བཞིན། ༢༠༠༧ ལོར་ཁོང་གིས << ཁ་བ་ལ་འཁྲེང་བའི་དུང་སེམས་ཀྱི་ཅོང་སྒྲ > དང << གངས་རིའི་ལས་དབང >> ཞེས་པའི་རྩོམ་དེབ་གཉིས་སྔ་ཕྱིར་པར་སྐྲུན་བྱས་རྗེས་ཀློག་པ་པོས་གདེང་འཇོག་གང་ལེགས་ཐོབ་ཡོད། ༢༠༡༢ ལོ་ནས་བཟུང་ནུབ་བྱང་མི་རིགས་སློབ་ཆེན་དུ་ཁོང་དང་སློབ་མ་ཁ་ཅིག་མཉམ་རོབ་ཐོག << མི་རབས་གསར་པ >> ཞེས་པའི་ལོ་དེབ་རྩོམ་སྒྲིག་བྱས་པ་དང་། ཁོང་ལོ་དེབ་དེའི་གཙོ་སྒྲིག་པའི་འགན་འཁུར་བཞིན་ཡོད་འདུག ད་དུང་རྒྱ་ཡིག་གི་ལམ་ནས <<秀真博客 >>རྒྱ་ཡིག་ཟིན་བྲིས་ཞིག་ཀྱང་གཉེར་ཡོད་པ་དང་། ཟིན་བྲིས་དེར་ལྷུག་རྩོམ་དང་སྙན་ངག སྒྱུར་རྩོམ་སོགས་རྩོམ་ལུས་འདྲ་མིན་སྒོ་ནས། << ལྷ་ཤི་འོས >>ཟེར་བ་སོགས་ཀྱི་རྩོམ་ཡིག་སྣ་ཚོགས་སྤེལ་ཡོད་ཀྱང་། རྒྱ་གཞུས་གིས་ད་ལྟ་ཁོང་གི་རྒྱ་ཡིག་ཟིན་བྲིས་ཀྱི་སྒོ་བརྒྱབས་ཚར་ཡོད་པ་རེད། http://xiuzheng.tibetcul.com/131613.html#253254

ཕྱི་ཚེས་ ༡༢ ཉིན་རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་བྱས་པའི་བོད་རིགས་ཉེན་རྟོག་ལས་བྱེད་ཟུར་པ་གཡུལ་རྒྱལ་ལགས།
ཕྱི་ཚེས་ ༡༢ ཉིན་རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་བྱས་པའི་བོད་རིགས་ཉེན་རྟོག་ལས་བྱེད་ཟུར་པ་གཡུལ་རྒྱལ་ལགས།

དེ་བཞིན། རྩོམ་པ་པོ་ཁོང་དང་སློབ་མ་ཁ་ཤས་ཀྱིས་དུས་རྒྱུན་སློབ་གྲྭའི་ནང་རིག་གཞུང་བགྲོ་གླེང་སྣ་ཚོགས་སྐོང་འཚོགས་བྱས་པར། རྒྱ་གཞུང་གིས་བགྲོ་གླེང་དེ་རིགས་ཁྲིམས་འགལ་ཡིན་ཚུལ་སྙོན་འཛུགས་བྱས་ཏེ། ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༥ པའི་ནང་སློབ་མཐར་ཕྱིན་ཉེ་སྐབས་སློབ་གྲྭ་ནས་ཕྱིར་འབུད་བཏང་ཡོད་པ་རེད། དེ་རྗེས་རྩོམ་པ་པོ་ཁོང་ཕྱིར་ནགས་ཤོད་འབྲི་རུ་རྫོང་དུ་ལོག་སྟེ། ཕྱི་ཟླ་ ༦ པའི་ནང་ << མི་རབས་གསར་པའི་མགྲོན་ཁང >> ཟེར་བ་ཞིག་བཙུགས་པ་དང་། ཞོར་དུ་རིག་གནས་སློབ་གཉེར་ཞབས་ཞུའི་འཛིན་གྲྭ་གཉེར་ནས་རིན་མེད་ཐོག་ཕ་ཡུལ་གྱི་ན་གཞོན་ཚོར་བོད་རྒྱ་ཡིག་རིགས་སློབ་ཁྲིད་བྱེད་བཞིན་ཡོད་འདུག
གཞོན་སྐྱེས་རྩོམ་པ་པོ་གཡུལ་རྒྱལ་ནི་ཕ་ཡུལ་ཁམས་ནགས་ཤོད་འབྲི་རུ་རྫོང་གཤམ་ཆུ་ཤང་སྟེང་མཁར་གྲོང་ནས་ཡིན་པ་དང་། ད་ལྟ་རང་ལོ ༢༦ ཡིན་པ་རེད། ཁོང་ཆུང་དུས་གཤམ་ཆུ་ཤང་སློབ་ཆུང་དུ་བསྐྱོད་ཡོད་ལ། ཕྱི་ལོ་ ༢༠༠༥ ལོར་རྫོང་ཉེན་རྟོག་ལས་ཁུངས་སུ་ལས་གནས་བསྐོ་བཞག་བྱས་རྗེས། ཁོང་གིས་ལོ་ ༧ རིང་ཉེན་རྟོག་ལས་ཀ་བྱས་མྱོངས་ཡོད་པ་རེད། ཉེན་རྟོག་པའི་ལས་ཀ་ནི་ཆབ་སྲིད་ཀྱི་ལས་ཀ་རྐྱང་ཡིན་ལ་ཧ་ཅང་བྱེད་མི་བདེ་བའི་དབང་གིས། ༢༠༡༢ ལོར་ཁོང་རང་འགུལ་གྱིས་ལས་གནས་ལས་རྩ་དགོངས་ཞུས་རྗེས། རྫོང་ཐོག་ཏུ་ཚོང་ལས་གཉེར་ནས་བསྡོད་ཡོད་འདུག ཁོང་གི་བཟའ་ཟླའི་མིང་ལ་ལྷ་སྐྱིད་སྒྲོལ་མ་ཟེར་ལ། བུ་ཕྲུག་གཉིས་ཡོད་འདུག

གཞོན་སྐྱེས་རྩོམ་པ་པོ་ཚུལ་ཁྲིམས་རྒྱལ་མཚན་ལགས་ཀྱིས་རྩོམ་འབྲི་དང་རྩོམ་སྒྲིག་གནང་བའི་དེབ།
གཞོན་སྐྱེས་རྩོམ་པ་པོ་ཚུལ་ཁྲིམས་རྒྱལ་མཚན་ལགས་ཀྱིས་རྩོམ་འབྲི་དང་རྩོམ་སྒྲིག་གནང་བའི་དེབ།

རྒྱ་གཞུང་གིས་འབྲི་རུ་རྫོང་ནི་བོད་རང་སྐྱོང་ལྗོངས་ཡོངས་སུ་དམར་ཤོག་པའི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་བསྟར་གྱི་ཚོད་ལྟའི་ས་ཁུལ་དུ་བདམས་ཏེ། བཙན་དྲག་གི་བྱེད་ཐབས་སྤྱད་དེ་བོད་རིགས་ཞང་འབྲོག་མང་ཚོགས་ཐོག་གཉའ་གནོན་དྲིལ་བསྒྲགས་ཀྱི་སྲིད་ཇུས་སྤེལ་བར་བརྟེན་ནས། མང་ཚོགས་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱུར་ཏེ། ཕྱི་ཟླ་ ༩ ཚེས་ ༢༨ ནས་བཟུང་གྲོང་སྡེ་ས་ཁུལ་སོ་སོའི་ནང་མང་འདུ་འཛོམས་ཀྱི་ཞི་བའི་ངོ་རྒོལ་རིམ་པར་བྱུང་རྗེས། ཉེས་མིང་སྣ་ཚོགས་འོག་གྲྭ་བཙུན་དང་རྩོམ་པ་པོ་སོགས་བོད་རིགས་ཤེས་ལྡན་པ་མང་པོ་སྔ་ཕྱིར་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་རེད།
དེ་བཞིན། བོད་མི་དེ་དག་འཇུ་བཟུང་སྐབས་སུ། རྒྱ་གཞུང་ཉེན་རྟོག་པས་ཁྲིམས་འགལ་གྱི་སྒོ་ནས་མཚན་དཀྱིལ་ལ་མི་ཚང་ནང་འཛུལ་ཡོང་སྟེ། མི་གསོན་པོ་བརྐུ་འཕྲོག་གི་ཇག་སྤྱོད་འབའ་ཞིག་སྤྱད་དེ། ཐ་ན་ནང་མི་བཟའ་ཚང་གི་མགོ་བོ་བཙན་གྱིས་བཏུམ་སྟེ་མཐོང་མ་བཅུག་པར། བོད་མི་དེ་དག་གི་གསང་བའི་ཐོག་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་འགྱུར་བཞིན་ཡོད་པ་རེད། རྒྱ་གཞུང་གི་བྱ་སྤྱོད་དེ་རིགས་འགྲོ་བའི་གཞི་རྩའི་ཐོབ་ཐང་དང་ཀུན་སྤྱོད་ལ་མཐའ་གཅིག་ཏུ་རྒྱབ་འགལ་ཆགས་ཡོད། རྒྱ་གཞུང་གི་ཁྲིམས་མེད་ལུགས་མེད་ཀྱི་མི་རིགས་གཉའ་གནོན་གྱི་བྱ་སྤྱོད་དེ་དག་གི་རྐྱེན་པས། ས་གནས་བོད་རིགས་ཡུལ་མི་ཚོས་རྒྱ་གཞུང་ལ་བོད་མི་དེ་དག་གློད་བཀྲོལ་དགོས་པའི་མང་ཚོགས་རང་བཞིན་གྱི་ཞུ་འབོད་ངོ་རྒོལ་རིམ་པ་བྱུང་བཞིན་ཡོད་པ་རེད།

to top