འབྲི་རུ་རྫོང་ཁོངས་སུ་བོད་མི་མང་པོ་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་འགྱུར་བཞིན་འདུག

གཡོན་ནས་བརྩིས་ཏེ་དང་པོ་ཡར་ལྡིང་གྲོང་ཚོའི་ཟླ་བ་ལྷུན་གྲུབ་དང་། གཉིས་པ་ཤུགས་ལྡིང་དགོན་པའི་གྲྭ་བྱམས་པ་དགེ་ལེགས། གསུམ་པ་ཤུགས་ལྡིང་དགོན་པའི་གྲྭ་སྐལ་རྣམ།
གཡོན་ནས་བརྩིས་ཏེ་དང་པོ་ཡར་ལྡིང་གྲོང་ཚོའི་ཟླ་བ་ལྷུན་གྲུབ་དང་། གཉིས་པ་ཤུགས་ལྡིང་དགོན་པའི་གྲྭ་བྱམས་པ་དགེ་ལེགས། གསུམ་པ་ཤུགས་ལྡིང་དགོན་པའི་གྲྭ་སྐལ་རྣམ།

ཉེ་ཆར་འབྲི་རུ་རྫོང་དུ་རྒྱ་དམག་གིས་བོད་རིགས་མང་ཚོགས་ལ་དྲག་གནོན་གྱིས་ཛ་དྲག་གནས་ཚུལ་བྱུང་བའི་རྗེས།  རྒྱ་གཞུང་ཉེན་རྟོག་པས་སྔ་ཕྱིར་བོད་མི་མང་པོ་འཇུ་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་འགྱུར་བཞིན་ཡོད་པ་མ་ཟད།  ནག་ཆུ་ས་ཁུལ་ཕྱི་ལོགས་ཀྱི་མདོ་སྟོད་སྨད་ཁུལ་གྱི་དགོན་སྡེ་ཁག་ནང་སློབ་གཉེར་བྱེད་བཞིན་པའི།  ཕ་ཡུལ་འབྲི་རུ་རྫོང་ཁོངས་ནས་ཡིན་པའི་གྲྭ་བཙུན་ལ་རྣམས་ལའང་དྲི་གཅོད་བཀག་སྡོམ་བྱེད་མགོ་བརྩམས་ཡོད་འདུག

 

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན།  ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༥ ཉིན།  རྒྱ་གཞུང་ཉེན་རྟོག་པས་ཁ་པར་དང་བརྒྱུད་ལམ་ཁག་ནས་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་འཛུགས་འོག   འབྲི་རུ་རྫོང་གཤམ་ཆུ་ཞང་ཡར་ལྡིང་གྲོང་ནས་བོད་མི་ཟླ་བ་ལྷུན་གྲུབ་དང་བཙུན་མ་བྱམས་པ་གཉིས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག  རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ད་ལྟའི་ཁོངས་ལྟར་བྱས་ན།  ཁོང་གཉིས་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་གཤམ་ཆུ་ཞང་ཡར་ལྡིང་གྲོང་ཚོ་ནས་ཡིན་ལ། ཟླ་བ་ལྷུན་གྲུབ་ད་ལྟ་རང་ལོ་ ༡༩ དང་། བཙུན་པ་བྱམས་པ་རང་ལོ་ ༢༠ ཡིན་འདུག

 

ཟླ་བ་ལྷུན་གྲུབ་དང་བཙུན་མ་བྱམས་པ་གཉིས་འཇུ་བཟུང་བཙན་འཁྲིད་བྱས་རྗེས། ཡར་ལྡིང་གྲོང་དཔོན་ཨ་ཅུང་དང་ཨ་བུ་ནམ་མཁའ་གཉིས་གཙོས་པའི་ས་གནས་ཡུལ་མི་སྐོར་ཞིག་རྫོང་ཉེན་རྟོག་ལས་ཁུངས་ལ་སོང་སྟེ། འཇུ་བཟུང་བཙན་འཁྲིད་བྱས་པའི་བོད་མི་དེ་གཉིས་ཀྱིས་ཁྲིམས་འགལ་གྱི་ནག་ཉེས་གང་ཡང་བསགས་མེད་སྟབས།  གློད་བཀྲོལ་གཏོང་དགོས་པའི་རེ་འདུན་བཏོན་ཡོད་ཀྱང་།  རྒྱ་གཞུང་ཉེན་རྟོག་པས་ཁོང་ཚོའི་རེ་སྐུལ་སྣང་མེད་དུ་བཏང་སྟེ་དོན་འབྲས་གང་ཡང་བྱུང་མེད་པ་དང་།  ད་ལྟའི་ཆར་ནང་མི་ཉེ་འབྲེལ་སུ་གང་ཡང་ཁོང་གཉིས་ལ་ཐུག་འཕྲད་བྱེད་བཅུག་མེད་པ་རེད།

 

དེ་བཞིན། ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས ༡༧ ཉིན།  རྒྱ་གཞུང་ཉེན་རྟོགས་པས་ཤུགས་ལྡིང་དགོན་པའི་དགེ་འདུན་པ་བྱམས་པ་ལེགས་བཤད་དང་། སྐལ་རྣམ་གཉིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་གློ་བུར་འཇུ་བཟུང་བཙན་འཁྲིད་བྱས་ཡོད་ལ།  ཁོང་གཉིས་ལའང་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་འཛུགས་བྱས་ཡོད་འདུག དགེ་འདུན་པ་བྱམས་པ་ལེགས་བཤད་དང་སྐལ་རྣམ་གཉིས་ནི།  རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ས་ཁོངས་ལྟར་བྱས་ན།  ནག་ཆུ་ས་ཁུལ་འབྲི་རུ་རྫོང་གཤམ་ཆུ་ཞང་ཡར་ལྡིང་གྲོང་ཚོ་ནས་ཡིན་པ་རེད། ད་ལྟ་ཁོང་གཉིས་ག་རང་ལོ་ ༢༠ ཡིན་འདུག་ལ།  ཁོང་གཉིས་ལྷ་སར་བསླེབས་ནས་ཟླ་གཅིག་ལྷག་རིང་འགྲོ་བཞིན་ཡོད་འདུག

བྱིས་པ་གསུམ་གྱི་ཨ་མ་ཡིན་པའི་རྩྭ་ལ་ཞང་གྲོང་ཚོ་དང་པོའི་བུད་མེད་སྐལ་བཟང་།
བྱིས་པ་གསུམ་གྱི་ཨ་མ་ཡིན་པའི་རྩྭ་ལ་ཞང་གྲོང་ཚོ་དང་པོའི་བུད་མེད་སྐལ་བཟང་།

གཞན་ཡང་།  ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༡ ཉིན་གྱི་སྔ་དྲོ།  རྒྱ་གཞུང་ཉེན་རྟོག་པས་ནག་ཆུ་ས་ཁུལ་མཁར་གྲོང་གི་མཐོ་སྒང་ལམ་བདེ་བྱང་མགྲོན་ཁང་གི་སྒོ་འགྲམ་ནས།  བུ་ཕྲུག་གསུམ་གྱི་ཨ་མ་ཡིན་པའི་བོད་རིགས་བུད་མེད་ཅིག་གློ་བུར་འཇུ་བཟུང་བཙན་འཁྲིད་བྱས་འདུག ཁོ་མོའི་མིང་ལ་སྐལ་བཟང་ཟེར་ལ།  ཁོ་མོར་བྱིས་པ་བུ་མོ་གསུམ་ཡོད་པའི་ཁྲོད་ནས།   བུ་མོ་ཆུང་ཤོས་བཀྲ་ཤིས་ལྷ་མོ་ལོ་ ༤ ཡིན་པ་དང་།  འབྲིང་བ་མི་ངལ་ལྷ་མོ་ལོ་ ༩ །  ཆེ་བ་སྲིད་ཐར་ཚེ་མཚོ་ལོ་ ༡༡ བཅས་ཡིན་པ་རེད།   རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ས་ཁོངས་ལྟར་བྱས་ན།  སྐལ་བཟང་ནི་ནག་ཆུ་ས་ཁུལ་འབྲི་རུ་རྫོང་རྩྭ་ལ་ཞང་གྲོང་ཚོ་དང་པོ་ནས་ཡིན་རེད།

 

སྐལ་བཟང་ལགས་ནི་ཁྱིམ་ལས་ཙག་ཙིག་གཉེར་མཁན་གྱི་བོད་རིགས་བུད་མེད་དཀྱུས་མ་ཞིག་ཡིན་པ་རེད། རྒྱ་གཞུང་ཉེན་རྟོག་པས་ཁོ་མོའི་ལག་ཁྱེར་ཁ་པར་ནང་།  ༧གོང་ས་མཆོག་གི་སྐུ་པར་དང་བོད་མི་རིགས་ཀྱི་ལར་ཞེན་མཚོན་པའི་གླུ་གཞས་ཡོད་པར་ཉེས་འཛུགས་ཀྱིས་འཇུ་བཟུང་བྱས་ཡོད་པ་རེད།  ཁོ་མོ་འཇུ་བཟུང་བྱས་རྗེས་ནང་མི་སྤུན་མཆེད་དག་ས་གནས་རྒྱ་གཞུང་འབྲེལ་ཡོད་ལས་ཁུངས་སུ་བཅར་ཏེ། འཇུ་བཟུང་བྱེད་དགོས་དོན་དང་ད་ལྟ་ཁོ་མོ་གར་ཡོད་ཀྱི་གནས་ཚུལ་དྲིས་ཡོད་ཀྱང་། འབྲེལ་ཡོད་རྒྱ་གཞུང་མགོ་ཁྲིད་ནས་ཁོ་མོ་གང་དུ་ཡོད་མེད་ཤེས་ཀྱི་མེད་ཚུལ་དང་། གནད་དོན་ཐག་གཅོད་བྱས་མ་ཚར་བར་དུ་གསལ་བཤད་གང་ཡང་བྱ་རྒྱུན་མིན་སྐོར་བརྗོད་ཡོད་པ་རེད། ད་ལྟའི་ཁོ་མོ་གང་དུ་བཀག་ཉར་བྱས་ཡོད་མེད་དང་། གཅར་རྡུང་རྨས་སྐྱོན་སོགས་བྱུང་མེད་ཀྱི་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་མི་འདུག

 

ད་ལྟའི་ཆར་འབྲི་རུ་རྫོང་ཁོངས་སུ་བོད་མི་མང་པོ་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་འགྱུར་བཞི་པའི་ཛ་དྲག་གནས་ཚུལ་མང་པོ་བྱུང་གི་ཡོད་ཀྱང་།  འབྲི་རུ་རྫོང་གཙོས་ནག་ཆུ་ས་ཁུལ་ཡོངས་སུ་ཁ་པར་དང་དྲ་རྒྱ་སོགས་ལ་བརྒྱུད་ལམ་ཁག་བཀག་སྡོམ་ནན་མོ་བྱས་ཡོད་སྟབས། ས་གནས་སུ་བྱུང་བཞིན་པའི་གནས་ཚུལ་རྣམས་ཤེས་རྟོགས་ཐུབ་ཁག་པོ་ཆགས་ཡོད་འདུག   དེ་བཞིན།  ཉེ་ཆར་ནས་བཟུང་ནག་ཆུ་ས་ཁུལ་ཕྱི་ལོགས་ཀྱི་མདོ་སྟོད་སྨད་ཁུལ་གྱི་བོད་པའི་དགོན་སྡེ་ཁག་ནང་སློབ་གཉེར་བྱེད་བཞིན་པའི།  ཕ་ཡུལ་འབྲི་རུ་རྫོང་ཁོངས་ནས་ཡིན་པའི་གྲྭ་བཙུན་རྣམས་ལའང་དམ་དྲག་འདྲི་གཅོད་བྱེད་མགོ་བརྩམས་ཡོད་འདུག

 

འདི་ལོ་བོད་རང་སྐྱོང་ལྗོངས་ས་གནས་རྒྱ་གཞུང་གིས།  འབྲི་རུ་རྫོང་ནི་ལྗོངས་ཡོངས་སུ་དམར་ཤོག་པའི་མང་ཚོགས་ལམ་ཕྱོགས་སློབ་གསོ་ཁྱབ་བརྡལ་གཏོང་བའི་ཐོག་མའི་ཚོད་ལྟའི་ས་ཁུལ་དུ་བསྒྲགས་ཏེ།  མི་སེར་སྤེལ་བའི་བཙན་དྲག་དབང་ཡོད་ཀྱི་སྲིད་བྱུས་ཁོ་ན་སྤྱད་ནས།  འབྲི་རུ་རྫོང་གི་གྲོང་སྡེ་སོ་སོའི་ནང་དམར་ཤོག་ལ་དགའ་ཞེན་གྱི་རིག་རྩེད་འཁྲབ་སྟོན་དང་། རྒྱ་གཞུང་དར་དམར་བསྒྲེངས་འཛུགས། རྒྱལ་གཅེས་ཆོས་གཅེས་སློབ་གསོ་སོགས་ཀྱི་ལས་འགུལ་སྤེལ་བར་བརྟེན་ནས།  ས་གནས་བོད་རིགས་མང་ཚོགས་ཀྱིས་ཞི་བའི་ངོ་རྒོལ་རིམ་པར་བྱུང་དང་འབྱུང་བཞིན་ཡོད་པ་རེད།

 

ཡིན་ནའང་། རྒྱ་གཞུང་གིས་རང་ཉིད་ཀྱི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་དེ་མཚམས་འཇོག་དང་།  བོད་མི་མང་གི་མངོན་འདོད་དངོས་ལ་བརྩི་འཇོག་གང་ཡང་མ་བྱས་པར།  མུ་མཐུད་དུ་གོ་མཚོན་ཁོ་ན་སྤྱད་དེ་བོད་རིགས་མང་ཚོགས་ལ་དྲག་གནོན་རྡུང་རྡེག་དང་། རྒྱལ་ཁབ་ཁ་བྲལ་དང་གསང་བ་ཕྱིར་བསྒྲགས་སོགས་ཀྱི་ཉེས་མིང་སྣ་ཚོགས་བཏགས་སྟེ།    ཁྲིམས་མཐུན་འགྲོ་ལུགས་གང་ཡང་མེད་པའི་ཐོག་ནས།  བོད་མི་མང་པོ་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་འགྱུར་ཡོད། རྒྱ་གཞུང་གི་བྱེད་བབས་འདི་ནི་རྒྱལ་སྤྱིའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་། རྒྱ་གཞུང་རང་ཉིད་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ལའང་འགལ་ཡོད།

to top