ཉེ་ཆར་རྒྱ་གཞུང་གིས་གྲྭ་སྐལ་བཟང་ཆོས་གླང་ལགས་ལ་ལོ་ ༡༠ དང་། རྡོ་རྗེ་གྲགས་རྩལ་ལགས་ལ་ལོ་ ༡༡ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། བོད་མི་གཞོན་སྐྱེས་དཀོན་མཆོག་གྲགས་པ་ལགས་འཇུ་བཟུང་འོག་གཅར་རྡུང་དྲག་པོ་བཏང་སྟེ་དམར་གསོད་བཏང་ཡོད་པ་རེད། དེ་བཞིན། གྲྭ་ཚུལ་ཁྲིམས་སྙན་གྲགས་ལགས་ལོ་སྔོན་མའི་ལོ་མཇུག་ལྷ་ས་ནས་འཛིན་བཙན་འཁྲིད་རྗེས་ད་ལྟའི་བར་གར་སོང་ཆ་མེད་གྱུར་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༣ ཉིན། བོད་ཀྱི་རྒྱལ་ས་ལྷ་ནས་ལྟར་མོས་དགོན་པའི་རྒན་ངག་དབང་འཇམ་དབྱངས་ལགས་དང་གྲྭ་སྐལ་བཟང་ཆོས་གླང་གཉིས་འཇུ་བཟུང་བྱས་རྗེས། བཀག་ཉར་སྐབས་འདྲི་གཅོད་གཅར་རྡུང་ཡ་ང་བ་བྱས་ཏེ་རྒན་ངག་དབང་འཇམ་དབྱངས་ལགས་དམར་གསོད་བཏང་ཡོད་པ་ལྟར། ཕྱི་ལོ་ ༢༠༡༤ ཟླ་ ༡ ནང་གྲྭ་སྐལ་བཟང་ཆོས་གླང་ལགས་ལ་ ༡༠ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག
གྲྭ་སྐལ་བཟང་ཆོས་གླང་ལགས་ནི་འབྲི་རུ་རྫོང་ཚྭ་ཆུ་ཞང་ཨུ་ཐང་གྲོང་ནས་པ་དང་། ཁོང་ནི་ས་གནས་མང་ཚོགས་ལ་བོད་རང་གི་ཤེས་ཡོན་སྲུང་སྐྱོབ་དང་མི་རིགས་ནང་ཁུལ་ཕན་ཚུན་མཐུན་སྒྲིག་དགོས་པའི་ཡར་རབས་སློབ་གསོ་གཏོང་མཁན་ཞིག་ཡིན་སྟབས། རྒྱ་གཞུང་གིས་ཁོང་ལ་མི་མང་འདུ་འཛོམས་བྱེད་བཅུགས་པའི་ཉེས་མིང་བཏགས་ནས་འཇུ་བཟུང་ཁྲིམས་ཐག་བཅད་ཡོད་པ་རེད།
ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༣ ཉིན། འབྲི་རུ་རྫོང་ཟླ་ཐང་ཞང་གཡང་ཐང་གྲོང་ཚོ་བཞི་པ་ནས་ཡིན་པའི་བོད་མི་རྡོ་རྗེ་གྲགས་རྩལ་ལགས་རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་ལྟར། ཕྱི་ལོ་ ༢༠༡༤ ཟླ་ ༡ ནང་རྒྱ་གཞུང་གིས་ཁོང་ལ་ལོ་ ༡༡ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག རྒྱ་གཞུང་གིས་ཁོང་བཀལ་བའི་ནག་ཉེས་ནི་དེ་སྔོན་གནས་རི་ནགས་ལྷའི་གཏེར་ཁ་སྔོག་འདོན་ལ་བཀག་འགོག་བྱེད་མཁན་གཙོ་གྲས་ཡིན་པའི་ཐད་ནས་ལོ་ ༧ དང་། མི་གཞན་པར་དངུལ་མང་པོ་བསྐྱི་གཡར་བྱས་པར་ལོ་ ༣ ། རྒྱ་གཞུང་གི་བཅའ་སྡོད་ལས་བྱེད་མི་སྣ་བཀག་འགོག་བྱས་པར་ལོ་ ༡ བཅས། ཁྱོན་བསྡོམས་ལོ་ ༡༡ ཁྲིམས་ཐག་བཅད་ཡོད་པ་རེད།
གཞན་ཡང་། ཕྱི་ལོ་༢༠༡༣ ཟླ་ ༡༢ ནང་། ཁམས་འབྲི་རུ་རྫོང་འབྲི་རུ་ཞང་ལྕམ་རམ་གྲོང་གི་ན་གཞོན་དཀོན་མཆོག་གྲགས་པ་ལགས། རྒྱ་གཞུང་གིས་འཛིན་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་གྱུར་ཡོད་པ་ལྟར། ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༠ ཡས་མས་ཙམ་ལ། རྒྱ་གཞུང་ཉེན་རྟོག་པས་བཙོན་ཁང་ནང་ཁོང་ལ་ཉེས་རྡུང་ཚད་མེད་བཏང་སྟེ་དམར་གསོད་བྱས་རྗེས། ཕུང་པོ་ནང་མིར་རྩིས་སྤྲོད་བྱས་ཡོད་པ་དང་། ཕུང་པོ་རྩིས་སྤྲོད་སྐབས་གནས་ཚུལ་དེའི་སྐོར་ཕྱིར་སྒྲོག་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་རེད།
རྒྱ་གཞུང་གིས་དཀོན་མཆོག་གྲགས་པ་ལགས་འཛིན་བཟུང་དམར་གསོད་གཏོང་དགོས་དོན་ནི། ཕྱི་ལོ་ ༢༠༡༣ ཟླ་ ༥ པའི་ནང་གནས་རི་ནགས་ལྷ་འཛམ་བྷར་གཏེར་ཁ་བསྔོག་འདོན་སྐབས། རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་རྐྱེན་གྱིས་ཡིན་པར་ས་གནས་ཡུལ་མིས་ངོས་འཛིན་བྱེད་ཀྱི་ཡོད་འདུག
དེ་བཞིན། ཕྱི་ལོ་ ༢༠༡༣ ཟླ་ ༡༢ པའི་ནང་། ཁམས་འབྲི་རུ་རྫོང་ཚ་ཆུ་ཞང་རབ་བརྟན་དགོན་པའི་གྲྭ་ཚུལ་ཁྲིམས་སྙན་གྲགས་ལགས་ལྷ་ས་ནས་འཛིན་བཟུང་བྱས་ཡོད་པ་མ་ཟད། ད་ལྟའི་བར་དུ་གནས་ཚུལ་གང་ཡང་ཤེས་རྟོགས་མི་ཐུབ་པར་གར་སོང་ཆ་མེད་ཆགས་ཡོད་འདུག
ས་གནས་ཡུལ་མིས་བརྗོད་དོན་ལྟར་ན། དེང་སྐབས་འབྲི་རུ་རྫོང་དུ་བོད་མི་འཛིན་བཟུང་བྱས་པའི་གྲངས་འབོར་སྟོང་ཕྲག་བརྒལ་ཡོད་པ་མ་ཟད། ད་དུང་ཉེས་མིང་སྣ་ཚོགས་འོག་བོད་མི་འཇུ་བཟུང་གི་གྲངས་འབོར་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད་འདུག ཡིན་ནའང་། འབྲི་རུ་རྫོང་རྒྱ་གཞུང་གིས་དམ་དྲག་ཧ་ཅང་ཆེ་པོ་བྱས་ཡོད་སྟབས། གནས་ཚུལ་མང་པོ་ཞིག་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། ནག་ཆུ་ས་ཁུལ་གྱི་ཤར་ཕྱོགས་རྫོང་གསུམ་ནང་དྲ་ལམ་ཡོངས་རྫོགས་བཀག་ནས། ཕན་ཚུན་འབྲེལ་བ་བྱེད་ཁག་པོ་ཆགས་ཡོད་འདུག